སྟོང་བསམ།

     མི་རྣམས་ཀྱིས་རྟག་པར་ཕུགས་བསམ་དང་སྟོང་བསམ་གྱི་དབྱེ་བ་གསལ་ཁ་ཐོན་པ་ཞིག་ཁྱོད་ལ་འགྲེལ་བཤད་བྱ་ཐབས་མེད་དེ།  རྒྱུ་མཚན་ནི་ཁོ་རང་ཚོས་འཚོལ་སྙེགས་བྱེད་ཀྱིན་པའང་ཡང་སྙིང་རིགས་གང་དུ་གཏོགས་པ་རྟོགས་ཐབས་བྲལ།
   གལ་ཏེ་ཁྱོད་རང་ལས་སྐལ་གྱི་བདག་པོའི་ཁྱད་དབང་ལ་དང་བ་ཞིག་ཡིན་ཚེ། ཚེ་རབས་དུ་མའི་སྔོན་ནམ་ཡང་ན་ཁྱོད་རང་འཇིག་རྟེན་འདིར་སླེབས་པའི་ཉིན་དེ་ནས་བཟུང་འབྱུང་འགྱུར་གྱི་མདུན་ལམ་གཏན་འཁེལ་བྱས་ཚར་ལ། གལ་ཏེ་ཁྱོད་རང་རང་གི་བློ་གྲོས་དང་ནུས་པར་རློམ་ཐུབ་པ་ཞིག་ཡིན་ཚེ་ཕུགས་བསམ་དང་སྟོང་བསམ་རེས་མོས་ངང་ཁྱོད་ཀྱི་མི་ཚེའི་བཤུལ་ལམ་གྱི་ལམ་ཚད་རྡོ་རིང་དུ་འགྱུར་སྲིད།
    ཕྲན་གྱི་རྩོམ་ཡིག་དང་དང་པོ་ནི་ལོ་བཅུ་བདུན་དུ་སོན་དུས་ཚགས་པར་སྟེང་དུ་བཀོད་མྱོང་ལ། སྐབས་དེར་རྩོམ་པ་པོ་ཞིག་གིས། “ཅི་ནུས་ཀྱིས་སྙན་གྲགས་ཀྱི་ཕྱིར་དུ་རྩོམ་ཡིག་འབྲི་དགོས”ཞེས་ཕྲན་ལ་སྙིང་ཉེ་བའི་ངང་སྐུལ་འདེད་ཀྱང་བྱས་པས། ཕྲན་གྱིས་འབྱུང་འགྱུར་གྱི་རང་ཉིད་ནི“སྙན་གྲགས་ལྡན་པའི་རྩོམ་རིག་པ”ཞིག་ཡིན་པའི་སྟོང་བསམ་འཆང་མྱོང༌།  སྟོང་བསམ་གྱི་མེ་ལྕེ་ཇེ་ཆེར་མཆེད་པ་དང་བསྟུན་ནས་ང་རང་གོ་མེད་ཚེར་མེད་ངང་ལྷུག་རྩོམ་ཆུང་ཆུང་ཞིག་ལག་སྐྱེས་ལ་བརྫུས་ཏེ་རྩོམ་རིག་ཅེས་པའི་ཕོ་བྲང་གི་སྒོ་འགྲམ་དུ་སླེབས། སྐབས་དེར། ཕྲན་གྱི་གོ་བ་ལེན་སྟངས་ལ་རྩོམ་རིག་པ་ནི་ཉམས་མྱོང་དང་འཇིག་རྟེན་གྱི་ཤེས་བས་ཕྱུག་པའི་རྒན་པོ་ཞིག་དང་འདྲ་བར། ཀུན་གྱིས་དགའ་བསུ་དང༌།  དང་ལེན།  གུས་བཀུར་བཅས་བྱེད་ལ། དེ་ནི་ལམ་སྟོན་གྱི་སྒྲོན་མེ་དང་ཀུན་མཁྱེན་གྱི་སློབ་དཔོན་བཞིན།  གཞན་ལ་སློབ་གསོ་དང་བསླབ་བྱ་གཏོང་མཁན་ཏེ།  དེའི་སྨྱུག་འོག་ནས“ལེགས་བཤད”ཀྱི་མེ་ཏོག་དགོད་ཅིང༌། དེའི་ཚིག་སྒྲོས་ལས་མུན་སེལ་གྱི་ཉི་འོད་འཚེར་ཐུབ་སྙམ།
