ཨ་རྡོར་གྱི་ལྷུག་རྩོམ་ཁག་གསུམ།
དང་པོ། སྟོན་མོ་དང་དེའི་སྐོར་གྱི་ཤེས་བྱ་ཕྲན་བུ།
མི་རིང་པའི་སྔོན་ལ། ཁོ་བོའི་ངོ་ཤེས་ཨ་རི་བའི་བུ་མོ་ཞིག་གིས་གཙོས་ནས་གྲོགས་མོ་ཞིག་གི་གཉེན་སྟོན་ལ་ཞུགས་རབས་བཤད་ལ་ཞར་ལ་གཉེན་སྟོན་སྐོར་གྱི་ཁོ་མོའི་བསམ་ཚུལ་མི་ཉུང་བ་ཞིག་བཤད་བྱུང་། ཁོ་མོས་གཉེན་སྟོན་གྱི་ལེགས་སྐྱེས་སུ་རང་གིས་དངོས་སུ་བྲིས་པའི་སྣུམ་ཚོན་རི་མོ་ཞིག་ཕུལ་ཚུལ་དང་། ཁོ་མོ་དང་མགྲོན་པོ་གཞན་པ་ཚོའི་བར་ཁྱད་པར་གང་འདྲ་ཡོད་མིན་སོགས་བཤད་བྱུང་། ཁོ་མོས་བདག་ལ་ཁྱོད་ཚོའི་བོད་པ་འདི་དག(གཙོ་བོ་གཙོས་ཡར་མར་གྱི་བོད་མི་)གིས་གཉེན་སྟོན་གྱི་ལེགས་སྐྱེས་ལ་དངུལ་སྟེར་སྲོལ་འདི་ཁོ་མོར་ཅུང་མི་བདེ་བའི་སྣང་བ་སྟེར་རབས་བཤད། ཁོ་བོས་དེའི་དོན་ཅི་ཞིག་ཡིན་པར་དྲིས་པ་ན། ཁོ་མོས་ གཉེན་སྟོན་འདི་མི་གཉིས་ཀྱི་འཇིག་རྟེན་སྣང་བའི་བརྩེ་དུང་གི་དམ་བཅའ་འཇོག་པའི་ཆོ་ཀ་ཡིན་པ་ལས་དངུལ་རྐྱང་བསྡུ་བའི་ཆོ་ག་ཞིག་ཏུ་གྱུར་འདུག་པ་འདིས་གཉེན་སྟོན་གྱི་ངོ་བོ་དང་། དེའི་ཧ་ཅང་གི་ཡིད་དུ་འོངས་པ་དང་དེའི་སྙིང་པོ་བོར་འདུག་པའི་སྣང་བ་སྐྱེས་པ་མ་ཟད། ཁོ་ཚོའི་ཡེ་ཤུ་བའི་གཉེན་སྟོན་དང་བསྡུར་ན། ད་ལྟ་གྲོང་ཁྱེར་ནང་གི་བོད་མི་འདི་ཚོའི་གཉེན་སྟོན་ལ་གཉེན་སྟོན་ལས་ཆང་གི་སྟོན་མོའི་ཤུགས་ཆེ་བ་མ་ཟད། ཆང་སྟོན་ལས་ཀྱང་ཚོང་གི་འདུ་ཤེས་ཤུགས་ཆེ་བའི་ཆོ་ག་ཞིག་ཏུ་གྱུར་འདུག་པ་འདིས་ལྷད་མེད་བརྕེ་དུང་གི་དམ་བཅའི་ཆོ་ག་དང་། མཛེས་སྡུག་གི་འཚོ་བ་གསར་བར་སྤོས་པའི་གོམ་སྟབས་ཀྱི་ཆོ་ག་ཞིག་ཏུ་མི་འགྱུར་བའི་ཚུལ་བཤད་བྱུང་། ཁོ་ཚོའི་གཉེན་སྟོན་ནི་ཆོ་ག་དང་གསོལ་སྟོན་སོ་སོར་ཕྱེས་ཡོད་ལ། གསོལ་སྟོན་ལའང་ཐད་ཀར་དངུལ་ཁྱེར་སྲོལ་མེད་པའི་སྐོར་བཤད་བྱུང་།
