ངའི་གཅེས་སུ་འོས་པའི་མ་གལ་ལྗོན་ཤིང་།

    ངའི་ལྷས་དཀྱིལ་ན་ད་ལྟ་མཛེས་སྡུག་ལྡན་པའི་མ་གལ་ཤིང་སྡོང་ཞིག་ཡོད།  གཞུང་རྟ་སྦོམ་ཞིང་ཡལ་ག་རབ་ཏུ་རྒྱས་པའི་ཤིང་སྡོང་འདིས་ས་ཁང་འདི་ལ་བཀྲག་མདངས་བསྣན་ཡོད་པར་མ་ཟད།   ངའི་ཀྱག་ཀྱོག་གི་མི་ཚེ་ལ་འདར་དུ་མེད་པའི་སྙིང་སྟོབས་དང་རང་ཉིད་འཇིག་རྟེན་སྐྱེ་དངོས་ལ་དགའ་ཞིང་དུངས་པའི་མཛེས་དཔྱོད་ཀྱི་ལྟ་བ་ཡང་བསྩལ་ཡོད།   སྤྱིར་ཡིན་ན་ངའི་ལྷས་རྭ་ནང་དུ་རིགས་མི་གཅིག་པའི་ཤིང་སྡོང་འགའ་ཡོད་ན་ཡང་ང་ཁོ་ལ་དམིགས་གསལ་གྱིས་དགའ་བའི་རྒྱུ་མཚན་ནི་ཁོ་ལ་ཤིང་སྡོང་གཞན་ལས་འབུར་དུ་ཐོན་པའི་མཛེས་སྡུག་ཅིག་ཡོད་པ་མ་ཡིན་པར་དེ་ནི་མ་གལ་ལྗོན་ཤིང་དང་ངེད་གཉིས་ཀྱི་བར་ན་དཔུང་བ་མཉམ་གཤིབས་ཀྱིས་ལོ་ཟླ་ལ་གདོང་གཏད་པའི་གཏམ་རྒྱུད་ཅིག་ཡོད་པས་ཡིན།  
    བདག་གི་ཁྱིམ་མིས་ཁང་པ་དེ་ཉོས་རྗེས་ངས་ཁོམ་ལོང་གི་དུས་ཚོད་བེད་སྤྱད་དེ་ཁང་པའི་ཕྱི་ནང་ལ་གད་བདར་བྱེད་རྒྱུ་ནི་ངའི་འགན་ཁུར་དུ་གྱུར་སོང་།  ང་དང་དགེ་རྒན་གཉིས་དང་ཐོག་ཁང་གསར་ལ་བལྟ་རུ་འགྲོ་སྐབས་མ་གལ་ལྗོན་པ་དེ་ནི་ཧ་ཅང་ཉམས་ཆུང་ལ་གཞུང་རྟའང་དྲང་མོ་མིན་པར་ཉིས་ཚེབ་ཡིན་པས་ངས་དགེ་རྒན་གྱི་མིག་ལམ་དུ་ཁོ་ནི་ལོ་ངོ་མང་པོར་ཉི་ཆར་གྱིས་གཙེས་ཏེ་སྔར་ནས་རུལ་ཟིན་པའི་ཤྭ་རྭ་ཞིག་དང་གཉིས་སུ་མ་མཆིས་ཟེར།  སྐབས་དེར་ང་མི་ལོ་བཅུ་བཞི་ཡིན་ལ་དགོན་པར་ཡོང་སྟེ་ལོ་གྲངས་གཅིག་ཙམ་ལས་འགོར་མེད།  ཉིན་དེར་ངས་མ་གལ་ལྗོན་ཕྲུག་མཐོང་སྐབས་ང་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་བྱིན་སོང་།   མ་གལ་ལྗོན་ཕྲུག་ནི་དབུགས་ཀྱི་བླ་སྲོག་གིས་ཟིན་པའི་འགྲོ་དྲུག་གང་རུང་གི་སེམས་ཅན་མིན་ན་ཡང་ངའི་སྣང་ངོར་ཁོ་ནི་ཧ་ཅང་གཅེས་སུ་འོས།   ཁོ་ནི་རྟུལ་ཕོད་ཅན་གྱི་བྱིས་པ་པྲ་ཚག་ཅིག་དང་འདྲ་བར་རྩྭ་ལྡུམ་ཁྲོད་ན་ཁེར་རྐྱང་ངང་འདར་སིག་སིག་གིས་འགྲེང་སྟེ་རང་བྱུང་ཁམས་ཀྱི་གྲང་རླུང་ལ་ངོ་གདོང་གཏད་འདུག།  ངའི་ན་ཚོད་ཕྲ་ཡང་དེ་ནས་བཟུང་ལྗོན་ཤིང་ཆུང་ཆུང་དེ་གསོ་སྐྱོང་བྱས་ཏེ་ལྗོན་པ་ཆེན་པོ་ཞིག་ཏུ་བསྐྱེད་རྒྱུའི་དམ་བཅའ་བཞག་པ་ཡིན།    
