འུར་རྒྱངས་དིར་རྒྱངས།
༠༡ ལས་དབང་གི་ལྕགས་སྒྲོག་དམ་ས་ནས་ཁྱོད་ཁུ་སིམ་མེར་གཉིད་དུ་མི་ཡུར་བར་མཁྱེན།དེ་ནི་ཇི་སྲིད་བར་གྱི་གཟིམས་སྟངས་ཤིག་ཏུ་འགྱུར་བས།སྐྲ་ལོ་གཟེངས་གཟེངས་ཀྱི་འཇིགས་སྐྲག་ཅིག་ཐོན་འོང་ལ།མཆི་མ་ཁྲོམ་ཁྲོམ་གྱི་གདུང་སེམས་ཤིག་ཀྱང་སྐྱེས་འོང༌།
༠༢ ཁྱོད་ཀྱིས་མགྲིན་པ་གཟེངས་སུ་བཏེགས་ནས་ནད་མེད་འཁུན་སྒྲ་འབྱིན་དོན་ཅི།ཁྱོད་ཀྱིས་ལག་པ་དགུང་དུ་གཡུགས་ནས་སྣག་ཤོག་ཡི་གེར་འཛད་དོན་ཅི།འཁོར་བ་ལ་ཞེན་པ་ལོག་པས་ཨེ་རེད།ཚེ་སྲོག་ལ་སྙིང་བོ་མེད་པས་ཨེ་རེད།ཡང་ན་འདུག་མི་བཟོད་པའི་ཟ་འཕྲུག་ཅིག་གིས་ཨེ་རེད།
༠༣ ཁྱོད་ཀྱིས་ན་ནིང་ཕུད་པའི་གཟན་ཤམ་དེ་ད་ལོར་ཡང་དམར་ཀྱིག་གེར་ཕྱིར་གྱོན་འདུག་ཟེར་བ་བདེན་ནམ།འདས་སོང་ལ་ནོངས་པ་ཨེ་རེད།ཡིན་ནའང༌།སྐྱོན་མི་འདུག དཀོན་མཆོག་བྱམས་དང་སྙིང་རྗེའི་བདག་པོ་ཡིན་པས།ཁོང་གི་གདུང་ཁང་དུ་སོང་ལ་འགྱོད་གཞགས་བྱོས་དང༌།ཁྱོད་ལ་གུ་ཡངས་གཏོང་ངེས་རེད།
༠༤ ངའི་གུས་པར་འོས་པའི་སྒེར་གཅོད་པ་ལེགས།བུའུ་ལ་ཏིན་གྱིས་གཞོལ་བའི་འཇིགས་སྐུལ་ནི་ཕྱི་དངོས་པའི་འཇིག་རྟེན་དང༌།ཁྱོད་ཀྱིས་གཞོལ་བའི་འཇིགས་སྐུལ་ནི་ནང་བསམ་པའི་དཀྱུལ་འཁོར་ལེགས་པས།ཁྲག་གིས་བྲིས་པའི་ལོ་རྒྱུས་ཀྱི་དེབ་ཐེར་དེར།ཁྱོད་ངེས་དོན་གྱི་ཉེས་ཅན་ཞིག་ཏུ་འགྱུར་བར་མི་དངངས་སམ།
༠༥ པོ་ཏ་ལ་ནི་ཁྲེལ་གཞུང་མེད་པའི་འདོད་འཇོ་མ་ཞིག་རེད།མིན་ན་རྒྱལ་རྩེའི་དཔའ་བོའི་མེ་ཏོག་གི་འཛུམ་མདངས་བསྐྱར་ནས།དབྱིན་ཇིའི་སྐོར་མིའི་མེ་ཏོག་གི་འཛུམ་མདངས་ལ་འཐམ་འཁྱུད་བྱེད་དོན་ཅི།
༠༦ རང་ཉིད་ཀྱི་རྒྱུ་འབྲས་ཡང་རྡོག་རྫིས་བཏང་ཟིན་པའི་ཁྱོད་ཀྱིས།ད་དུང་ཡང་མཁས་པའི་ཆོ་ལོ་ལ་ཤི་འཐམ་རོ་འཐམ་བྱེད་དོན་ཅི།ཁྱོད་མ་གཞི་ནས་ཤུབས་སུ་ཚུལ་ཡོད་པ་མིན་ནམ།
༠༧ བདེན་ལུགས་ཀྱི་སྐད་ཆ་རྫ་རྡོ་བ་འདྲ་འདི་ཁྱོད་ཀྱིས་མི་ཐེག་པར་ཁག་མེད་དེ།ཁྱོད་མ་གཞི་ནས་འཁུར་སླ་བའི་སྲིང་བལ་ཞིག་གི།
༠༨ བདེན་པའི་ར་གཞུ་ལ་དྲང་པའི་མདའ་མོ་སྤྲོད་དུས།འདར་སུག་སུག་གི་ཁྱོད་ཀྱིས་ངུ་ཤུམ་ཡང་ཡང་འབྱིན་ཀྱང༌།སྐྱེ་བ་ད་ཐེངས་ལ་བདེན་སྐུལ་གྱི་ཁ་ཆེམས་ཤིག་ཅིས་ཀྱང་འཇོག་རན་འདུག