གནད་དོན་འདི་ལྟར་བཤད་དུས། གྲོགས་པོ་སེམས་བཟང་ཞིག་གིས་བདག་ལ་བཤད་པའི་སྐད་ཆ་དག་ཡིད་ལ་དྲན་བྱུང་། ཁོས་ང་ལ༼ཁྱོད་ལོ་འདི་འདྲ་ཞིག་ཏུ་སླེབས་ནའང་སྟོན་མོ་གཅིག་ཀྱང་བྱེད་པའི་གོ་སྐབས་བྱུང་མེད། ཁྱོད་ལ་ཆུང་མ་མེད་ལ་བུ་ཕྲུག་ཀྱང་མེད་པ་མ་ཟད། ཁང་བ་དང་། རླངས་འཁོར་སོགས་གང་ཡང་མེད་པས། གཉེན་སྟོན་དང་། ཁང་སྟོན། བཙས་སྟོན། བྱིས་པ་ཟླ་ཁ་གང་བ་སོགས་ཁ་གཡོར་སའི་སྟོན་མོ་ཞིག་བྱེད་ཐབས་མེད་པས། ད་ལྟ་འབུམ་རམས་པ་མཐར་ཕྱིན་ཁར་སྟོན་མོ་ཞིག་བྱས་ན་ཅི་འདྲ་རེད་ཟེར། ༽ ཁོ་བོས་ཐོག་མར་བདག་གིས་དངོས་གནས་སྟོན་མོ་གཅིག་ཀྱང་བྱས་མ་མྱོང་ལ། མཐའ་ན་བྱེད་རྒྱུ་ཡིད་ལའང་ཤར་མ་མྱོང་། ཞིབ་ཏུ་བསམ་ན་བདག་ལ་སྟོན་མོ་བྱེད་དགོས་པའི་དོན་དག་གང་ཡང་བྱུང་མེད་པ་འདྲ་ནའང་། ད་ལྟ་འབུམ་རམས་པའི་སློབ་རྟགས་འདི་སློབ་རྟགས་མཐོ་ཤོས་ཡིན་པ་དང་། རང་ཉིད་ཀྱི་རིག་གཞུང་ཞིབ་འཇུག་གི་ལམ་ཁར་རྡོག་པ་མནན་པའི་འགོ་ཚུགས་པའི་ཚུལ་དུ་འདུག་པས། རང་གི་དགའ་ས་མཐུན་ས་དང་གྲོགས་པ་ཁ་ཤས་དང་མཉམ་ཏུ་སྟོན་མོ་ཆུང་ཆུང་ཅིག་བྱས་ན ་མི་འོས་པ་མི་འདུག་སྙམ་མོད། ཉིན་ཁ་ཤས་ཀྱི་རྗེས་ནས་སྟོན་མོའི་མགྲོན་ཤོག་ཞིག་ལས་བདག་གི་བསམ་ཚུལ་བརྗེ་དགོས་བྱུང་སོང་། གྲོགས་པོ་ཞིག་གིས་བདག་ལ་གཉེན་སྟོན་མགྲོན་ཤོག་ཞིག་སྤྲད་སོང་དང་། མགྲོན་ཤོག་དེའི་སྟེང་གི་མི་དེའི་མིང་་ཁོ་བོས་ཇི་ལྟར་བསམ་བློ་བཏངས་ནའང་ཡིད་ལ་མི་དྲན། རྗེས་སུ་བདག་གིས་མི་གཞན་ཞིག་བརྒྱུད་ནས་མི་འདི་ངོ་ཤེས་སོང་ལ། མི་འདི་དོན་དངོས་སུ་ཁོ་བོ་དང་གྲོགས་པོ་མ་ཡིན་ནའང་གྲོགས་པོ་ཞིག་གི་གྲོགས་པོ་ཡིན་པའི་སྟབས་ཀྱིས་ང་རང་ཁོའི་གཉེན་སྟོན་དུ་བོས་པ་ཡིན་འདུག