གངས།
སྟོན་མཇུག་འདིར།གཙང་པོ་དང་གཡོར་གྲུ་རྒྱང་རིང་དུ་བཞུད་སོང་།བྱ་ཁྱུ་དང་སྤྲིན་པ་ནམ་མཐའ་རུ་འཕུར་སོང་།ད་དུང་།ཁུ་བྱུག་གི་དབྱངས་རྟ་དང་འཕྲེད་གླིང་གི་འགྱུར་ཁུགས་ཀྱང་ཀྱང་རྒྱང་རིང་དུ་མཆེད་སོང་།ཁྱེད་ཁོ་ནས།གནས་འདི་རུ། མི་ལོ་སྟོང་ཕྲག་གི་སྙིང་ཁར་བསྙལ་བའི་ཚེ་སྲོག་གི་ལས་དབང་རུམ་བཞིན།ལྷགས་རླུང་གི་ས་ཁ་ནས་མི་ཡུལ་གྱི་རེ་སྒུག་སྒྲུམ་བཞིན་ལོ་ངོ་ཅི་ཙམ་འགོར།
གངས། ཕལ་ཆེར།བོར་ཟིན་པའི་རྨི་ལམ་རྙེད་པར་དཀའ།གངས། སྒྱུ་འཕྲུལ་གྱི་སྣང་ངོར།གསེར་དང་བྱུ་རུ།སྲམ་དང་གཟིག་ལྤགས།གནས་ཡུལ་འདིའི་འཚོ་བ་རེད།འཚོ་གཞེས་དེ་དག་གི་ཀློང་ན།ཁོ་ཚོར་འཕུར་རྩལ་མེད།ཁོ་ཚོར་ཁ་ཕྱོགས་མེད།ཐ་ན། ཁོ་ཚོར་ཅི་ཡང་མེད་ཀྱང་། ཁོ་ཚོར་མཚོན་ན་ཅི་ཡང་མེད་པའི་སྣང་བ་གཏན་ནས་མེད།ཁོར་ཡུག་འདིར། དུས་སྟོན་ལ་བདེ་བར་རོལ་བའི་སྒྲ་དབྱངས་བསིལ་མོ་ནི་མཐོ་སྒང་གི་རྫི་གླུ་རེད།ཁོར་ཡུག་འདིར། གསར་འགྱུར་གྱི་ངོ་མཚར་མང་བའི་གླིང་གཞི་དྲོན་མོ་ནི་རྩྭ་ཐང་གི་གཡུལ་འགྱེལ་རེད།
གངས། འཚོ་སྟངས་ཤིག་བསམ་ན། མིག་ཆུ་བཞུར་ཞིང་།
གངས། འཚོ་སྟངས་གཞན་ཞིག་དྲན་ན། རེ་ཐག་ཆད་འགྲོགང་ལྟར་གནམ་འོག་འདིར། སུས་ཀྱང་ཁྲེལ་དགོད་གནང་མི་ཆོག་ལ། སུས་ཀྱང་མཐོང་ཆུང་ཡང་བྱས་མི་ཆོག ཟླ་བ་འཚེར་ཆོག་པའི་མཁའ་ལམ་དང་གངས་རི་འགྱིངས་ཆོག་པའི་བསྟི་གནས་ན། རྒྱང་རིང་ལ་སྨོན་པའི་ཕུག་རོན་གྱི་རྣམ་ཤེས་དང་། ཆར་རླུང་འབྲེག་པའི་གངས་གཡག་གི་རྭ་རྩེ་ཧ་ཅང་རྣོ།
གངས། མཐོ་སྒང་འགྲིམ་པའི་བླ་སྲོག་གི་མཆོད་རྟེན་དཀར་པོ། སྐྱེ་བ་འདིར། གཡང་དཀར་ལུག་ཁྱུ་དང་།སེར་ཆེན་མེ་ཏོགབརྩེ་ཞེན་གྱིས་རྙེད་པའི་འདབ་ཆགས་ཚོའི་འཚོ་རྟེན་རེད། སྐྱེ་བ་འདིར། དྲན་ཀློང་ན་འཛུམ་པའི་ལྷ་མོ་དང་། སེམས་ཁོང་ན་འཛར་བའི་སྙན་ངག་ཉི་མ་ལྷ་ས་བཞིན་འདབ་ཆགས་ཚོའི་སེམས་པའི་རྟེན་གཞི།གངས། དྲན་པའི་བང་རིམ་ན། དུངས་པའི་མཆོད་སྟེགས་སུ། ལྷད་མེད་ཀྱི་འོ་ཇ་བཞིན་གདུ་བའི་ཁོའི་སེམས་པ་དང་ཁྲག་རྒྱུན།འབྲོང་མགོ་སྐམ་པོ་དེའི་སླད་དུ།ནམ་ཡང་། དུར་ཁྲོད་ཀྱི་རི་སུལ་ན་ལྷོག་ལྷོག་འཕྱུར།
གངས། གནས་འགྲོ་མའི་རྨི་ལམ་དང་མིག་ཆུ་རེད།
གངས། ཡུལ་གྱར་བའི་སྤོབས་པ་དང་ལྷ་ཆེན་རེད།
གངས། གནམ་འོག་གི་འདབ་ཆགས་ཚོ་ལམ་ལ་ཆས་སའི་སྔོན་འགྲོ་ཡི་ཀ་བ་བརྟན་པོ། སུ་ཞིག་གི་ལུང་བསྟན་དང་ཁ་ཆེམས་བཞིན་བཙུགས་ཤིང་སྐྱེས་ཏེ། སུ་ཞིག་གི་འཁྲུངས་སྐར་ལ་རེ་སྒུག་གི་མགོ་བོ་དགྱེ་བའི་སྤོབས་པ་མཐོ།
གངས། བཞུད་ཟིན་པའི་ལམ་ཐག་དང་ལོ་ཟླ་རེ་རེ། བརྗེད་དཀའ་བའི་འདབ་ཆགས་ཚོའི་ཅ་ཅོ་དང་རོལ་དབྱངས་རེད།ལྷ་ཚོགས་མང་པོའི་རྣམ་ཤེས་ཀྱི་གངས།རེ་ལྟོས་ཀྱིས་བཞེངས་པའི་འཇིག་རྟེན་འདི་ནས།ཅིས་ཀྱང་། སྐྲ་ལོ་རླུང་ཁར་ཟད་པའི་མི་ཚོགས་དང་གཤོག་ཟུང་བྲག་ལ་བརྡར་བའི་འདབ་ཆགས་ཚོ། ངུ་ཤུམ་དང་གྲང་འདར་མེད་པར།ལྷིང་འཇགས་ཀྱིས་འཕུར་ཆོག་པའི་མཁའ་ལམ་ཡངས་པོ་ཞིག་གི་སྒོ་ཡོལ་ཕྱེ་རོགས།
གངས། སྟོན་མཇུག་འདིར།བོར་ཟིན་པའི་རྨི་ལམ་རྙེད་དཀའ་ཡང་།བར་ཐག་དེའི་དབང་གིས། ལོ་ངོ་ཅི་ཙམ་ལ་འདབ་ཆགས་ཚོས་གསོལ་འདེབས་དེའི་འོག་ནས་ཕྱི་རོལ་ལ་མིག་ཟུང་ཅེར་ཞིང་རྣ་བ་བླགས་བཞིན། སྐྱོ་སྡུག་གི་གཤོག་ཟུང་ལྷབ་ལྷུབ་འདར་བཞིན་དྲན་གདུང་གི་མིག་ཆུ་ཁྲོམ་ཁྲོམ་ངང་གཏོང་བ་ཁྱེད་ཀྱིས་ཀྱང་ལོས་མཁྱེན།གངས། རི་ཚོགས་མང་པོའི་ལྷིང་འཇགས་ཀྱི་ལོ་ཟླ་འཁྱག་བསིལ་བསིལ།
གངས། སྒྲ་དབྱངས་ལྷ་མོའི་ལོ་རྒྱུས་ཀྱི་ཞབས་རྗེས་འཇིགས་ཡེར་ཡེར།
གངས། རེ་ལྟོས་མོད་པའི་དྲི་མེད་ཀྱི་སེམས་འགྱུ་ལྗིད་ཏིག་ཏིག
༢༠༠༢.༨ . ༢ཉིན།
རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།