ལག་པ།
མཐེབ་རྒན་ན་རེ། “ཕར་ཁའི་རི་ན་གཡག་རྒན་ཞིག”
གོང་མཛུབ་ན་རེ། “དེད་ནས་ཡོང་སྟེ་བཤའ་ལ་འཇོག”
དཀྱིལ་མཛུབ་ན་རེ།“བཤའ་ཨེ་ཉན་མི་ཉན་སུས་ཤེས”
སྲིན་མཛུབ་ན་རེ། “ཨོང་བ་འཐུ་བཞིན་ལྟ་འདུག”
ཨ་ངན་ན་རེ། “འོ་ཉོག་ཟོས་ནས་གཉིད་སྡོད”ཟེར་ནས་ལག་པའི་མཛུབ་མོ་ལྔ་བོས་རིམ་པ་བཞིན་མགོ་བོ་ཐུར་ལ་སྒུག་རྗེས་ཁུ་ཚུར་དུ་གྱུར། ལག་མཐིལ་གསེར་གྱི་གཞོང་བ་ཡིན། ལག་ཚིགས་དར་གྱི་མདུད་པ་ཡིན། གྲུ་ཁུག་ཁྱི་མོ་ཉལ་ས་ཡིན། ཕྲག་མགོ་སོ་བའི་དེའུ་མགོ་ཡིན། སྐེ་ཁུག་ཇག་པ་སྐུང་ས་ཡིན། ཟེར་བཞིན་བུ་ལོའི་མཆན་ལ་བཞད་གད་སློང་བའི་རྩེད་མོ་བགྱིས་པས།ཧ་ཧ་ཧོ་ཧོ་ཨ་མ་ལོ་ལོ། ངེད་མ་བུ་གཉིས་ཀྱི་དགོད་སྒྲས་གཟིམ་ཁང་གང་བར་བཟོས།
རེད་ཡ། མི་སུ་དང་སུ་ལའང་འདི་ལྟ་བུའི་ལག་པ་རིན་པོ་ཆེ་ཞིག་ལྡན་ཚེ། མི་སུ་དང་སུས་ཀྱང་རྩེད་མཚར་འདི་བཀོལ་ཆོག ཡང་མི་སུ་དང་སུ་ཞིག་གིས་རང་གི་ལག་པ་འདི་རང་ཁ་གསོ་སྤྱད་ཀྱི་ཡན་ལག་ཞིག་ཡིན་པ་ཤེས་ཡོད་དམ།ལག་པ་ཞེས་པ་དེ་སྤྱི་ཚོགས་ཤིག་ཡིན་ན་མཛུབ་མོ་རྣམས་ནི་སྤྱི་ཚོགས་དེའི་གྲུབ་ཆ་ལྟ་བུ་ཡིན།མཛུབ་མོ་དེ་དག་ལ་འདྲ་མཉམ་མིན་པའི་རིང་ཐུང་ཅི་འདྲ་མཆིས་ཀྱང་དེའི་ནང་གི་གཅིག་ཀྱང་མེད་དུ་མི་རུང་།མཛུབ་མོ་མེད་པའི་ལག་པ་དེ་ནམ་ཡང་མཐུན་སྒྲིལ་གྱི་ཁུ་ཚུར་དུ་འགྱུར་མི་སྲིད་པ་དང་གཅིག་གྱུར་གྱི་སྟོབས་ཤུགས་སྤེལ་མི་ནུས།རང་ལ་ལག་པ་ཡོད་བཞིན་དུ་རང་གི་ལག་པ་མི་འགུལ་བའི་ལེ་ལོ་ཅན་དེ་ནམ་ཡང་ཨ་མའི་བུ་རྒོད་དུ་འགྱུར་མི་སྲིད་པའི་གནས་ལུགས་རྣམས་རྟོགས་སུ་ཆུགས་བུ་མོ་ལགས།
རྩོམ་ཁུངས། སྙན་ངག་དེབ