དཔེ་ཁང་ཕྱི་ཡི་ “གསར་བརྗེ”དང་ནང་གི་མནོ་བསམ། ༢
“མི་རབས་གསུམ་པ”
“མི་རབས་གསུམ་པ”ཞེས་པའི་ན་གཞོན་སྙན་ངག་པའི་ཚོགས་པ་འདི་ནི་2005ལོའི་ཟླ་6པའི་ཚེས་30ནས་ཟླ་7པའི་ཚེས་2ཉིན་བར་མཚོ་སྔོན་པོ་ནས་བསྡུས་པའི་“སྙན་ངག་གྱེར་འདོན་འདུ་ཚོགས་ལང་ཚོའི་རྦབ་ཆུ་སྐབས་གཉིས་པ”ཡི་སྟེང་དངོས་སུ་དབུ་བརྙེས་ཚུལ་ཁྱབ་བསྒྲགས་བྱས་ཤིང་།ད་དུང་སྐྱབས་ཆེན་བདེ་གྲོལ་ཀྱིས་དེ་འབྲེལ་གྱི་བསྒྲགས་གཏམ་ཞིག་ཀྱང་སྒྲོག་འདོན་བྱས།2006ལོའི་ཟླ་7པ“སྐབས་དང་པོའི་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས ”དེ་གནམ་མཁར་ཟི་ལིང་དུ་བསྡུས།ཚོགས་ཐོག་ཏུ་“ཐོག་མར་འདུ་ཚོགས་ཀྱི་དང་བླངས་ལས་མི་སྐྱབས་ཆེན་བདེ་གྲོལ་དང་ཁྲི་སེམས་དཔའ་གཉིས་ཀྱིས་སོ་སོར་<<བྱ་བ་ལམ་དུ་སོང་བ་ཞིག་ལ་སྙན་ངག་རྙེད་བྱུང་>>ཞེས་པ་དང<<གཏོར་བརླག་གི་ཡོན་ཏན་དང་ཉེས་དམིགས>>ཞེས་པ་སྒྲོག་སྦྱོང་གནང་སྟེ་བོད་ཀྱི་དེ་སྔའི་སྙན་ངག་རྩོམ་ཐབས་མི་འདྲ་བ་གསུམ་སྟེ་མེ་ལོང་མའི་ལུགས་དང་།དོན་གྲུབ་རྒྱལ་རང་གྲོལ་གྱི་ལུགས།འཇུ་སྐལ་བཟང་གི་ལུགས་བཅས་དང་གྱེས་ཕྱག་འཚལ་ཞིང་།མི་རབས་གསུམ་པ་ནི་ཚོགས་པ་ཞིག་ཡིན་པ་ལས་གྲུབ་མཐའ་ཞིག་མིན་པ་དང་།གལ་ཏེ་མི་རབས་གསུམ་པ་འདྲེ་རེད་ཟེར་ན་འདྲེ་ཡིན།འོན་ཀྱང་ཉིན་མོ་རྒྱུ་བའི་འདྲེ་ལས་མཚན་རྒྱུ་བའི་འདྲེ་མིན་པ་སོགས་གསལ་བཤད་གནང་ནས་མི་རབས་གསུམ་པར་འཇུག་པའི་ཐོག་མའི་སྒེའུ་ཁུང་དེ་ཧ་ཅང་དཀར་ཆ་ལྡན་པར་ཕྱེ”(“མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”རུ་གསལ)བ་རེད།དེར་མཐུད་ནས་ཚོགས་མི་དག་གིས་“མི་རབས་གསུམ་པ”ཡི་ལོ་རྒྱུས་ཀྱི་དོན་སྙིང་གླེང་ཞོར་རང་རང་གི་སྙན་ངག་ཀྱང་ཚོགས་ཐོག་ཏུ་གྱེར་འདོན་བྱས།ཐེངས་འདིའི་འདུ་ཚོགས་འདི་ནི་ཁོ་ཚོར་མཚོན་ན་“རང་དབང་ལྡན་པ་ཞིག་དང་།རླབས་ཆེ་བའི་རྩོམ་རིག་གི་ལས་འགུལ་ཞིགཕན་ཚུན་བར་དུ་མཆོག་དམན་ཤོར་མེད་པར་འདྲ་མཉམ་ལྡན་པ་ཞིགལང་ཚོའི་སྟོབས་ཤུགས་དང་དབྱངས་གསལ་གྱི་མཛེས་སྡུག་མཚོན་པ་ཞིག་ཏུ་ངོས་མི་འཛིན་ག་མེད་བྱུང་།”(“མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”རུ་གསལ)བ་ཞིག་ཡིན་འདུག“མི་རབས་གསུམ་པ”ཡི་སྙན་ངག་པའི་ཚོགས་པ་འདི་ཐུན་མོང་མ་ཡིན་པ་དང་ཁྱད་དུ་འཕགས་པ་ཞིག་ཡིན་ཚུལ་ཨ་བུ་ལགས་ཀྱིས་ཀྱང་“མིང་དོན་མཚུངས་པའི་བོད་ཀྱི་སྙན་ངག་གི་ཚོགས་པ་ཞིག་ཡིན་པར་ཁས་བླངས་ཏེ་ཚོགས་པ་དེའི་དམིགདགཞི་དང་གནས་བབས་ཀྱི་ཕྱོགས་ནས་ཕ་རན་སིའི་བསྡུས་བརྗོད་རིང་ལུགས་དང་ཆ་འདྲ་བའི་ཕྱོགས་ཀྱང་མང་པོ་ཡོད་ཚད་གྱི་རྒྱུ་མཚན་ཞིབ་པར་གླེང་”(“མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”རུ་གསལ)འདུག་པ་རེད།གོང་དུ་“མི་རབས་གསུམ་པ”ཡི་སྐོར་གྱི་གནས་ཚུལ་རགས་བསྡུས་ཤིག་བཀོད་ཟིན་ལ།ད་ནི་ང་ཚོས་“མི་རབས་གསུམ་པ ”རུ་འབོད་པའི་ན་གཞོན་སྙན་ངག་པ་འདི་ཚོས་སྙན་ངག་ཅི་ཞིག་འབྲི་བ་དང་།ཅི་ཞིག་གི་ཆེད་དུ་སྙན་ངག་འབྲི་བར་འཁྱུག་ཙམ་བལྟས་ན།སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་སྙན་ངག་ནི་རང་ཀྱི་ཆེད་དུ་འབྲིའོ་ཟེར།མདའ་བཙན་པོ་ལགས་ཀྱིས་ངས་མལ་ཁྲིའི་སྒང་ནས་སྙན་ངག་གི་འཁྲིག་པ་སྤྱོད་སྲིད་ཟེར།འབྲུག་ལྗང་ལགས་ཀྱིས་ང་ཚོས་གཅེར་བུར་ཕུད་ནས་སྙན་ངག་བྲིས་ན་ཅིས་མི་ཆོག་ཟེར།རེ་རྐང་གླིང་ལགས་ཀྱིས་སྨད་འཚོང་མ་སངས་རྒྱས་སྒྲོལ་མ་ནི་ལྷ་མོ་ཞིག་གོ་ཟེར།འབྲོང་ཕྲུག་ལགས་ཀྱིས་ང་ལ་ཆུང་མ་མེད་དངུལ་ལོར་མེད།ཆང་ཡོད་སྙན་ངག་ཡོད་ཟེར།ཐེའུ་རེང་ལགས་ཀྱིས་མི་རབས་གསུམ་པ་ནི་དོར་མ་མེད་པའི་གཅེར་བུ་ཡིན་ཟེར།་་་་་་
ཁོ་ཚོའི་རྣམ་དཔྱོད་ཀྱི་ཤེས་རབ་དང་དྭངས་གཙང་གི་སྨྱུག་རྩེ་ནས་འཕྱུར་བའི་སྙན་ངག་ནི་འདི་ལྟ་སྟེ།“ཁང་བ་འདིའི་ནང་ན/ངས/རང་གི་རྐང་སྣུམ་ཁ་སྐོར་སྒྱིད་ཁུགས་སུ་ཕུད་ནས/མཇེ་ངན་འདི་རྩ་བ་ནས་གཅོད་ཐབས་མི་འདུག་ཅེས/ཆགས་སྲེད་སྒྱེ་གང་དང་མཉམ་དུ་སུ་ཞིག་ལ་སྒུག་དགོས/ཁང་བ་འདིའི་ནང་ནས/ ངས/རང་གི་རླིག་རྩིད་ཡོད་ཚད་ཐག་པ་ཞིག་ཏུ་བརྒྱུས་ནས/མྱོས་བུམ་ལྷུག་ལྷུག་བྱེད་པའི་བུ་མོ་ཞིག་ལ/འདི་ཁྱོད་ཀྱི་རྐང་སྣུམ་ཁ་ཐུག་བྱོས་ཞེས/བརྩེ་དུང་སྤར་མོ་གང་དང་ལྷན་དུ་སྟེར་སྲིད་དམ/ཁང་བ་འདིའི་ནང་ནས/ངས/བུ་མོ་ཞིག་གི་མཆུ་སྒྲོས་ལ་མཆུ་སྒྲོས་གླན་གྱིན/རང་གི་ཕོ་མཚན་མོའི་མོ་མཚན་ལ་ཤེད་ཀྱིས་རྫོང་གིན/དམྱལ་བའི་སྡུག་བསྔལ་འདི་ནས་བོར་འགྲོ་ལ།བདེ་བའི་ཞིང་ཁམས་འདི་ནས་རྙེད་འགྲོ་ཞེས།སྙིང་ཉེ་བའི་བུ་ཆུང་ཞིག་འཇོག་ཐུབ་བམ”(<<ཁང་བ་འདིའི་ནང་ནས>>)ཞེས་དང་།ཡང་།“ཆགས་སྲེད་ཀྱིས་མནར་བའི་ནམ་མཁའ་ཆེན་པོ་འདི་ནི/ལྷ་མོ་ཞིག་གི་མིག་ཡ་གཅིག་ལ་ཁྲུན་ཐག་བཅད་པས/ཁྱོད་ཀྱི་མཛེས་སྡུག་དེ་ཡང་/བྱེ་ཐང་སྐྱ་བོ་དེའི་སྒལ་གཞུང་དུ་ནུབ་ངེས་ལ/ནུ་འབུར་དང་བརླ་ཤ/མཚན་མ་བཅས་ཀྱི་མཚོན་དོན་དུ་བབས་པ/བྱེ་སྒང་གི་ཉམས་འགྱུར་རེ་རེ/ཁྱོད་ཀྱི་བླ་སྲོག་རྐུ་བའི་མཛེས་པ་རེ་རེ་ཡིན་ལ/བུད་མེད་ཀྱི་གཟུགས་རིས་ལྟ་བུའི་སྒྲེན་གཟུགས་དེས/ ཁྱོད་ལ་འདོད་སྲེད་ཀྱི་བསླུ་བྲིད་ཅིག་གཏོང་ངེས”(“གཅེར་བུར་བུད་ནས་ཁྱོད་ལ་བལྟས་པ”)ཞེས་དང་། ཡང་།“སང་ཉིན་ནི་འཁྲིག་པའི་སྒང་གི་ཕོ་མོ་གཉིས་རེད/བརྩེ་བ་དེ་ཟབ་དྲགས་པས/ངས/ཁྱོད་རྐང་ཐུང་ཞིག་གི་ཚད་དུ་བཞག་ཡོད/མཇེ་དང་རླིག་པ་གཉིས་ལྷུང་རག་བར་དུ”(“ངས།ཁྱོད་རང་རྐང་ཐུང་གི་ཚད་དུ་བཞག་ཡོད”)ཞེས་དང་།ཡང་།“དེ་ནི/ཕོ་མཚན་གྱི་ཁུ་བ་འཛར་བའི་འོད་སྣང་དང་/མོ་མཚན་ཕྱི་རུ་སློག་པའི་མཇའ་མཉེན་ལས/གནའ་བོའི་ཉི་ཟླ་གཉིས་ཀ་གཏན་ནས་མིན”(<<ཁྱོད་རང་མི་འཐད་ནའང་།ངས་འདི་ལྟར་བྲིས་ན་ཅི་རེད>>)ཞེས་དང་།ཡང་།“བུད་མེད་ཅིག་ཡིན་ན/མྱོས་བུམ་གཉིས་སྟོན་གྱིན་སྒེག་ཉམས་སྟོན་མོད/ རླིག་འབྲས་གཉིས་ཀ/ཅིས་ཀྱང་ནང་དུ་བསྡུ་ཐབས་དཀའ/ནམ་རྒྱུན་བུད་མེད་ཚོར་འཁྲིག་པ་སྤྱོད་བྱེད་ཀྱི་དེ་ཉིད/ད་ལྟ/ཆང་དམ་བརྒྱ་ཕྲག་འཐུང་བའི་བཟི་བོ་ཞིག་དང་འདྲ/རླིད་རྩིད་ཁོ་ན་གཡག་ལྕེ་ཞིག་དང་འདྲ་བར/འདོམས་ན་འཚང་ཁས་འཛིང་བས/གཅེད་བུར་བུད་དུས་སྙིང་བོ་མི་འདུག”(<<མེ་ལོང་གི་མདུན་ནས>>)ཅེས་པའོ།།གཞན་ཡང་རེ་གླིང་ལགས་ཀྱི<<དུས་ཚོད་སྐར་མ་བཅུའི་ཡུན་ལ་བྲིས་པའི་སྙན་ངག་ཚན་པ་བརྒྱད་>>དང་།གཤེད་མ་ལགས་ཀྱི<<མོ་མཚན་རྫུན་མ་འདི་ང་ལ་མི་དགོས>>མདའ་བཙན་པོ་ལགས་ཀྱི<<སྐྱག་པ>>སྐྱབས་ཆེན་བདེ་གྲོལ་ལགས་ཀྱི<<གཅེར་བུར་འབུད་པ>>སོགས་ཀྱང་གོང་དུ་དྲངས་པའི་སྙན་ངག་འདི་དག་དང་ཆ་མཚུངས་པར་འདུག་གོ།
སྙན་ངག་དེ་དག་གིས་མཚོན་པའི་“མི་རབས་གསུམ་པ”ཡི་སྙན་ངག་ནི་ངོ་ཚའི་རྫུ་བག་དང་བྲལ་བའི་“ཁ་གཙོག”གི“སྙན་ངག”ཅིག་རེད་ལ།ཡི་གེའི་རོལ་རྩེད་གཉེར་བའི་“གད་སྙིགས”ཀྱི“སྙན་ངག”ཅིག་ཀྱང་རེད།སྙན་ངག་དེ་དག་གིས་མཚོན་པའི“མི་རབས་གསུམ་པ”ཡི་སྙིང་སྟོབས་ནི་ཁོག་སྨད་གཅེར་བུར་འབུད་པའི་སྙིང་སྟོབས་དང་།སྒྱུ་རྩལ་རྡོག་རྫིས་སུ་གཏོང་བའི་སྙིང་སྟོབས་རེད།སྙན་ངག་དེ་དག་གིས་མཚོན་པའི་“མི་རབས་གསུམ་པ”ཡི་བྱ་སྤྱོད་ནི་ཨ་གསར་གྱི་གཏམ་འདོད་ཚ་པོ་རེད་ལ།དངོས་ཡོད་ཀྱི་འགན་འཁྲི་ལ་གཡོལ་ཐབས་ཤིག་ཀྱང་རེད།ཁོ་བོ་ནི་སྒྱུ་རྩལ་ཁ་ལ་འཁྱེར་ནས་སྒྱུ་རྩལ་རྡོག་བརྫིས་གཏོང་བ་དང་།སྒྱུ་རྩལ་གྱི་གཞལ་ཡས་ཁང་ནས་དངོས་ཡོས་ཀྱི་ཛ་དྲག་ཡལ་བར་དོར་བའི་རྩོམ་རིག་དང་ནམ་ནམ་ཞ་ཞར་རིང་དུ་གྱེས་ངེས་སགོ།།བརྒྱ་ལ་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་གཉེར་བའི་དུས་ཤིག་ཡོད་སྲིད་ཀྱང་འུ་ཅག་ལ་མཚོན་ན་ད་དུང་དེ་ནི་རྨི་ལམ་གྱི་ཞིང་ཁམས་ཤིག་ཡིན་པ་ལས་དངོས་ཡོད་ཀྱི་གནས་ཚུལ་ཞིག་གཏན་ནས་མ་ཡིན།གཞན་ཡང“སྙན་ངག”འདིའི་རིགས་དར་ཁྱབ་ཏུ་སོང་ན་ཀུན་སྤྱོད་ཀྱི་ཁ་དབུགས་བཙོག་པོར་བཟོ་སྲིད་པ་དང་།སྙན་ངག་ལ་ཐོག་མར་འཇུག་མཁན་དག་གི་ལྷད་མེད་ཀྱི་བྱིས་བློ་དེའང་དྲི་མས་སྦགས་སྲིད།གལ་ཏེ་མི་ལོ་གང་མང་ཞིག་གི་རྗེས་སུ་“མི་རབས་གསུམ་པ”ཡི་སྙན་ངག་པ་དག་གི་བྱིས་པ་ཚོས་རང་གི་ཕ་མས་བྲིས་པའི་“ཁ་གཙོག”གི“སྙན་ངག”འདི་དག་ལ་གདོང་གཏད་ཚེ་སེམས་ངོས་སུ་ཅི་ཞིག་འཆར་རམ།ཡང་ན་བྱིས་པ་ཚོས་རང་གི་ཕ་མས་བྲིས་པའི་བརྩམས་ཆོས་འདི་དག་ལ་ལྟ་བ་མིག་གིས་བཟོད་དམ།དགོད་བྲོ་བ་ཞིག་ལ“མི་རབས་གསུམ་པ”ཡི་སྙན་ངག་པའི་གྲས་སུ་སྙིང་ནས་འཚང་འདོད་ཀྱི་ཐེའུ་རིང་ཟེར་བ་ཞིག་གིས་ཕྱིར་འཁོར་ཏེ་ཁོ་ཚོས་གདོང་འབག་ཚལ་བར་གཤགས་འདུག་སྟེ།“མི་རབས་གསུམ་པ/ཨ་མའི་པང་ཁུག་ནས་གཅེར་བུར་བུད་བྱུང་/མི་རབས་གསུམ་པས/ལྷ་ཁང་གི་ནང་རོལ་ནས་སྐྱག་པ་བཏང་བྱུང་/མི་རབས་གསུམ་པས/སྲིང་མོ་དང་སྡེ་མིའི་གྲས་ནས་མོ་མཚན་མོ་མཚན་ཞེས་བོས་བྱུང་།མི་རབས་གསུམ་པས།ཆུང་མ་དང་བུ་ཚའི་གམ་ནས་རླིག་རིལ་རླིག་རིལ་ཞེས་བསྒྲགས་བྱུང་།”(“མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”ཡི་གླེང་སྟེགས་སུ་གསལ)དེར་བརྟེན།གསར་དུ་བྱུང་བའི་སྙན་ངག་པའི་ཚོགས་པ་འདི་ལ་ཡིན་གཅིག་མིན་གཉིས་མིང་ཞིག་གདགས་དགོས་ཚེ“མི་རབས་གསུམ་པ”ཞེས་གསོལ་བ་ལས“རྒུད་པའི་མི་རབས”ཞེས་གསོལ་ན་འགྲིག་པར་འདོད་དོ།།
སྐབས་ལྔ་བའི་<<སྦྲང་ཆར>>རྩོམ་རིག་བྱ་དགའ།
<<སྦྲང་ཆར>>རྩོམ་རིག་བྱ་དགའ་ནི་འུ་ཅག་གི་རྩོམ་རིག་བྱ་དགའི་ཁྲོད་མཚན་སྙན་ཆེས་མཐོ་ཤོས་དང་བྱ་དགའི་དངུལ་གྲངས་ཆེས་མང་ཤོས་ཡིན་པ་རེད།དེ་བས་བྱ་དགའ་དེ་ནི་རྩོམ་མཁན་གང་མང་ཞིག་གི་མིག་གི་དབང་པོ་འཕྲོག་བྱེད་དང་སེམས་ཀྱི་འགྲམ་ཆུ་ལྡང་སར་གྱུར་འདུག2006ལོའི་8པའི་ཚེས16ཉིན“ཨ་རུ་བོད་སྨན”རྟགས་ཅན་གྱི་སྐབས་ལྔ་པའི<<སྦྲང་ཆར>>རྩོམ་རིག་བྱ་དགའ་གནང་བའི་ཚོགས་འདུ་དེ་གནའ་མཁར་ཟི་ལིང་དུ་ཚོགས་ཤིང་།2003ལོ་ནས་2005ལོའི་བར་གྱི་<<སྦྲར་ཆར>>དུ་སྤེལ་བའི་བརྩམས་ཆོས་ལྔ་ལ་བྱ་དགའ་ཐོབ།དེ་དག་ནི་སྟག་འབུམ་རྒྱལ་གྱིས་བརྩམས་སྒྲུང<<བཙུན་ཡག>>ཡེ་ཤེས་བཟང་བོའི་སྙན་ངག<<སློབ་དཔོན་ཐོན་མིའི་རྟོགས་པ་ཉུང་ངུར་བརྗོད་པའི་གཏམ>>ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་<<རྣམ་སྨིན>>ཁྲི་སེམས་དཔའི་སྙན་ངག<<ཞི་བདེར་སྨོན་པ>>བཅས་སོ།།
འུ་ཅག་གི་རྩོམ་རིག་གསར་རྩོམ་གྱི་ལས་དོན་ཡར་རྒྱས་གོང་འཕེལ་དུ་གཏོང་བ་ཟེར་ན་འདྲ།རྩོམ་རིག་གསར་རྩོམ་གྱི་དཔུང་ཁག་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་ཟེར་ན་འདྲ།གསར་རྩོམ་ལ་མོས་པའི་ལས་དང་པོ་བ་རྣམས་གསོ་སྐྱོང་བྱེད་པ་ཟེར་ན་འདྲ།གང་ལྟར་ཀྱང<<སྦྲར་ཆར>>རྩོམ་སྒྲིག་ཁང་གིས་རྩོམ་མཁན་དག་གི་ངལ་རྩོལ་གྱི་འབྲས་བུ་ལ་བརྩི་མཐོང་དང་ཡིན་འཇོག་བྱས་དང་བྱེད་བཞིན་པ་ནི་དགའ་འོས་པའི་དོན་ཞིག་རེད་སྙམ།ལྷག་པར་དུ་དེང་སང་མི་ཐམས་ཅད་ཀྱི་བསམ་པའི་བློ་ཁ་དེ་དབང་དང་འབྱོར་བའི་ཕྱོགས་ལ་སྙེག་གིན་འདུག་པའི་སྐབས་འདིར།ད་དུང་ཡང་རང་ཤོང་སྤྱིལ་བུའི་ནང་དུ་སྨྱུ་གུ་ཤུགས་ཀྱིས་འཆང་སྟེ་ཨུ་ཚུགས་ཀྱིས་སྡོད་པའི་མི་བུ་དག་ལ་སྐུལ་ལྕག་དང་བཅས་སེམས་ངལ་གསོ་བ་ནི་མ་གཞི་ནས་དོན་དག་ལེགས་པོ་ཞིག་ཅི་ལ་མིན།ཡིན་ནའང་བོད་ཀྱི་“མི་དམངས་རྩོམ་རིག”ཏུ་འབོད་པའི<<སྦྲར་ཆར>>དང་།ཡ<<སྦྲར་ཆར>>རྩོམ་རིག་བྱ་དགའ་ལ་མཚོན་ན་ད་དུང་མི་འདང་སའམ་ཞན་ཆ་ཡང་འགའ་རེ་མཆིས་ཏེ། (1)བརྩམས་ཆོས་དཔྱད་འདེམ་གྱི་ཁྱབ་ཁོངས་དེ<<སྦྲར་ཆར>>ཁོ་ན་ལས་བོད་ཁམས་ཡོངས་ལ་ཁྱབ་མེད་པས་ཧ་ཅང་གུ་དོག་ལ་རང་རློམ་ཆེ་བ་དང་། (2)རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཁོ་ན་ལས་རྩོམ་རིག་དཔྱད་བརྗོད་ཀྱི་བྱ་དགའ་སྤེལ་གྱིན་མེད་པས་བྱ་ཞིག་ཡིན་ན་གཤོག་པ་ཡ་གཅིག་ཆད་པའི་སྣང་བ་སྟེར། (3)བརྩམས་ཆོས་ཀྱི་བསམ་བློའི་རིན་ཐང་སྔོག་འདོན་བྱེད་པ་མི་འདང་བའོ།།(འདི་ལས་རྟག་པར་བྱ་དགའ་འཐོབ་འོས་པ་ལ་མི་ཐོབ་པ་དང་འཐོབ་མི་འོས་པ་ལ་བྱ་དགའ་ཐོབ་པའི་སྣང་ཚུལ་ཡ་མ་བརླ་དག་འབྱུང་གི་ཡོད་པ་རེད)གཞན་ཡང་གླེང་རྒྱུ་ཞིག་ལ་རང་རེའི་རྩོམ་སྟེགས་སུ་བྱ་དགའ་ཡི་ངོས་ཐད་ནས“གཅོད་པ་དོན་གྲུབ་ཡབ་སྲས་གསུམ”ཞེས་པའི་བཤད་ཚུལ་ཞིག་རླུང་ལྟར་གྲགས་པ་བཞིན་དུ། འུ་ཅག་གི་ཁོར་ཡུག་འདི་ནས་ཕྱིས་སུ “×××ཡབ་སྲས་གསུམ ”ཞེས་པ་འདི་འདྲ་ཡང་བསྐྱར་མི་འབྱུང་བའི་གདེང་ཚོད་སུ་ལའང་མེད་པས་ན།གཞུག་ཕྱོགས་བྱ་དགའ་ཡི་རྣམ་གྲངས་གང་ཞིག་ཡིན་ཡང་འདི་འདྲའི་དགོད་བྲོ་བའི་སྣང་ཚུལ་མི་འབྱུང་བར་དོགས་ཟོན་ནན་མོ་བྱེད་དགོས་པ་རེད།
འདྲ་འབག་གྱོན་པའི་ལི་ཨའོ།
2006ལོའི་ཟླ9པའི་ཚེས28ཉིན་ཐའེ་ཝན་གྱི་རྩོམ་མཁན་ལི་ཨའོ(李敖)ལགས་ཀྱིས་ཞང་ཀང་རྒྱ་བྱ་བརྙན་འཕྲིན་ཁང་གི“ལི་ཨའོ་ལ་བཤད་རྒྱུ་ཡོད”ཅེས་པའི་ལེ་ཚན་དུ་བོད་ཀྱི་སྐོར་ལ་དཔྱད་བརྗོད་སྤེལ་བས་འུ་ཅག་གི་ཡོན་ཏན་པའི་སྡེ་ནི་འུར་ཆིལ་ལེར་བཏང་།ཁོང་གིས“འགྲོ་བ་མིའི་རིགས་ཀྱིས་ལོ་རྒྱུས་དེ་འཕེལ་རིམ་ཆེན་པོ་གསུམ་བརྒྱུད་མྱོང་བ་དང་།དག་ནི་ལྷའི་དབང་བསྒྱུར་པ་དང་རྒྱལ་པོས་དབང་བསྒྱུར་པ།དམངས་ཀྱིས་དབང་བསྒྱུར་པ་གསུམ་ཡིན་པ་རེད།ད་ལྟ་འཛམ་གླིང་རིལ་མོའི་སྒང་གི་ས་ཆ་ཕལ་ཆེ་བ་དམངས་ཀྱིས་དམངས་ཀྱིས་དབང་བསྒྱུར་བཞིན་ཡོད་ནའངབོད་ནི་ད་དུང་ལྷས་དབང་བསྒྱུར་གྱི་འོག་ཏུ་གནས་འདུག ”
ཅེས་པ་དང་།ད་དུང་“བོད་ལ་ལྷ་ཡི་ཐོབ་ཐང་ལས་མི་བུའི་ཐོབ་ཐང་མེད་པ་དང་། བོད་ལ་རྨོངས་དད་ལས་ཆོས་ལུགས་མི་འདུག”“བཅིངས་འགྲོལ་ཡར་སྔོན་གྱི་ལྷས་དབང་བསྒྱུར་འོག་གི་བོད་ཡུལ་ནི་མུན་ནག་དང་ཀླ་ཀློ། རྨོངས་དད། གདུག་རྩུབ་ཀྱི་ཞིང་ཁམས་ཤིག་ཡིན་པ་རེད”“དེ་ལྟ་བུའི་གདུག་རྩུབ་དང་། མུན་ནག ཀླ་ཀློ རྗེས་ལུས་ཀྱིང་ཞིང་བྲན་ལམ་ལུགས་ཤིག་མེད་པར་གཏོང་བ་ལ་སྐྱིད་སྡུག་གམ་ཚོགས་པ་གཅིག་མ་གཏོགས་མི་འདུག་སྟེ།དེ་ནི་ཀྲུང་གོ་གུང་ཁྲན་ཏང་ངོ”“མཚོ་བོད་ལྕགས་ལམ་བསྐྲུན་ཏེ་མེ་འཁོར་ཤར་གཏོང་ཐུབ་པ་ནི་གུང་ཁྲན་ཏང་གི་བྱས་རྗེས་བླ་ན་མེད་པ་ཞིག་རེད ”“ནང་ལོགས་སུ་ཆོས་སྤེལ་པའི་གྲྭ་བཙུན་དག་གིས་མི་གཞན་གྱི་བསམ་པའི་སྡུག་བསྔལ་སེལ་ཐུབ་ཅེ་ན་དེ་ནི་རྣར་མི་འགྲོ་བའི་སྟོང་གཏམ་ཁོ་ནའོ”“བོད་མིས་བརྐྱངས་ཕྱག་འཚལ་བ་དང་ལྷ་ལ་དད་པ་བྱེད་པ། སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་སོགས་ནི་བླུན་རྨོངས་ཀྱི་རྟགས་ཁོ་ན་རེད”
ཅེས་པ་སོགས་མང་དུ་བརྗོད་བྱུང་།