སྤྱིར་བདག་ནི་གཉེན་སྟོན་ལ་ཞུགས་རྒྱུར་མི་དགའ་བའི་ཁར་མི་ཆ་མེད་ཀྱི་གཉེན་སྟོན་ལ་འགྲོ་རྒྱུར་དེ་བས་མི་དགའ་བས། གྲོགས་པོ་དེའི་མགྲོན་ཤོག་ག་ལེར་སར་མི་འཕེན་ཀ་མེད་དུ་གྱུར། ཞིབ་ཏུ་བསམ་ན། གཉེན་སྟོན་ནི་རང་དང་མཛའ་ཞིང་གཅུགས་པའི་གྲོགས་པོ་དང་ནང་མི་དག་ལ་བརྩེ་དུང་གི་དགའ་སྟོན་མཉམ་དུ་རོལ་བ་དང་། མི་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་དཔང་པོ་ཙམ་ཡིན་པ་ལས། དེ་ནི་གོ་སྐབས་ཤིག་དང་ངོམས་སོ་ཞིག་ཏུ་གྱུར་ན་གཉེན་སྟོན་གྱི་ངོ་བོ་འབག་བཙོག་བཟོས་པ་ཡིན་འདུག་སྙམ་བྱུང་། བདག་ནི་གཉེན་སྟོན་ལ་ངོ་རྒོལ་དང་བརྩེ་དུང་ལ་སྨ་ཕབ་པ་སོགས་གང་ཡང་མ་ཡིན་མོད། དྭངས་གཙང་དུངས་སེམས་ཀྱི་མདུད་པ་མདུད་སྟངས་འདི་ལ་དངུལ་དང་དབང་ཐང་གིས་ངོ་བོ་བསྒྱུར་བ་འདི་ཡིད་སེམས་ཕངས་པ་ཞིག་ཏུ་མི་བཤད་ཀ་མེད་རེད།
བདག་རང་གཉེན་སྟོན་རེ་རེར་ཞུགས་ཚེ། སྒོ་ལམ་ན་དངུལ་ཐོ་འགོད་མཁན་དེ་ཚོས་ཤོག་བུ་དམར་པོའི་སྟེང་མིང་ཡིག་ནག་པོས་དངུལ་སྒོར་གྱི་གྲངས་ཀ་གསལ་ལ་ཆེ་བ་དག་འབྲི་བཞིན་པ་མཐོང་ཚེ་ཧ་ཅང་གིས་དོགས་མི་བདེ་བ་ཞིག་ཏུ་འདུག་ལ། ཁ་ཤས་ཀྱིས་མིང་དང་། ལས་ཁུངས་གང་གི་ཡིན་མིན་སོགས་འབྲི་སྟངས་ལས་སྲིད་འཛིན་དོ་དམ་པས་སྒེར་གྱི་གནས་ཚུལ་བཅར་འདྲི་བྱེད་པ་དང་འདྲ་བ་མ་ཟད། ང་ཚོ་ནི་ལས་ཁུངས་བཟང་ངན་དང་གོ་སའི་གནས་ཚུལ་ལས་མིའི་སྤྱི་ཚོགས་ཐོབ་ཐང་ལ་གདེངས་འཇོག་བྱེད་པས་ན། ཁ་ཤས་ཀྱིས་ལས་ཁུངས་སོགས་ཅུང་ཟད་མཐོ་གྲས་ཡིན་རབས་བཤད་ནས་རང་གི་ཐོབ་ཐང་ཇེ་མཐོར་བཏངས་རབས་ཡོད། གང་ལྟར། ཤོག་བུ་དམར་པོར་སྒོར་གྱི་གྲངས་འབྲི་བའམ། ཤོག་བུ་དམར་བོར་སྒོ་ ཐད་ཀར་བཅུག་ནས་སྟེར་བ་(ལྷག་པར་དུ་ལྷ་སར་རྒྱུགས་ཆེ)འདི་མཛའ་བཅུགས་རྡོ་རྗེ་མདུད་པ་མཚོན་པའི་ལེགས་སྐྱེས་ཡིན་ནམ་ཉོ་ཚོང་གི་དངུལ་སྒོར་བརྗེ་རེས་ཤིག་ཡིན་པའང་ང་ཚོའི་སེམས་ན་གསལ་པོ་ཡིན། གོམས་སྲོལ་འདི་དོན་དངོས་སུ་རིག་གནས་གང་གི་ཤན་ཞུགས་པ་དང་། གང་ནས་ཐོན་པ་མི་གསལ་མོད། སྟོན་མོ་འདི་དག་ཀྱང་དོན་དངོས་སུ་རྒྱབ་ཡོལ་གྱི་འདྲ་སྐུའམ་པོ་ཏ་ལ་དེ་དང་ཁྱོ་ཤུག་གཉིས་ཀྱི་པོད་ལྭ་གོན་ཡོད་པ་ལས་ཆོ་ག་ཡོངས་རྫོགས་རིག་གནས་གཞན་གྱི་འགྲོ་ལུགས་ཁོ་ན་ལད་ཟློས་ཙམ་ལས་གཞན་ཅི་ཡང་མེད་པས། ང་ཚོས་དོན་དངོས་སུ་ཅི་ཞིག་ནི་གཉེན་སྟོན་ཡིན་པ་དང་། སུ་ཞིག་མགྲོན་ལ་བོས་ན་འོས་པ་དག་ལ་བསམ་གཞིགས་ཤིག་བྱེད་དགོས་ཨང་།
ཕྱི་དྲོ་ཞིག་ལ་ལས་རོགས་ལིས་ལགས་ཀྱིས་ཁ་པར་བརྒྱུད་ནས་ང་རང་ངེས་པར་སློབ་གྲྭར་ཐོན་དགོས་ཚུལ་དང་དགོང་ཁའི་གསོལ་སྟོན་ལ་སློབ་གྲྭའི་གཙོ་འཛིན་དག་དང་དེ་མིན་འབྲེལ་ཡོད་མི་སྣ་ཁ་ཤས་ཞུགས་ཡོད་པས་དེ་ནི་ཁོ་ཚོར་ཁ་བརྡ་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཏུ་འདུག་པའི་སྐད་ཆ་བཤད་བྱུང་། བདག་ནི་དེ་མ་ཐག་ལམ་ལ་ཆས་ནས་ཟ་ཁང་དུ་སླེབས་དུས་ཁོ་ཚོ་ཚང་མ་སླེབས་འདུག་ལ། ནམ་རྒྱུན་ཅུང་ཟད་ཁྲོ་ཉམས་སྟོན་པའི་སློབ་གཙོ་དེས་ཀྱང་ང་ལ་སེམས་ཁྲལ་གྱིས་༼དགེ་རྒན་རྡོ་ལགས། ཁྱོད་ཀྱི་གོན་པ་སྲབ་འདུག། ཆམ་པར་སེམས་ཆུང་གྱིས་ཨང་༽ཟེར། ང་རང་ཧ་ཅང་དོགས་མི་བདེ་བའི་ངང་དེར་བསྡད་རྗེས་༼སྐྱོན་མི་འདུག བཀའ་དྲིན་ཆེ་༽ཞེས་བཤད་པ་ཡིན། ཚང་མའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་ཕན་ཚུན་ལ་ཀུ་རེ་བརྩེ་བ་མ་ཟད། ཕན་ཚུན་ལ་བསྟོད་པ་བྱེད་པ་འདི་སྔོན་ཆད་ལས་ཁུངས་སུ་ཧ་ཅང་ཉུང་བ་མ་ཟད། ཕན་ཚུན་ཕྲད་ནའང་ཁ་གྲགས་རེ་མེད་པའི་མི་འདི་དག་དེ་རིང་བཟའ་ཚང་ནང་མི་ལྟར་གློ་བུར་འདྲིས་སོང་བས། བདག་གིས་འདི་ནི་ཅི་འདྲའི་འབྲེལ་འདྲིས་ཀྱི་གོམས་སྟབས་ཆེན