    ལོ་བཅུ་དགུ་ནས་བཟུང༌། ཕྲན་གྱིས“རིགས་སུ་གྱུར་བ་ཕྱོགས་སུ་ཆད་པའི”མོས་མཐུན་འགའ་དང་མཉམ་དུ་སྣུམ་པར་དུས་དེབ་རིགས་གཉིས་བཏོན་མྱོང་ལ། སྟོང་བསམ་དེ་མཐར་ཐུག་གི་དད་པར་བཟུང་ནས།  སེམས་སུ་རང་ཉིད་ནི་སྐྱོ་གདུང་གི་བླ་སྲོག་ཀུན་གྱི་མགོན་སྐྱབས་དང༌།  བདེ་སྐྱིད་ཀྱི་སྐྱེ་བོ་ཀུན་གྱི་གཉེན་བཤེས་སུ་སྒོམ་ནས།  “རྒྱ་ཆེ་བའི་འགྲོ་དོན་མཛད་མཁན”གྱི་སྐྱེ་བོའི་བཞུགས་གྲལ་དུ་རང་ལ་ཡང་སྡོད་གནས་ཡོད་སྙམ་པའི་སྤོབས་པ་ཡ་མཚན་ཞིག་གིས་བྲང་ཁ་གཏམས་སོང༌།  ད་ལྟ་ཕྱིར་འདང་བརྒྱབ་ན།  སྤོབས་པ་ཡ་མཚན་དེ་ནི་སྟོང་བསམ་གྱི་ཝུ་བ་ལས་མ་འདས།
     ཏག་ཏག་སྟོང་བསམ་དེས་ཕྲན་གྱི་སློབ་འབྲིང་གི་དགེ་རྒན་ཚད་ཐུབ་ཅིག་བྱེད་པའི་གདམས་གསེས་དེ་བཅོམ་ལ།  ལྟོ་འདུན་ཅན་ལ་ཁ་ཟས་ཞིམ་པོ་དང་ཆང་མཁན་ལ་བདུད་རྩི་བསིལ་མ་བཤམས་པ་ལྟ་བུའི་སྟོང་བསམ་གྱི་བསླུ་བྲིད་དེས།  ང་རང “གང་ལ་ཐོན་ན་ཡུལ་དང༌།  ཆུ་ཁར་ཐོན་ན་ཇ”ཡིན་པའི་ཡུལ་གྱར་བ་ཞིག་ཏུ་བཟོས་ཤིང༌། “ལག་པ་རུམ་དང་ཅ་ནེ་མཆན”གྱི་སྤྲང་པོ་ཞིག་ཏུ་བསྒྱུར། 
     སོས་དལ་ངང་མཇལ་སྐོར་དུ་འགྲོ་ཞིང༌། ལྷོད་གཡེང་སྒོས་ཇ་ཁང་དུ་སྡོད་པ། ད་དུང་བག་ཕེབས་ཀྱི་གླུ་གར་ལ་རོལ་བའི་སྐྱེ་བོའི་ཚོགས་ཀྱིས་ངའི་སྟོང་བསམ་གྱི་ཡོལ་གོར་དོན་སྙིང་སྣོན་ཐུབ་ཆེད་དམ།  ཡང་ན།  སྔོ་བསངས་ཀྱི་ནམ་མཁའ་དང༌།  གངས་དཀར་གྱི་གཟི་བྱིན།  སྤང་ལྗོངས་ཀྱི་རྒྱ་ཁྱོན་སོགས་ཀྱིས་ངའི་སྟོང་བསམ་གྱི་སྒྲོན་མེར་མར་ཁུ་ཙམ་སྣོན་ཐུབ་པའི་ཆེད་དུ།  ང་རང་ཡུན་རིང་ལ་དམིགས་མེད་དུ་འཁྱམས། ཐ་ན།  གློ་བུར་སྤྲོ་བ་འཕེལ་བའི་རང་སྣང་རང་བཟིའི་སེམས་འགྱུ་ཞིག་ལ་བརྟེན་ནས་མི་ཚེ་འདི་འགྲུལ་སྐྱོད་ཀྱི་འཕྱོ་འགུལ་ལ་བཅོལ་བའི་འཆར་གཞིའང་བཟོས་མྱོང༌།
    ང་རང་སྤྱི་སྒེར་གང་རུང་གི་མཐུན་རྐྱེན་སྣ་ཚོགས་ལ་བརྟེན་ནས།  ཆོལ་ཁ་གསུམ་གྱི་དཀྱིལ་སྙིང་དུ་གྱུར་བའི་ས་ཁོངས་ཕལ་ཆེར་གྱི་མགྲོན་པོར་གྱུར་མྱོང་ལ།  དཔེ་སྒམ་གྱི་ནང་དུ་ཟིན་ཐོའི་འབྲི་དེབ་བརྒྱད་དགུ་ཞིག་ཉར་ཡོད་ནའང༌། རང་རློམ་དང་བླུན་རྨོངས། རྒྱན་ཆ་དང་དབུལ་ཕོངས།  