ཨ་ཕའི་སྒལ་གཞུང་།
ངའི་དྲན་ཤེས་ཀྱི་ཐོག་མ་ནི་ཨ་མའི་རྐང་ལག་གི་སེར་ག་དང་ཨ་ཕའི་ཤ་རྒོད་བསྣོལ་བའི་སྒལ་གཞུང་ཡིན་སྲིད། ད་དུང་ངའི་སྣབས་ཆུ་ཕྱིས་མྱོང་བའི་ཝུ་ཆགས་པའི་ལག་ཟུང་དག ས་རྡུལ་སྐྱ་བོའི་འོག་ཏུ་འཛུམ་དམུལ་བའི་ངོ་གདོང་དག
ལས་མཚམས་བཞག་པའི་ཕ་མ་གཉིས་ཕྱིར་ལོག་པའི་དགོང་སྲོད་རེ་རེར། ངའི་ཉིན་གཅིག་གི་བྱེ་འདམ་ཁྲོད་ཀྱི་རྩེད་མོ་རྩེ་མཚམས་བཞག་པའི་དགོང་སྲོད་རེ་རེར། ང་རང་། ཡངས་ཤིང་དྲོ་བའི་ཨ་ཕའི་སྒལ་གཞུང་ལ་འཁྱུད་ནས་གེ་སར་སྒྲུང་ལ་ཉན་པར་འགྲོ་ཞིང་། རྟ་ཕོ་ཁྲི་མ་འབུམ་གྱི་རྨིག་སྒྲའི་ཁྲོད་དུ། མི་ཕོ་ཁྲིམ་འབུམ་གྱི་རྒྱོབ་སོད་ཁྲོད་དུ། ཨ་ཕའི་སྒལ་གཞུང་ལ་འཁྱུད་ནས་གཉིད་སྲིད།
དཔའ་རྟུལ་སུམ་ཅུ། སེང་སྟག་མི་སྤྱང་དཀར་བོ། གྲི་ལེང་ཆེན་མི་ཡི་བཤའ་གྲི……ངའི་རྨི་ལམ་གྱི་ཟབ་སར་མདའ་མཚོན་གྱི་ཆར་བ་བབས ཁྲག་དྲོན་གྱི་འཁོར་ལོ་བསྐོར རྨི་ལམ་དེ་ཁོ་ནས ངའི་བྱིས་དུས་ཧྲིལ་བོའི་དཀྲེས་སྐོམ་མཐའ་དག་སེལ་བར་བྱས།
དུས་དེར། ཨ་ཕའི་སྒལ་གཞུང་ལ་བསྙེས་ནས། ངས་གླིང་ཕུ་ནུའི་དཔའ་སྤོབས་མིག་གིས་བཟུང་ཞིང་། དམན་འབྲུག་མོའི་མཚར་སྡུག་སེམས་ཀྱིས་འཚོས།
དུས་དེར། ཨ་ཕའི་སྒལ་གཞུང་ནི་ངའི་འཁྱག་མི་སྲིད་པའི་ཚ་ཐབ་ཡིན།
ནར་སོན་རྗེས། ངས་ལང་ཚོ་དང་ཚེ་སྲོག་གི་རུ་དར་འཕྱར་གྱིན། གསལ་བཤད་སུམ་ཅུའི་ལས་དམག་ལ་ཁ་ལོ་བསྒྱུར་གྱིན། བུ་ཡུག་འཚུབ་པའི་གངས་ཐང་དུ། མཛེས་པ་དང་བདེན་དྲང་གི་ལྕགས་རི་དཀར་ཚེགས་ཀྱིས་རྩིག་དུས་ཀྱང་། ཨ་ཕའི་སྒལ་གཞུང་ནི་སྔར་བཞིན་པའི་འཁྱག་མི་སྲིད་པའི་དྲོད་ཐིག་ཁོ་ན།
རྩོམ་ཁུངས། ༢༠༠༥ལོའི་རིག་གནས་ཡར་འཕེལ།