ཞིབ་འཇུག་སློབ་མའི་སྦྱངས་བྱ་གཉེར་སྐབས་ཀྱི་ངའི་སེམས་ཁོང་གི་ལི་ཨའོ་ལགས་ནི་སྒེར་གཅོད་ཀྱི་དབང་སྒྱུར་པ་དང་སྲིད་དབང་གི་ཁ་གཏད་དུ་འགྲེང་སྟེ་དྲང་བདེན་སྐྱོང་བ་དང་།བློ་འབྱེད་བྱ་བར་ཧུར་བརྩོན་གྱིས་འཇུག་པའི་སྒེར་ཚུགས་ཀྱི་ཤེས་ཡོན་ཅན་ཞིག་ཡིན་པར་མ་ཟད།ཐའེ་ཝན་གྱི་དམངས་གཙོ་དང་རང་དབང་གི་ཕྱིར་དུ་ཚེ་སྲོག་གཏའ་མར་འཇོག་མཁན་གྱི་ཤེས་ཡོན་ཅན་ཞིག་ཀྱང་ཡིན།ཡིན་ནའང་དུས་དེ་རིང་ལི་ཨའོ་ལགས་འགྱུར་ཟིན།ཉེ་བའི་ལོ་འདི་འགར་ཁོང་གིས་གདོང་གི་འདྲ་འབག་ཡུན་གྱིས་བཤུས་ཏེ་རང་གི་གདོང་རིས་ངོ་མ་བོ་དེ་ཀློག་པ་པོ་རྣམས་ཀྱིས་སྤྱན་སྔར་བསྟན་བྱུང་།ད་སྔན་ཆད་ཀྱི་རིག་གནས་གར་སྟེགས་སྟེང་གི་ལི་ཨའོ་ལགས་ནི་གདོང་ལ་འདྲ་འབག་གྱོན་པའི་ལི་ཨའོ་རེད།ཤུས་ཏེ་ང་ཚོའི་མདུན་ཐད་དུ་ཀྲོང་ངེར་འགྱིང་བའི་ལི་ཨའོ་ལགས་ནི་ཅི་འདྲ་ཞིག་རེད་ཅེ་ན།དེ་ནི་བྲན་གཤིས་ཚང་ཞིང་མི་གཞི་བོར་བ་དང་།འགན་འཁྲི་ལ་གཡོལ་ཞིང་རྫུན་གཏམ་ལ་གོམས་པའི་ལི་ཨའོ་རེད།དུས་དེ་ནས་བཟུང་ཁོ་བོའི་སེམས་ཁོང་གི་དཔའ་བོའི་སྣང་བརྙན་བརྗིད་ཆེ་བ་དེ་སིལ་བུར་ཐོར་བ་དང་“ཤེས་ཡོན་ཅན”གྱི་ཞྭ་མོ་རྫིག་པོ་དེའང་རྫུས་མ་ཞིག་ཡིན་པ་ཤེས།དེར་བརྟན།ངས་འདིའི་རང་རེའི་སྐོར་གྱི་དཔྱད་བརྗོད་འདི་ལ་མཚོན་ནའང་ཁོ་བོས་གློ་བུར་བ་དང་མཚར་བོ་ཞིག་ལ་གཏན་ནས་ངོས་འཛིན་གྱིན་མེད་དེ།དེ་ནི་དུས་ཀྱི་སྔ་ཕྱི་ཞིག་ཡིན་པ་མ་གཏོགས་སྔ་རུང་འཕྱི་རུང་ནམ་ཞིག་ལ་ཁོས་བརྗོད་སྲིད་པའི་སྐད་ཆ་རེད།ལི་ཨའོ་ལགས་ཀྱིས་སྒེར་གཅོད་སྲིད་དབང་ལ་ཞབས་གཡོག་བསྒྲུབས་པའི་བྱ་སྤྱོད་དེ་ང་ཚོ་མ་ཟད་རྒྱ་ནག་གི་ཤེས་ཡོན་ཅན་གྱི་སྡེ་ནའང་ཁྲེལ་དགོད་བྱེད་སའི་གནས་སུ་གྱུར་འདུག་སྟེ།དེ་ལ་རྒྱའི་ན་གཞོན་ཤེས་ཡོན་ཅན་ཞིག་གིས་འདི་སྐད་དུ།“ཁོ་བོ་ནི་ཐའེ་ཝན་གླིང་ཕྲན་དུ་སྒེར་ཚུགས་ཀྱིས་འཚོ་བའི་ལི་ཨའོ་ལ་དགའ་ལ།ཁོ་བོ་ནི་ཀྲུང་གོའི་སྐར་སར་མ་ཡོང་བའི་སྔོན་གྱི་ལོ་ཨའོ་ལ་ཡང་དགའ།ཁོ་བོ་ནི་ཞང་ཀང་རྒྱ་བྱ་བརྙན་འཕྲིན་ཁང་དང་མཉམ་འབྲེལ་མ་བྱས་པའི་ཡར་སྔོན་གྱི་ལི་ཨའོ་ལ་དེ་བས་ཀྱང་དགའ་འོ”ཟེར།
ཨའོ་ལགས་ཀྱི་གཏམ་དེ་དག་དང་འབྲེལ་ནས་འུ་ཅག་གི་མི་མང་པོ་ཞིག་གི་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ་དྲ་ངོས་ནས་ཛ་དྲག་དང་ལྡན་པའི་རྩོད་གླེང་གི་རླབས་ཕྲེང་ཞིག་ཀྱང་འཕྱུར་བར་བྱས།དེ་རུ་སྤྱི་ཚོགས་སྟེང་གི་རིག་གནས་པ་ལས་གཞན་ད་དུང་གྲྭ་པ་དང་སློབ་ཆེན་སློབ་མ་མང་དུ་འདུས་པ་རེད།དྲ་གྲོགས་རྣམས་ཀྱིས་རྩོད་གླེང་དང་བཅས་ལི་ཨའོ་ལགས་སྡིགས་མོ་བྱས་པའི་སྦྱར་བྱང་ཁ་ཤས་འདིར་དཔེ་མཚོན་དུ་བཀོད་ན།“རིང་ཉིད་ཀྱིས་ཅི་ཡང་མི་ཤེས་པ་མི་བཤད་པར་བླ་མེད་ཀྱི་མི་རིགས་ཤིག་ལ་སྡིགས་མོ་བྱེད་པའི་གླེན་རྒན”དང་།“ངས་ཁོ་རང་བཞིན་དུ་མི་བསྒྱུར་ཁོ་ཐག་ཡིན”“ཤི་འགྲོ་རྒྱུ་ཁྱོད་ཕ་རོལ་དུ་སྤྲོད་དགོས་རྒྱུ་རེད”“ང་ཚོའི་བོད་མི་རིགས་ལ་ཆ་མཚོན་ན་ལི་ཨའོ་ལྟ་བུ་ནི་ར་མ་འཕག་ནས་ར་ཁང་ཞིག་མི་ཐུབ་པ་རང་རེད”
“ངོ་མ་ལི་ཨའོ་ཡིས་འདི་ལྟར་བཤད་རྒྱུ་མང་ན་ཁོ་རང་ཉིད་ལ་རྣམ་སྨིན་འཁོར་ཁོ་ཐག་ཡིན།གལ་ཏེ་དེ་རིང་ང་རང་ལི་ཨའོ་ལ་ཐུག་བཏང་ན།ང་རང་གིས་རང་སྲོག་ལ་ཡང་མི་བལྟ་བར་ཁོ་རང་ལྔ་ལམ་དུ་བརྫང་ཁོ་ཐག་ཡིན”
“སྙིང་མ་བརྗེ།ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རིག་གནས་ཤིག་དང་།འཛམ་གླིང་གི་མིག་དཔེར་གྱུར་པའི་མི་རིགས་ཤིག་ལ།ཁོ་ལྟ་བུ་ཞིག་གིས་ཇི་འདྲ་བརྗོད་ཀྱང་།ང་ལ་ཞེ་སྡང་དང་ཕྲག་དོག་ཅི་ཡང་མེད”“རྒྱ་རྒན་ཁྱོད་ཀྱི་ཁ་ལས་མར་ལ་ཅིག་ལྷུང་གི་སྨོན་ལམ།ཁ་མི་སོས་རྒྱུ་བོ་ང་ངོ་མ་ཁྱོད་ལ་སྙིང་ལངས་གི”“ཁ་དེར་ཐལ་ལྡུགས་རྒྱུ་ཁོ”“ལི་ཅའོ་ཞེས་པའི་མི་དེ་སྡུག་ཤི་སྙིང་ནས་ཐེབས་པར་ཤོག ”(<<བོད་སྐད་ཡིག་དྲ་ཚིགས>><<ཁ་ཁའི་ཟིན་བྲིས>>སུ་གསལ་ཞིང་མི་མིང་དང་མངོན་གསལ་གྱི་ཡིག་ནོར་སྐོར་ཞིག་བཅོས་ཡོད)ཅེས་པ་ལྟ་བུའོ།།ཡང་དྲང་ཕྱོགས་ཀྱི་སྦྱར་བྱང་སྤེལ་མཁན་ཞིག་ཀྱང་འདུག་སྟེ།དཔེར་ན།“བོད་མི་རིགས་ནི་ད་བར་དུ་ལྷའི་དབང་བསྒྱུར་ཁྲོད་རྨོངས་དད་ཀྱིས་འཚོ་བཞིན་ཡོད་ཟེར་བ་འདི་ཏག་ཏག་དོན་དངོས་རེད།བོད་ནི་ཐའེ་ཝན་དང་བསྡུར་ན་ས་རྒྱ་ཆེ་བ་ཡིན་མོད།འོན་ཀྱང་འཕེལ་རྒྱས་མེད་པར་ཆོས་ལུགས་ཀྱི་བྲན་བསྒྱུར་འོག་མགོ་འཁོར་ཏེ་བསྡད་ཡོད་ཟེར་བ་འདི་བདེན་པར་རེད”(<<བོད་སྐད་ཡིག་དྲ་ཚིགས>>ཀྱི་<<བར་རྡེའུ་ཟིན་བྲིས>>ལས<<ཐའེ་ཝན་གྱི་ལེ་ཨའོ་ལ་སྐད་ཆ་མེད>>ཅེས་པའི་སྦྱར་བྱང་དུ་གསལ)ཅེས་པ་ལྟ་བུའོ།། གཞན་ཡང་གོ་ཐོས་ལ་སློབ་ཆེན་གྱི་སློབ་མ་སྐོར་ཞིག་གིས་དྲ་བའི་སྟེང་ནས་ལི་ཨའོ་ལགས་ཀྱི་དཔྱད་བརྗོད་དེར་བལྟས་རྗེས་ཁོང་ཁྲོ་དང་བཅས་རྩིས་འཁོར་གྱི་ཤེས་ངོས་སུ་སྨྱུ་གུས་འཛེར་བ་དང་ཁུ་ཚུར་གྱིས་ཀྱང་གཞུས་ཀྱི་ཡོད་སྐད།
ངས་བལྟས་ན་གོང་གི་སྣང་ཚུལ་འདི་དག་གིས་ཆེས་མ་མཐའ་ཡང་གནད་དོན་འདི་འདྲ་ཞིག་གསལ་བཤད་བྱས་འདུག་སྟེ། (1)འདི་འདྲའི་འུར་ཆེན་པོ་ཞིག་ལངས་དོན་མི་ལི་ཨའོ་ལགས་ཀྱི་གཏམ་ཁ་ཤས་ཤིག་རྣག་ཐོག་གཙག་འཁེལ་ལྟར་འུ་ཅག་གི་སྐྲན་ནད་སྟེང་འཁེལ་སོང་བ་རེད། (2)རྒྱ་ནག་གི་ཤེས་ཡོན་ཅན་རྣམ་ཞིག་ལ་མཚོན་ན་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་ལ་ངེས་པར་དུ་དྲང་གཏམ་སྨྲ་བ་དང་སྐད་ཆེན་པོ་རྒྱག་དགོས་པ་རེད། དེ་མ་ཡིན་པར་མི་རིགས་ཆེན་པོའི་བསམ་བློ་ཡིས་གྲངས་ཉུང་མི་རིགས་ཀྱི་བདེ་སྡུག་ཐེད་ལ་བོར་ཚེ་དེ་ནི་ཤེས་ཡོན་ཅན་རྫུས་མ་འབའ་ཞིག་གོ། (3)གཞན་གྱི་དགག་སྒྲུབ་དང་སྐྱོན་བརྗོད་ཀྱི་སྐད་སྒྲ་ཟུར་ཙམ་ཡང་ཐོས་མི་འདོད་པའི་མི་རིགས་ཤིག་ཡིན་ཕྱིན། བསམ་བློ་བཅིངས་འགྲོལ་དང་སྤྱི་ཚོགས་འཕེལ་རྒྱས་ནི་མོ་གཤམ་གྱི་བུ་ལྟར་དཀར་ཞིང་འོད་ཟེར་གྱི་ལམ་ཆེན་ནི་ནམ་ཡང་མི་སྲིད་དོ།། (4)གོང་གི་རྒྱན་ལྤགས་སྲེག་སྦྱོར་གྱི་ལས་འགུལ་དང་ཆ་འདྲ་བར་ཅལ་འདྲོགས་དང་འུར་ཟིང་གི་ཆ་ལྡན་ཞིང་། སེམས་ལྷོད་ལ་བབས་ཏེ་དཔྱོད་ཤེས་ཀྱིས་བསམ་གཞིག་གཏོང་བའི་སྲོལ་ནི་མི་འདུག (5)འུ་ཅག་ལ་ནམ་ཡང་གཞན་སྐྱོན་ལ་བལྟ་བའི་སྤྱན་མིག་ཁོ་ན་ལྡན་པ་ལས་རང་སྐྱོན་ལ་བལྟ་བའི་མེ་ལོང་ནི་མེད་དོ།།