་པོ་ཞིག་རེད་ཨང་བསམ་བྱུང་། ཚལ་རིགས་དག་བཟའ་བའི་ཞར་ལ་ཆང་འཐུང་བ་ནི་གོམས་སྲོལ་ཆེན་པོ་ཞིག་ཏུ་འདུག་པས། ཁོ་ཚོ་ཡང་དེ་ལས་མ་འདས་མོད། རིམ་གྱིས་ཚལ་མི་བཟའ་བར་ཆང་རྐྱང་རྐྱང་བཏུང་བའི་ལས་ལ་ཞུགས་ཤིང་། མི་རེ་རེ་ཆང་སྐལ་རེ་བཏེགས་ནས་༼ཡོད་ཚད་བྱིས་པ་ཚོའི་དོན་དུ་བཀའ་དྲིན་ཆེ་༽ཞེས་ཕན་ཚུན་འདྲེན་པ་དང་། རྗེས་སུ་སློབ་གྲྭའི་ཚབ་ཡིན་ཟེར་ནས་སློབ་གཙོ་དང་ཀྲུའུ་རིན་གཉིས་ཀྱིས་ཚང་མར་ཆང་དྲངས་ཤིང་། དེའི་རྗེས་ནས་དགེ་རྒན་དཀྱིས་མ་དག་གི་ཚབ་ཡིན་ཟེར་ནས་དགེ་རྒན་གཉིས་ཀྱིས་དྲངས་ཤིང་། བུད་མེད་ཚོའི་ཚབ་ཡིན་ཟེར་ནས་བུད་མེད་གཉིས་ཀྱིས་དྲངས་ཤིང་། སྐྱེས་པ་ཚོའི་ཚབ་ཡིན་ཟེར་ནས་གཅིག་གིས་ཡང་དྲངས་ཤིང་། མི་ཞིག་གིས་རང་གི་ཕ་ཡུལ་གྱི་ཚབ་ཡིན་ཟེར་ནས་དྲངས་ཤིང་། རིམ་གྱིས་མི་གཅིག་གིས་ང་རང་ཉིད་ཀྱི་ཚབ་ཡིན་ཟེར་ནས་ཀྱང་རེ་རེ་དྲངས་དུས། ཕལ་ཆེར་ཁོ་ཚོའི་སྐེ་ནས་འགོ་བརྩམས་ཏེ་གདོང་བ་དམར་བོར་གྱུར་བའི་ཚད་ལ་ཐུག། བདག་གིས་ལུས་ཀྱི་བདེ་ཐང་གི་དབང་གིས་ཆང་འཐུང་མི་རུང་ཞེས་ཨུ་ཚུགས་ཀྱིས་བཤད་ཅིང་ངོ་གནག་ནས་བསྡད་པས་ཉེན་ཁ་ལས་ཐར་ནའང་གཞན་ཆང་འདྲེན་པ་དང་བླུགས་པ་སོགས་ཀྱིས་ལས་འགན་ཕྲག་ཏུ་རང་ཤུགས་ཀྱིས་བབས་བྱུང་། ང་ཚོའི་གྲས་སུ་བུད་མེད་གཉིས་ལས་གཞན་ཚང་མ་སྐྱེས་པ་ཡིན་པས། སློབ་གཙོས་བུད་མེད་གཉིས་ལ་རིག་རིག་བལྟ་བཞིན་༼ང་ཚོའི་མེ་ཏོག་གཉིས་ཀྱིས་ཆང་ངེས་པར་འཐུང་དགོས་༽ཞེས་བཤད་པ་ན་མི་ཚང་མས་༼ཧ་ཧ་ཧ་༽མཉམ་དུ་བགད་པ་དང་། དེ་ནི་བུད་མེད་གླེང་བའི་གཏམ་གྱི་སྒོ་མོ་ཕྱེས་པ་ལྟར། རིམ་གྱིས་མི་ཚང་མས་བུད་མེད་གཉིས་ལ་དགོད་གཏམ་བཤད་པ་དང་། ཤགས་རྒྱག་པ། ཐ་ན་ལུས་འབྲེལ་སོགས་གད་མོའི་ཚུལ་གྱིས་བཤད་པས་མི་ཚང་མའི་དགོད་སྒྲ་ཇེ་མཐོར་