འབར།
ལམ་གྱི་རིང་ཚད་དུ་འགྲུལ་བཞུད་ཀྱི་གོམ་འགྲོས་འཁྱོར་ཞིང༌། སེམས་པའི་བསམ་ཕྱོགས་སུ་རེ་སྒུག་གི་སྙིང་རྟེན་འབར། གཏམ་རྒྱུད་རྒྱུས་མེད་ཅིག་གིས་ལས་དབང་གི་མཚེའུ་འགྲམ་དུ། ཁྱོད་ཀྱི་སྐྲ་ལོ་དང་བསམ་གཞིག་བསེར་བུར་བསྐུར་དུས། སྙིང་ལ་བསྙལ་བའི་སུ་ཞིག་གི་སྐྱེས་སྐར་གྱི་ཉི་ཟེར་རྣོན་པོ། ཟིལ་བ་བཀླུབས་པའི་ཞོགས་ལྗོངས་ཀྱི་མཁའ་དབྱིངས་ནས་དཀར་བོང་བོང་གི་གངས་རྩེ་རུ་ཟུག་པས། དེ་དང་མཉམ་དུ། མཚོ་རླབས་ལྟ་བུའི་ཁྱོད་ཀྱི་ཁྲག་རྒྱུན་ལྷོག་ལྷོག་ཏུ་འཕྱུར་ཞིང༌། ཉི་འོད་རུམ་པའི་ཁྱོད་ཀྱི་འདུ་ཤེས་སྨྲེང་སེམས་ཀྱིས་འབར།
འབར། ཚེ་སྲོག་གི་བཞུར་རྒྱུན་འབར། ཟུག་གཟེར་གྱི་དྲན་གདུང་འབར། རེ་སྒུག་གི་སྐྱེས་སྐར་འབར། ངང་སྒུག་གི་གོ་རིམ་བརྟན་པའི་དུས་ཚིགས་ཀྱི་བར་སྣང་ནས་ཅི་ཡང་འབར་ཆོག་པས། ཅི་ཡང་འབར་བར་སྨོན།བགྲོད་སྟངས་སླ་མོ་ཞིག་བཙལ་ནས་རྙེད་དཀའ་རུང་སེམས་ནད་ལྕི་མོ་དེ་ནམ་ཡང་འབར་དགོས།རླུང་ལྡང་ཞིང༌། རྡུལ་འཚུབ་ཅིང༌། ཁ་བ་བབས་ཀྱང༌། རུས་ཁྲག་གི་འཕྱུར་རྒྱུན་ཁྲོད། མ་མཐར་ཡང༌། སྙིང་དུ་སྡུག་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དེ་ཅིས་ཀྱང་འཚོལ་དགོས་ལ། འབར་ཡང་དགོས།
མངའ་ཐང་ཅི་ཡང་མེད་པར་གྲང་འདར་གྱིས་འཚོ་བའི་རི་སྒང་དུ། འོ་ཇ་དཀར་པོ་ཐོག་མའི་རྟེན་འབྲེལ་དང་སེམས་ཀྱི་རང་མདངས་སུ་འཕྱུར་ཅིང༌། སྦྲ་ནག་སྨུག་པོ་ཨོང་བའི་མེ་རླབས་དང་གཏན་འདུན་ཟབ་མོའི་ཁྲོད་འབར།ཟུངས་ཁྲག་ཅིག འཆར་ཡན་ཞིག རྒྱུན་ཆད་མེད་པར་མངོན་ལྐོག་ཟབ་པའི་སེམས་ཀྱི་ཕ་རོལ་ཏུ། སུ་ཞིག་གི་ཞི་འཇགས་རྒུམ་པའི་ཕུག་རོན་ལ་གཏད་དུས། རེ་སྒུག་ཅིག ཁྱོད་ཀྱི་ལས་དབང་གི་རུམ་ཁ་ན་འབར། འཁྲེང་ཞེན་ཞིག ཁྱོད་ཀྱི་ངུ་སྐད་ཀྱི་སྨྱུག་རྩེ་ན་འབར།
མཇུག་འབྲས་ཅི་ཞིག་ཡོད་ཀྱང་ཆོག་ལ། ནམ་ཟླ་ཇི་འདྲའི་བཙོག་ཀྱང་རུང༌། གང་ལྟར། ལྷ་སའི་བར་སྐོར་གླིང་གི་གདངས་གཉོམ་པའི་དབྱངས་རྟ་ཞིག་བསམ་ཚེ། འགྲུལ་བཞུད་ཀྱི་ལམ་ཁ་འདིར་དུས་ཚོད་ཇི་འདྲའི་འགོར་ཡང༌། མགོ་ཐོག་གི་འདབ་ཆགས་ཚོ་འཕུར་རག་བར་དུ། ཉེ་འཁོར་འདིའི་ལས་དབང་གི་ལན་ཆགས་དག་འཆི་བར་རེ་ལྟོས་འབར།བགྲོད་དཀའ་བའི་དུས་ཚིགས་རེ་རེ་ནི་མེར་འབར་བའི་སྙིང་རླུང་རེ་རེ་དང༌། ཡུན་རིང་བའི་ལོ་རྒྱུས་ནག་པོ་ནི་ངུ་སྤྲོ་བའི་གཏམ་རྒྱུད་རིང་མོ་རེད།ས་ཆེན་པོའི་བང་རིམ་དང་རི་མཐོན་པོའི་ཡང་རྩེ་ནས། འཐོར་རླུང་དྲག་པོའི་ཤུགས་རིང་ཁྲོད་ཁྱོད་ཀྱིས་རླུང་རྟ་དང་མེ་མཉམ་དུ། གསོལ་འདེབས་ཀྱི་ཁ་གཡང་སྣུམ་པོ་རྒྱང་ལ་སྤུར་དུས། སུ་ཞིག་གི་དམ་བཅའ་བརྟན་པོའི་མཆོད་སྟེགས་སུ་རི་ཚོགས་་མང་པོའི་མཁའ་དབྱིངས་འབར།
འབར། སྐྱོ་ཤས་དྲག་པོའི་ན་ཟུག་གི་གླུ་སྐད་ཁྲོད་སེམས་ཁོང་གི་ཚིག་འབྲུ་འབར།
འབར། སྒྱུ་འཕྲུལ་ལྟ་བུའི་ལྷ་སྒྲུང་གི་བང་སོའུཧ་སྟེང་ལོ་རྒྱུས་ཀྱི་ག་ཟི་འོད་འབར།
འབར། རྒས་གཉེར་ལྕི་མོའི་རི་བྲག་གི་ལྷིང་འཇགས་ཁྲོད་རྒྱང་རིང་གི་སྐྱེས་སྐར་འབར།
རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།