རྩོམ་པ་པོ་ཞིག་ཡིན་ན་ཀློག་པ་པོ་ཞིག་ཡིན།
༡
རྩོམ་པ་པོ་ཞིག་ཡིན་ན་ངེས་པར་དུ་ཀློག་པ་པོ་ཞིག་ཡིན་སྲིད་མོད། འོན་ཀྱང་། ཀློག་པ་པོ་ཞིག་ཡིན་ན་རྩོམ་པ་པོ་ཞིག་ཡིན་པའི་ངེས་པ་མེད། འདི་ལས་ང་ཚོས་གནད་ཅིག་རྟོགས་ཐུབ་སྟེ། རྩོམ་པ་པོ་ཞིག་ཡིན་ན་ངེས་པར་དུ་ཀློག་ཡག་པོ་ཞིག་འགྲོ་དགོས་པ་དེའོ།།
༢
རྩོམ་པ་པོ་ཞིག་ཡིན་ན་ངེས་པར་ཀློག་ཡག་པོ་ཞིག་འགྲོ་དགོས་པ་བདེན་ཡང་། འོ་ན། ཀློག་ཡག་པོ་ཞེས་པ་འདི་ཇི་འདྲ་ཞིག་ལ་གོ་དགོས་ཨང་། ངའི་འདོད་ཚུལ་ཞིག་ལ། རྩོམ་པ་པོ་ཞིག་གི་དཔེ་ཀློག་ལ་སྤྱིར་བཏང་དུ་རིམ་པ་གཉིས་སུ་དབྱེ་ཆོག་པར་སྙམ་ཏེ། ཐོག་མར་རྩོམ་པ་པོ་གཞན་གྱི་བརྩམས་ཆོས་བཀླག་དགོས་པ་དེ་རེད་ལ། དེ་རྗེས་རྩོམ་པ་པོ་རང་ཉིད་ཀྱི་བརྩམས་ཆོས་བཀླག་དགོས་པ་དེ་ཡིན་པར་སྙམ།
༣
རྩོམ་པ་པོ་གཞན་གྱི་བརྩམས་ཆོས་ཀློག་པའི་བཀད་དང་པོ་རུ། མཆོག་དམན་ཕན་གནོད་ཀྱི་འཇུག་ལྡོག་ལ་རྨོངས་པའི་དུས་རིམ་ཞིག་ཡོད་པ་སུས་ཀྱང་བརྒྱུད་དགོས་མོད། འོན་ཀྱང་། ཉིད་ཀྱི་དཔེ་ཀློག་ལ་ཁ་ལྟ་མིག་ལྟ་མཛད་མཁན་ཞིག་ཡོད་པའི་ཆ་རྐྱེན་འོག ཁྱེད་ཀྱིས་ཐོག་དང་པོའི་མུན་འཐོམས་ཀྱི་གོ་རིམ་དེ་གཡོལ་ནུས་པར་ཡང་སྲིད། རེད་དེ། རབ་ཡིན་ན། ཐོག་མའི་མུན་འཐོམས་ཀྱི་གོ་རིམ་དེ་བརྒྱུད་ན་ལེགས་པར་སྙམ་སྟེ། འདི་ལས་ད་གཟོད་ཁྱེད་ཀྱིས་རང་ཉིད་ཀྱི་རང་གཤིས་དང་མཐུན་པའི་རྩོམ་གཤིས་ཤིག་རྙེད་ཐུབ་པ་ཡིན།
ཐོག་མའི་མུན་འཐོམས་ཀྱི་གོ་རིམ་འདི་བརྒྱུད་རྗེས། ཁྱེད་ལ་རྩོམ་པ་པོ་གཞན་གྱི་བརྩམས་ཆོས་ལ་གདམ་གསེས་བྱ་བའི་ནུས་པ་ངེས་ཅན་ཞིག་འབྱོར་ཡོད་གཤིས། དཔེ་ཀློག་གི་དུས་སུ་ངེས་པར་དུ་རང་ཉིད་ཀྱི་རྩོམ་གཤིས་དང་མཐུན་པའི་གདམ་གསེས་འཁྲུལ་མེད་ཅིག་འཁྱོངས་དགོས། རྣམ་ཀུན་ང་ཚོའི་དགེ་རྒན་དང་མང་བོ་ཞིག་གིས། དཔེ་དེབ་སྣ་མང་བཀླག་དགོས་ཞེས་འདོམས་པར་མཛད་མོད། འོན་ཀྱང་། དེ་ནི་རྩོམ་པ་པོ་མིན་པའི་ཀློག་པ་པོ་དེ་ཚོར་གདམས་པ་ཞིག་ལས། རྩོམ་པ་པོ་བྱ་འདོད་པའི་ཀློག་པ་པོ་དག་ལ་གསུངས་པ་མིན་པར་གོ་དགོས། དེ་བས། རྩོམ་པ་པོ་རང་གཤིས་ཅན་ཞིག་ཏུ་འབུངས་སེམས་མཁན་ཞིག་ཡིན་ཚེ། རྒན་ལགས་ཚོའི་བཀའ་གསུང་འདི་འདྲར་ངེས་པར་དུ་རང་ཉིད་ཀྱི་གནས་བབ་དང་མཐུན་པའི་བསམ་གཞིག་གཏོང་དགོས་ཏེ། རྒྱུ་མཚན་ནི། དཔེ་དེབ་སྣ་མང་བཀླགས་པ་དེས་ཁྱེད་ཀྱི་ཤེས་རྒྱ་ཇེ་ཡངས་སུ་བསྐྱེད་སྲིད་ཀྱང་། རྩོམ་རིག་སྒྱུ་རྩལ་གྱི་འཇོན་ནུས་འཚོལ་བ་ལ་ཕན་ཐོགས་ཆེན་པོི་མེད་དེ། བརྩམས་ཆོས་སྣ་མང་ལ་མཇལ་ཚེ། རྩོམ་མཁན་གང་ཉིད་ཀྱི་རྩོམ་གཤིས་མངའ་བའི་སྐད་ཆ་བཤད་ཕྱོགས་དང་། སྒྲིག་གཞིའི་སྒྱུ་རྩལ། མཚོན་ཐབས་ཀྱི་བློས་བསླང་སོགས་རྩོམ་གཤིས་དོད་པོ་ཞིག་གིས་ཁྱེད་ཀྱི་ཆགས་ལ་ཉེ་བའི་རྩོམ་གཤིས་གཉོམ་པོ་དེར་རྒོལ་སྲིད་པས། ཁྱེད་ལ་རང་ཉིད་ཀྱི་རྩོམ་གཤིས་ཤིག་ཆགས་པར་བར་ཆད་ངེས་ཅན་ཞིག་ཡོང་ངེས། དེ་ནི་དཔེར་ན། རྒྱུག་རྟ་ཞིག་ཡིན་ཚེ་བདག་པོས་དེ་ཉིད་ཀྱི་གཟན་ཆས་ལ་དོ་སྣང་ཆེན་པོ་བྱེད་ལ། སྐྱས་རྟ་སོགས་སྤྱིར་བཏང་བ་དག་ལ་ཡིད་འཇོག་དེ་འདྲ་མི་བྱེད་པ་ལྟ་བུ་རེད།
དེ་བས། རྩོམ་པ་པོ་ཞིག་ཏུ་འབུངས་མཁན་ཞིག་ལ་མཚོན་ན་རང་ཉིད་ཀྱི་རང་གཤིས་དང་འཚམས་པའི་བརྩམས་ཆོས་རིགས་གཅིག་བཀླག་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ། འདི་ལ་རྒྱའི་དེང་རབས་རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་པ་ཚའོ་ཝུན་ཞོན་གྱིས་གཞི་རིམ་གྱི་སློབ་ཆུང་ཞིག་ཏུ་འཆད་ཁྲིད་གནང་དུས་སྐད་ཆ་ཡག་པོ་ཞིག་གསུངས་ཡོད་དེ། “སློབ་གྲོགས་ཚོས་རྩོམ་ཡིག་བཀླག་དགོས་ལ། དེ་བས་ཀྱང་རྩོམ་ཡིག་ཡག་པོ་བཀླག་དགོས། རྩོམ་ཡིག་ཡག་པོ་ཞེས་པ་ནི་དགེ་རྒན་ཚའོ་ངས་རིག་རྒྱུན་(文脉)ཡོད་མཁན་ལ་བརྗོད་པ་ཡིན། ”
སྐད་ཆ་འདིར་འདང་རྒྱག་རིན་ངེས་ཅན་ཞིག་ཡོད་པར་སྙམ་སྟེ། རིག་རྒྱུན་(文脉)ཞེས་པ་འདི་རིག་གནས་ཤིག་གི་རྒྱུན་ལ་གོ་བས། རིག་གནས་ཀྱི་མཁའ་དབུགས་ངེས་ཅན་ཞིག་ཏུ་ཆགས་པའི་རྩོམ་གཤིས་དེར་ཅིས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་སྲིད་པས། རྩོམ་པ་པོ་ཚད་ལྡན་ཞིག་ཏུ་མ་གྱུར་གོང་རིག་རྒྱུན་ཡོད་པའི་བརྩམས་ཆོས་ཤིག་བཀླག་ན་འགྲིག་སྙམ་མོ།།
༤
ཁྱེད་ཉིད་རྩོམ་པ་པོ་ཚད་ལྡན་ཞིག་ཏུ་གྱུར་བ་ནས་བཟུང་། རྩོམ་པ་པོ་རང་ཉིད་ཀྱི་བརྩམས་ཆོས་བཀླག་རྒྱུ་ལས་རྩོམ་མཁན་གཞན་གྱི་བརྩམས་ཆོས་མ་བཀླགས་ན་བཟང་བར་སྙམ།
རྒྱུ་མཚན་ནི། ཉིད་ཀྱིས་བརྩམས་ཆོས་འོས་འཚམ་ཞིག་འཁྱོངས་བཞིན་པའི་དུས་དེ་ནི་ཁྱེད་ལ་རྩོམ་གཤིས་ངེས་ཅན་ཞིག་ཆགས་བཞིན་པའི་སྐབས་ཡིན་ལ། རྩོམ་གཤིས་ཆེས་འགྱུར་སླ་བའི་དུས་ཀྱང་ཡིན་སྲིད་པས། སྐབས་འདིར་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་ལས་མཐོ་བའི་བརྩམས་ཆོས་དག་བཀླགས་ཚེ། ཁྱེད་ཀྱི་གསར་རྩོམ་སྨྱུག་ཁར་ཁ་ལོ་བསྒྱུར་སྲིད་ལ། རྩོམ་གཤིས་གཉོམ་པོ་དེས་ཀྱང་རང་ཚུགས་མི་ཐུབ་པའི་ཉེན་ཁ་ཡོད་ན། ཅིས་ཀྱང་གཟབ་དགོས་པར་སྙམ།
ཅིའི་ཕྱིར་ཞེ་ན། དུས་འདིར་ཁྱེད་ལ་རྩོམ་རིག་བརྩམས་ཆོས་ཤིག་རོལ་མྱོང་དང་བླང་དོར་བྱ་བའི་ནུས་པ་ངེས་ཅན་ཞིག་ཡོད་པས། ཁྱེད་ཀྱིས་རང་ཉིད་ཆེས་དགའ་བའི་བརྩམས་ཆོས་སམ། རང་ཉིད་ཀྱི་རྩོམ་པའི་ཡི་གར་འཚམས་པའི་བརྩམས་ཆོས་ཤིག་བཀླག་སྲིད་པས། དེ་ལས་ཁྱེད་ཀྱི་བློ་ཁ་ཕྱོགས་ཤིང་དང་བ་འདྲེན་པའི་རྗོད་བྱེད་དང་། མཚོན་ཐབས། སྒྲིག་གཞི་སོགས་ཀྱི་རྩོམ་གཤིས་མི་དམན་པ་ཞིག་རྙེད་སྲིད་ལ། རྙེད་པས་ཀྱང་དེ་ལ་ལད་ཟློས་བྱ་བསམས་པའམ། མ་མཐའ་ཡང་དེ་ཡིས་འཆར་སྒོ་ཕྱེས་པའི་ཆ་ཞིག་ཡོད་གཤིས། རང་ཉིད་ཀྱི་རྩོམ་གཤིས་དངོས་མ་ལས་ཐོན་པའི་བརྩམས་ཆོས་ཤིག་འབྱུང་བར་ཤུགས་རྐྱེན་ངེས་ཅན་ཞིག་ཡོད་ངེས།
ཁྱེད་ཉིད་ཀྱི་བློ་ཁ་ཕྱོགས་པའི་བརྩམས་ཆོས་དེར་ཁྱེད་རང་ཉིད་ཀྱི་རྩོམ་གཤིས་དང་མཐུན་པའི་ཆ་ཞིག་ཡོད་སྲིད་ཀྱང་། ཁྱེད་ཀྱི་རུས་རྐང་དུ་འཐིམས་པའི་རྩོམ་གཤིས་དང་གཉིས་སུ་མེད་པ་ཞིག་ཅིས་ཀྱང་འབྱུང་མི་སྲིད་པས། ཁྱེད་རང་བརྩམས་ཆོས་དེའི་དབང་དུ་གྱུར་བ་ནི་ཁྱེད་ཀྱི་རྩོམ་གཤིས་རྩོམ་གཤིས་གཞན་ཞིག་གིས་ཁྱུར་མིད་དུ་བཏང་བར་མཚུངས། དེ་བས། རང་ཉིད་ཀྱི་རྩོམ་གཤིས་ལ་ཇི་འདྲའི་ཉེ་ཡང་། བརྩམས་ཆོས་གཞན་གྱི་རྩོམ་གཤིས་ནི་ནམ་ཡང་བྲོ་བ་གཞན་ཞིག་ཡིན་ནོ། །