ལྡབ་འགྱུར་གྱིས་སོང་། ཁོ་བོའི་སེམས་སུ་བུད་མེད་ཀྱིས་དགོད་གཏམ་བྱེད་པ་འདི་དེ་འདྲའི་འོས་པ་ཞིག་མིན་པར་སྣང་ནའང་། བུད་མེད་དེ་གཉིས་ཀྱང་དོགས་མི་བདེ་བའི་སྣང་བ་མེད་ལ་ད་དུང་ཁོ་ཚོ་དང་མཉམ་དུ་ཤུགས་ཆེན་པོས་དགོད་ཚུལ་ལ་བལྟས་ན་ཁོ་ཚོའང་དེ་དག་ལ་དགའ་སྣང་ཡོད་པའི་རྣམ་འགྱུར་གསལ། དུས་ཚོད་མང་བོ་སོང་རྗེས་སྐྱེས་པ་ཚང་མས་བུད་མེད་དེ་གཉིས་ལ་དམིགས་ནས་སྐད་ཆ་བཤད་པ་ལས་སྐྱེས་པ་གཞན་དག་སྣང་མེད་དུ་བཞག་པའི་ཚོར་བ་སྟེར་བ་མ་ཟད། རིམ་གྱིས་ཁོ་ཚོད་འཕྲོག་རྩོད་ཀྱིས་སྔོན་དུ་བསྣུར་ནས་སྐད་ཆ་བཤད་པ་མ་ཟད། མིག་གི་ལྟ་སྟངས་དང་ཁ་ཡིས་བཤད་སྟངས་གང་གི་ཆ་ནས་ཀྱང་ཧ་ཅང་གིས་མི་འོས་པའི་ཚད་དུ་སོང་བས། ཁོ་བོས་འདི་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་ཏུ་འདུག་སྙམ་ནའང་། བུད་མེད་དེ་གཉིས་ཀྱང་ཧ་ཅང་སྤྲོ་སྣང་ཡོད་པའི་སྣང་བ་འདུག་པས་ན། ཁོ་བོའི་འདོད་ཚུལ་ཡང་དག་པ་མ་ཡིན་པ་ར་སྤྲད་སོང་།
གང་ལྟར་ཆང་འཐུང་ཞོར་དུ་བུད་མེད་གླེང་བ་ནི་སྐྱེས་པ་ཚོའི་རང་གཤིས་ཤིག་ཡིན་སྲིད་ལ། ཆང་འདི་ཡོད་ཚད་ཀྱི་སྒོ་མོ་འབྱེད་པའི་༼ལྡེ་མིག་༽ཞིག་ཡིན་ངེས་ནའང་། མི་འདོད་བཞིན་དུ་ཆང་མགོ་ལ་བཙན་གྱིས་འཇོག་པ་ནི་སྡུག་བསྔལ་ཅིག་དང་། ཆང་དང་བུད་མེད་མཉམ་དུ་གླེང་བ་ནི་ལྟ་ཚུལ་གཞན་ཞིག་ཏུ་བདག་གིས་འདོད། ཉིན་དེའི་ཕྱི་ཉིན༼སློབ་ཁྲིད་གཅིག་ལ་ཆད་ན་ཞིང་ཆེན་སློབ་གསོ་ཐིན་ལ་གཏུགས་རྒྱུན་ཡིན༽་ཟེར་བའི་སློབ་གཙོ་ཁོངས་སུ་གཏོགས་པར་མི་ཚང་མ་ལས་ཀར་ཞུགས་མེད་ལ། ཚང་མས་སྒྲིག་ཁྲིམས་ནན་མོ་ཡོད་ཚད་བརྗེད་དེ་གཉིད་དུ་ཤོར་ནའང་། ཁྲིམས་དང་ཆད་པ་གང་ཡང་མེད་པས། བདག་གིས་ཆང་འཐུང་བའི་དགེ་མཚན་རིམ་གྱིས་ཅུང་ཟད་གོ་བར་གྱུར།
རྩོམ་ཁུངས། ངེད་དྲ་བ།