སྐྱེས་བུ་གསུམ་དང་དཔེ་དེབ་གསུམ།
2006ལོར་རང་རེའི་དཔེ་དེབ་དང་དུས་དེབ།ཚགས་པར་དང་དྲ་ངོས་སོགས་ཀྱི་བར་གསེང་དུ་སྐྱེས་བུ་གསུམ་གྱི་མཚན་ནི་མུ་ཏིག་བཞིན་འོད་ལམ་ལམ་འཚེར་ཞིང་ཆུ་མིག་བཞིན་ཡང་ཡང་བརྡོལ་གྱི་ཡོད་པ་རེད། ཁོང་ཚོ་ནི་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ། ཞོགས་དུང་གསུམ་མོ།།
དགེ་འདུན་ཆོས་འཕེལ།ཁོང་ནི་དུས་རབས་ཉི་ཤུ་པའི་སྟོད་ཀྱི་“མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲོད་མཁན”
་དང་།འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང་དུ་སྒེར་ཚུགས་ཀྱི་མི་གཞི་དང་མཁས་པའི་དམ་ཚིག་སྲོག་ལ་བབས་ཀྱང་འབད་པས་སྲུང་མཁན་གཅིག་པུའོ།།
དོན་གྲུབ་རྒྱལ། ཁོང་གི་དུས་རབས་ཉི་ཤུ་པའི་སྨད་ཙམ་ལ་རྩོམ་རིག་གསར་པའི་དར་ཆ་ཐོག་མར་དགུང་ལ་འཕྱར་ཏེ་འུ་ཅག་གི་བླུན་རྨོངས་དང་རྗེས་ལུས་ཀྱི་ཆ་སོགས་མཚང་འབྱིན་ཐེར་འདོན་བྱས་ཤིང་།ཐ་ན་རང་གི་གཅེས་པའི་ཚེ་སྲོག་ཀྱང་མི་རིགས་འདིར་རྟོགས་སད་ཀྱི་ཅོང་བརྡ་རྒྱག་ཕྱིར་ཕངས་མེད་དུ་སྦྱིན།དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་རྣམ་པ་གཉིས་སུ་བྱུང་བས་འུ་ཅག་གི་དུས་རབས་ཉི་ཤུ་པའི་བསམ་བློའི་ལོ་རྒྱུས་དེ་ཡང་གླེང་རིན་ཡོད་པ་ཞིག་དང་ངོ་མ་དུ་རི་བ་ཞིག་ཏུ་གྱུར།
ཞོགས་དུང་།ཁོང་གིས་ལྷ་ཆོས་རིག་གནས་ཀྱི་ན་བུན་འཐིབས་པའི་ཁོར་ཡུག་འདི་ནས་བསམ་གཞིག་གི་མགོ་བོ་མི་ཐེགས་བཞིན་དུ་ཁུར་ཏེ།སྙིང་སྟོབས་ཆེན་པོས་མི་ཆོས་རིག་གནས་ཀྱི་དུང་མོ་ཆེ་འབུད་འགོ་བརྩམས།2006ལོར<<རྒྱན་ལྤགས་སྲེག་སྦྱལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའིལས་འགུལ་ཐེངས་ཤིག>>དང<<ཕྱག་འཚལ་བ་ནི་བྲན་གྱི་རང་གཤིས་ཉིད>>ཅེས་པ་གཉིས་སྤེལ་བ་ཡིས་ཁོང་གི་རིན་ཐང་དང་ཤུགས་རྐྱེན་དེ་ཤེས་ཡོན་ཅན་གྱི་སྡེ་ལ་ཡང་བསྐྱར་བདེན་དཔང་ཐེངས་ཤིག་བྱས།གཞན་ཡང་།འུ་ཅག་ལ་2006ལོའི་དཔེ་དེབ་ཆེས་ལེགས་ཤོས་ནིའདིའོ་ཞེས་པ་ཞིག་སྟོན་རྒྱུ་མ་བྱུང་ཡང་།རྒྱ་ནག་གི་དཔེ་ཀློག་གི་སྡེ་དང་ཤེས་ཡོན་ཅན་གྱི་སྡེ་ན་དཔེ་དེབ་གསུམ་ནི་ཀུན་གྱི་གླེང་གཞིར་གྱུར་འདུག་པ་རེད། དཔེ་དེབ་དེ་དག་རང་རེའི་དཔེ་ཀློག་གི་སྡེ་ལ་ཁ་གསབ་འོས་སྦྱོར་གྱི་ཚུལ་གྱིས་འདིར་འགོད་པ་ལ།
1.《黑暗时代的人们》〖美〗汉娜。啊伦特著 江苏教湖育出版社2006年7月版
2.《伶人住事》章诒和著 湖南文艺出版社2006年10月版
《如马 @sars.come》胡发云著 中国国际广播出版社2006年10月版བཅས་སོ།། 2007ལོའི་ཟླ་1ཚེས་23 ཟླ་2པའི་ཚེས1ཉིན་ལན་གྲུ་རུ།
རྩོམ་ཁུངས། ༢༠༠༧ལོའི་ཤར་དུང་རི།