འདི་ལྟར། རྩོམ་གཤིས་ལ་སྲུང་སྐྱོབ་བྱས་ཚེ། གཅིག་ནས་ཀློག་མཁན་ལ་རྩོམ་པ་པོ་གཞན་ལ་མེད་པའི་ཚོར་བ་ཞིག་སྟེར་སྲིད་ལ། གཉིས་ནས་རྩོམ་པ་པོ་རང་ཉིད་ལ་གཞན་དང་མི་མཚུངས་པའི་རྩོམ་རྩལ་ཞིག་འབྱོར་སྲིད་པས། འདི་ནི་རྩོམ་མཁན་རབ་ཅིག་གིས་རང་ནུས་ཅི་ལྕོགས་སྒོས་བསྒྲུབ་འོས་པ་ཞིག་རེད་སྙམ།
དེར་བརྟེན། རང་ཉིད་ཀྱི་རྩོམ་གཤིས་ལ་སྲུང་སྐྱོབ་བྱ་ཆེད་དམ། ཡང་ན། གཞན་དང་མི་མཚུངས་པའི་བརྩམས་ཆོས་ཤིག་གསར་རྩོམ་བྱ་ཕྱིར། ངེས་པར་དུ་རང་ཉིད་ཀྱི་བརྩམས་ཆོས་བཀླག་དགོས་ལ། དེ་བས་ཀྱང་ཡང་ནས་ཡང་དུ་བཀླགས་ཏེ། རྩོམ་གཤིས་བརྟན་པོ་ཞིག་ཆགས་པར་བྱ་དགོས་པར་སྙམ།
༥
དྲང་མོར་བཤད་ན། རྩོམ་པ་པོ་སུ་ཡང་ཆེས་དགའ་བའི་བརྩམས་ཆོས་ནི་རང་ཉིད་ཀྱི་བརྩམས་ཆོས་ཡིན་སྲིད་ལ། ཆེས་ཀློག་པར་དགའ་བའི་བརྩམས་ཆོས་ཀྱང་རང་ཉིད་ཀྱི་བརྩམས་ཆོས་ཡིན་ངེས། ཀློག་མཁན་གཞན་གྱི་མིག་ལམ་དུ་རང་ཉིད་ཀྱི་བརྩམས་ཆོས་དེ་ཇི་འདྲའི་སྤུས་ཀ་ཞན་ཞིང་། རིན་ཐང་མེད་པ་ཞིག་ཡིན་ཡང་། རྩོམ་པ་པོ་རང་ཉིད་ཀྱི་སེམས་སུ་དེ་ནི་ཆེས་རླབས་ཆེ་བའི་བརྩམས་ཆོས་ཤིག་ཡིན་པའི་འཁྲུལ་སྣང་ཞིག་ཡོད་སྲིད་ལ། དེ་ཉིད་མཐོང་འདོད་ཆེ་བའི་བསླུ་བྲིད་ཅིག་ཀྱང་ཡོད་སྲིད། འདི་འདྲའི་འཁྲུལ་སྣང་ཞིག་དང་། འདི་འདྲའི་བསླུ་བྲིད་ཅིག་གིས་ད་གཟོད་རྩོམ་པ་པོ་གྲགས་ཅན་ཞིག་མང་བོ་ཞིག་སྐྱེད་སྲིང་བྱེད་ཀྱི་ཡོད་ལ། བརྩམས་ཆོས་རྩ་ཆེན་གང་མང་ཞིག་གསར་རྩོམ་བྱེད་བཞིན་ཡོད། རྩོམ་པ་པོ་གང་མང་ཞིག་གིས་རང་མགོ་རང་གིས་གཡོག་བཞིན་ད་གཟོད་འཛམ་གླིང་ན་ཆེས་དཀོན་པའི་བརྩམས་ཆོས་གང་མང་ཞིག་ལེགས་འགྲུབ་བྱེད་བཞིན་ཡོད་པས། འདི་ནི་ད་གཟོད་སྒྱུ་རྩལ་གཙང་མ་ཞིག་དང་། ཕུགས་བསམ་དྭངས་མོ་ཞིག་ཡིན་ངེས།
དེ་བས། རྩོམ་པ་པོ་ཞིག་ཡིན་ན། ངེས་པར་དུ་ཀློག་པ་པོ་ཞིག་ཡིན་དགོས་ལ། དེ་བས་ཀྱང་རྩོམ་མཁན་རང་ཉིད་ཀྱི་ཀློག་པ་པོ་བྱ་དགོས་སྙམ་མོ།།
རྩོམ་ཁུངས། ངེད་དྲ་བ།