གླུ་གར་དང་སྡུག་བསྔལ་སོགས་རེ་རེ་བཞིན་ངོ་མཚར་ཞིང་ཡི་མུག་པའི་ཁ་སྤྲོད་དུ་ལངས་པའི་ས་གཞི་འདིའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཀྱི་འགལ་འདུ་སེམས་ཐེངས་རེར།  སྟོང་བསམ་དེ་ཡང་ཉི་འོད་འོག་གི་ཁ་བ་བཞིན་ག་ལེ་ག་ལེར་སྨུག་སྤྲིན་རབ་རིབ་དང་རླངས་པ་བན་བུན་དུ་འགྱུར་གྱིན་འདུག
    སྟོང་བསམ་དེའི་དྲིན་ལ།  ང་རང་སྔར་ལྟར་ཚེ་སྲོག་གི་བགྲོད་ལམ་སྟེང་སྐྱོད་ཐུབ་པ་བྱུང་ལ།  གསལ་བོར་བཤད་ན།  སྟོང་བསམ་གྱི་ཕྱོགས་སྟོན་འཁོར་ལོ་དེའི་རྐྱེན་གྱིས། ད་ལྟའི་བར་དུ་ང་ལ་ཐང་ཆད་ཅིང་སེམས་ངལ་བའི་ཚོར་བ་མ་བྱུང༌།
འོན་ཀྱང༌།  ད་ལྟ་ངས་གཞི་ནས་ཤེས་པ་ནི།  སྟོང་བསམ་ནི་ནམ་ཡང་སྟོང་བསམ་ཡིན་ལ།  སྟོང་བསམ་དེ་མངོན་འགྱུར་འབྱུང་བའི་ཉིན་མོ་ནི་ཚེ་ཡི་འདུ་བྱེད་སྟོང་བའི་སྐད་ཅིག་མ་དེ་ལ་རང་ལ་ནོངས་འགྱོད་མི་སྐྱེ་བ་དེ་རེད།
    སྟོང་བསམ་དེ་འོད་སྣང་བཞིན་ཡལ་གྱིན་པའི་རྐྱེན་གྱིས།  ངའི་རྩོམ་རིག་གི་ཕོ་བྲང་དེ་ཡང་ཉིལ་ཟིན་ལ།  ད་ལྟ་ངས་རང་གི་ལས་ཀ་སྟེ་རྩོམ་རིག་ཅེས་པར་བསམ་བློ་གཏོང་ཐེངས་རེར།  ལག་རྩལ་མི་དམན་པའི་ཤིང་བཟོ་དང་མགར་བའམ། སྤོ་ལོ་དང་མིག་དམངས་རྩེད་པར་མཁས་པའི་ལུས་རྩལ་པ། ཡང་ན་སོ་ནམ་དང་གསོ་སྐྱོང་ལ་བྱང་བའི་ཞིང་པ་དང་རྫི་བོ་སོགས་དྲན་གྱིན་འདུག་པས། ཤོག་དཀར་གྱི་ས་གཞི་ངམ་སྤང་ལྗོངས་ཡིག་འབྲུའི་ས་བོན་གཏོར་ཞིང་ལུག་ཁྱུ་འཚོ་བའི་རྩོམ་པ་པོའང“སྲིད་པ་རྒན་པོ”མིན་ལ།  ཐམས་ཅད་མཁྱེན་པའང་མ་ཡིན་པ་རྟོགས་བྱུང༌།
    ངའི་རྒྱུ་ནོར་འབའ་ཞིག་ནི་ཤོག་སྨྱུག་དང༌།  ལག་རྩལ་ཕྲན་བུ།  བསམ་བློ་ཉག་ཉོག་ཅིག་ཡིན་ལ།  སྟོང་བསམ་གྱིས་ད་བར་དུ་ང་ལ་བཞག་པའང་དེ་ཙམ་ཡིན།

རྩོམ་ཁུངས། ལྗང་བུའི་ལྷུག་རྩོམ་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོང་བསམ།

2010-08-12 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།