༠༩ ཁྱོད་ཀྱིས་འཕོངས་ལ་རྩམ་སྐྱ་བྱུགས་ནས་དགོ་པའི་ཁྱུ་་ལ་ཞུགས།
ཁྱོད་ཀྱིས་མགོ་ལ་རུ་ཐར་བཙུགས་ནས་ཤ་བའི་གྲས་ལ་འཚངས།
ཁྱོད་ཀྱིས་སྐེ་ལ་དྲིལ་ཆུང་བཏགས་ནས་བྱི་པའི་ཚང་ལ་འཛུལ།
ཨ་ཧོ། དོན་དམ་པར་ཁྱོད་ལ་རང་གཟུགས་ཤིག་ཨེ་ཡོད།
༡༠ ཁྱོད་ཀྱིས་དགུང་གི་སྐར་མ་བརྩིས་ན་ཚེ་ཚད་ཐུང་བར་སྐྲག
ཁྱོད་ཀྱིས་རང་གི་གྲིབ་མར་ཅེར་ན་དབུགས་ལེན་གཏོང་བར་འཇིགས།
ཁྱོད་ཀྱིས་ས་ཡི་ཆུ་མིག་བསྔོག་ན་གཉན་ཆེན་ཁྲོས་པར་དངངས།
ཀྱེ་ཧུད།ཁྱོད་ལ་འཇིགས་པ་བརྒྱ་ཡི་སྲོག་རླུང་ཞུགས་འདུག་ཨང༌།
༡༡ སློབ་གསོའི་ཕྱི་གོས་མནབས་ནས་ཁ་གསོ་གཉེར་པའི་ཟློས་གར་འདི་འདྲ་ཧྲི་རེ་ཏེ་རི་ཁི་ཡིས་སྔ་ས་ནས་འཁྲབ་ཟིན་པས།འཛམ་གླིང་མི་དམངས་ཀྱི་མིག་འོག་ན་ཁྱོས་ཐར་ས་ཞིག་བརྒྱ་བྱིན་གྱིས་ཀྱང་བསྐྲུན་མི་ཐུབ།
༡༢ ཡིད་མི་ཆོས་པ་སྔོན་ལ་བྱས་ན་ཡིད་མི་ཆོས་རྗེས་ནས་ཡོང་ཟེར་བར་ཁྱོད་ཡིད་ཨེ་ཆོས།
༡༣ སྙན་ངག་གི་ཡོན་ཏན་གོ་དཀའ་སླས་འབྱེད་པ་ནི་ལོང་བཤད་ཙམ་མེད་ལ།དཀའ་སླ་དེའང་མི་ཉིད་སོ་སོའི་ཡོན་ཚད་ཀྱིས་འབྱེད་པ་ནི་དེ་བས་ཀྱང་སྨྱོན་བཤད་ཅིག་ཡིན
༡༤ ཁྱོད་ཀྱིས་བདེན་དོན་ཞེས་པའི་རུས་ཀོག་ཅིག་ལ་ཡང་ཡང་མུར་ཡང༌།རང་ཉིད་ཀྱི་ཡ་སོ་རྫུན་མ་ཡིན་པ་སུ་ལ་་གནང༌།
ཁྱོད་ཀྱིས་ཁེར་ཚུགས་ཞེས་པའི་རི་བོ་ཞིག་ལ་ཡང་ཡང་བསྙབས་ཀྱང༌།རང་ཉིད་རླུང་གི་སྤྲིན་པ་བཅིབས་པའང་སུ་ལ་བརྗོད།
༡༥ ཁྱོད་ནི་ཁང་མིག་དོག་པོ་ཞིག་ལ་འཛུལ་ནས་ཞིབ་འཇུག་བྱེད་མཁན་བྱེད་དེ་ཡིན་ན།མུན་ནག་ལོང་སྙོབ་དཔེ་ཆོས་འདི་སྔར་ནས་ཁྱོད་ཀྱི་འབྲས་བུར་གྲུབ་ཚར་ལ།དོན་མིད་མུ་ཅོར་གྱི་ཐལ་སྒྲ་འདི་སྔར་ནས་ཁྱོད་ཀྱི་གསུང་བཤད་དུ་བརྗོད་ཟིན།
༡༥ གུས་པའི་དེ་རིང་ཁྱེད་ཅག་ལ་ཐ་སྙད་གསར་བ་ཞིག་ངོ་སྤྲོད་རྒྱུ་ཡིན་ཞིང༌།དེ་ནི་ངག་ནས་རྗོད་བྱེད་སྟོང་བའི་མགྲིན་པ་འདར་ཡང༌།ཕ་ངོ་མ་ངོ་མི་ཟིན་པའི་དེང་རབས་བོད་ཀྱི་ལྐུགས་པ་གསར་མ་བ་དེ་ཚོའོ།།
5.8.2010.ཀུན་སེལ་དེའི་འབུར་ནས།
རྩོམ་ཁུངས། ངེད་དྲ་བ།