རེད་ཡ།  དགེ་རྒན་གྱི་གམ་དུ་ང་ཚོ་གྲྭ་ཕྲུག་རྣམས་ལ་རང་ཚོད་ཀྱིས་ལས་ཀ་མང་པོ་ཡོད་དེ།  རྟག་ཏུ་ཇ་ཐུན་གསུམ་ཀའི་འགན་ཁུར་མ་ཁུར་རང་ཁུར་ཡིན་ལ།  གཞན་ཚོགས་ཆོས་གྲྭ་དང་དཔེ་ཁྲིད་བློར་འཛིན་སོགས་ཀྱི་བྱ་བ་ཡོད་པས་བྱིས་པ་ཞིག་ལ་མཚོན་ན་འགན་ཁུར་ཧ་ཅང་ལྕི།   དེ་བས་ང་ཚོ་གྲྭ་ཕྲུག་དག་ལ་བྱིས་པ་ཞིག་ལ་ཡོད་འོས་པའི་ཕ་མའི་བརྩེ་སེམས་དང་རང་དབང་གི་རྩེད་མོ་སྣ་ཚོགས་ཀྱིས་སྟོང་།   ཁྱད་པར་དུ་ང་ལ་རང་སྒེར་གྱི་ལས་ཀ་ཞིག་ཡོད་པ་ནི་ལྷས་རྭའི་ནང་གི་མ་གལ་ལྗོན་ཕྲུག་ལ་ས་ཆུ་དྲོད་གསུམ་གྱི་མཐུན་རྐྱེན་སྦྱར་བ་དང་ལྗོན་ཕྲུག་གི་གཞུང་རྟ་གཅོད་གཞོགས་གཏུབ་གསུམ་བྱས་ཏེ་ཁོ་མ་འོངས་པ་ན་མཛེས་སྡུག་ལྡན་པའི་མ་གལ་ལྗོན་པ་ཞིག་ཏུ་སྙོད་སྐྱོང་བྱ་རྒྱུ་དེ་རེད།  ང་ལ་ངལ་རྩོལ་གྱི་གནོན་ཤུགས་དེ་ལྟར་ཆེ་ན་ཡང་ངས་མ་གལ་ལྗོན་ཕྲུག་གི་ཆེད་དུ་བརྩོན་འགྲུས་ཀྱི་བརྟུལ་ཞུགས་ལྷུར་བླངས་ཏེ་རང་ཉིད་ཀྱི་དམ་བཅའ་བསྲུང་བ་ཡིན །  
     རྫོགས་ཏུ་མེད་པའི་ལས་ཀ་དང་དགེ་རྒན་གྱི་ཁ་མི་གྲགས་པའི་ངོ་སྡུག་གི་དཀལ་ངལ་བར་ནས་ངའི་སྣང་ངོར་མ་གལ་ལྗོན་ཕྲུག་ནི་རང་དང་སྐྱིད་སྡུག་གཅིག་པའི་ལྷད་མེད་རྣམ་དག་གི་གྲོགས་པོ་ཆུང་ཆུང་ཞིག་དང་འདྲ་བར་དུས་རྟག་ཏུ་ང་ལ་སེམས་གསོ་དང་སེམས་ཁུར་།  སློབ་སྦྱོང་ལ་སྐུལ་འདེད་བྱེད་པ་དང་ཀུན་ནས་མཚུངས།   ལྷག་ཏུ་ཉི་ནུབ་ཀྱི་སྐབས་སུ་ངས་ནམ་རྒྱུན་མ་ཡུམ་གྱི་བྱམས་བརྩེ་དང་གྲོགས་པོ་ཚོའི་དགོད་སྒྲ་དྲན་འོང་།   དུས་དེར་ང་གསང་སྟབས་ཀྱིས་ལྷས་དཀྱིལ་གྱི་ལྗོན་ཕྲུག་གམ་དུ་ཕྱིན་ཏེ་ཧ་ཅང་སྐད་ཆུང་ངུས་ངུ་ཞོར་ངའི་ཨ་མ་ལ་སྡུག་སྨེ་དང་བསམ་འཆར་བཏོན་པ་ཡིན།
     ལོ་ཟླ་ནི་ཆུ་མོའི་བཞུར་རྒྱུན་དང་འདྲ་བར་མདུན་ནས་མདུན་དུ་བརྒྱུགས།   ངལ་དུབ་ཀྱི་འཚོ་བའི་བར་ནས་ངས་ལོ་ངོ་བདུན་གྱི་རིང་ལ་འབད་བརྩོན་བྱས་མཐར་ངའི་རྨི་ལམ་ལ་བཀྲག་མདངས་འབར་བྱུང་།  ད་ལྟ་ངའི་ལྷས་དཀྱིལ་གྱི་མ་གལ་ལྗོན་ཕྲུག་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཏེ་བསིལ་གྲིབ་ལྡན་པའི་ལྗོན་པ་ཆེན་པོ་ཞིག་ཏུ་གྱུར་ཡོད།   ངས་ནམ་རྒྱུན་མ་གལ་ལྗོན་ཤིང་གི་མཛེས་སྡུག་མཐོང་སྐབས་ང་ལ་སྤྲོ་སྣང་ཞིག་ངང་གིས་འཕེལ་ཡོངས།  རྒྱུ་མཚན་ནི་ཁོ་ནི་ངའི་ཆུང་དུས་ཀྱི་གྲོགས་པོ་དང་ད་ལྟ་ངའི་ཁང་པ་འདིའི་གཟི་དཔལ་ཡིན་པས་སོ།    
                                                                                   ༢༠༠༨.༩.༡༦

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་གཅེས་སུ་འོས་པའི་མ་གལ་ལྗོན་ཤིང་།

2011-04-15 གདུ་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།