དགེ་ཆོས་སྐོར་གྱི་གླེང་མོལ།
ཕྲན་གྱིས་དགེ་ཆོས་གསུང་འབུམ་ནང་གི་རྒྱ་གར་ལམ་ཡིག་དེ་ལ་དོགས་དཔྱོད་བྱས་རྗེས། མི་འགའ་ཤས་ཀྱིས་ཡིག་ལན་དང། མཆན་སོགས་རྒྱབ་འདུག་ཅིང། མང་ཆེ་ཤོས་ནི་་དུས་རྒྱུན་ལྟར་རྙོག་གཏམ་དག་ལས་ཡིད་འཕྲོག་པ་ཅི་ཡང་མི་འདུག་ནའང། མཆན་ཁ་ཤས་ལ་ལན་ཞིག་མེད་ན་ལེགས་པར་མ་མཐོང་བས། འཕྲལ་དུ་འདི་བྲིས་བ་ལགས། ངའི་གྲོགས་པོ་ཤིག་གིས་བཤད་པ་ལྟར་ན། འོག་གི་མཆན་དེ་དག་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལྗང་བུ་ལགས་དང། གཞན་འགའ་ཤས་ཀྱིས་ཕྱི་རྒྱལ་གྱི་བོད་ཀྱི་དྲ་ཚིགས་ཁ་བརྡ་སྟེང་བཏབ་པ་ཡིན་ཕྱིར། དེ་དག་ལ་དམིགས་ཏེ་ལན་བཏབ་པ་ཞིག་ཡིན།
ང་ཆུང་དུས་ལོ་བཅུ་ཡིན་མིན་ཞིག་ལ། གཏམ་རྒྱུད་འདི་འདྲ་སྟེ། བོད་དུ་རྡུལ་ཕྲན་མཚོན་ཆ་སོགས་དེང་དུས་ཀྱིས་འཕྲུལ་རིགས་མཚོན་པའི་ཤེས་བྱ་མང་པོ་མང་པོ་ཡོད་མོད། མི་རྣམས་ཆོས་ལ་བསྐུལ་བའི་ཕྱིར། འཕྲུལ་རིགས་སོགས་ཆེད་དུ་གཉེར་བ་ལ་་དགག་བྱ་བྱས་པ་རེད་ཅེས་ཨ་ཡེ་ལག་ཏུ་མ་ཎི་བཟུང་དག་གིས་ཁ་ནས་གོ་མྱོང། དེའི་རྗེས་རྒྱ་ནག་གི་སློབ་གྲྭ་ཆེན་པོ་ཞིག་ནས་དབྱིན་ཇིའི་སོགས་སློབ་གཉེར་བྱས་དུས། ཁ་ཆེ་བུ་མོ་སྙིང་རྗེ་བོ་ཤིག་གིས་ཨ་མི་རི་ཀ་བ་རྣམས་ཟླ་བ་ཐོག་ཏུ་སོང་བ་རྣམས་་ཁ་ཆེ་ཀོ་རན་གྱི་ཆོས་ཐོག་ནས་བྱུང་བའི་གྲུ་སྟེང་ནས་སོང་བ་རེད་ཅེས་བཤད་པ་གོ་མྱོང། གཏམ་རྒྱུད་འདི་གཉིས་ཀྱིས་ག་རེ་མཚོན་པ་རེད་དམ་ཞེ་ན། རྨོངས་བཤད་དང། གཞན་གྱིས་ག་རེ་བཤད་ཀྱང་སེམས་ཀྱིས་སྟེང་ནས་ཁས་ལེན་མི་འདོད་པར། ཁྱེད་ཀྱིས་མ་བཤད་ཀྱང་ངེད་ཀྱིས་ཤེས་སོ་ཞེས་བའི་སེམས་ཀྱི་འཆར་སྟངས་ཞིག་ཡོད་པ་དེ་མཚོན་བཞིན་ཡོད་པ་དེ་རེད། དོན་གྱིས་བོད་དུ་རྡུལ་ཕྲན་མཚོན་ཆ་ཡོད་མེད་དང། ཨ་རིའི་གནམ་གྲུ་དེ་གང་ནས་བྱུང་བ་ཡང་བློ་ལྡན་སྐྱེ་བོ་སུས་བལྟས་ཀྱང་གསལ་གསལ་རེད། འདི་ལས་འཕྲོས་ཏེ་གླེང་བར་བྱ་བ་ནི།
ཕྲན་གྱིས་བྲིས་བའི་དགེ་ཆོས་ཀྱི་སྐོར་གྱི་རྩོམ་ཐུང་འགའ་ཤས་ཡོད་པ་དེ་དང། དེ་ལས་འཕྲོས་བའི་སྐད་ཆ་འགའ་ཤས་ཀྱི་སྐོར་ཡིན། ཐོག་དང་པོའི་ངའི་དགེ་ཆོས་ཀྱི་གསུང་འབུམ་ནང་གི་འཛམ་གླིང་རྒྱས་བཤད་དེ་ཁོང་གི་གསུང་རྩོམ་མ་ཡིན་ཚུལ་གྱིས་སྒྲུབ་བྱེད་དང་བཅས་བཀོད་ནས་གསལ་བོར་བཤད་པ་ལ། ཁ་ཅིག་གིས་བདགཅག་གིས་ཀྱང་གསལ་བོ་ཤེས་ཡོད་ཅེས། སྒྲུབ་བྱེད་སོགས་ཅི་ཡང་མེད་པར་ཡང་ཁྱབ་བསྒྲགས་བྱས་འདུག། དེ་བཞིན་་ཏ་ལྟའི་“རྒྱ་གར་འཕགས་པའི་ཡུལ་ནང་བའི་མཆོད་རྟེན་དང་གནས་མཆོག་བྱིན་རྣམས་ཀྱི་བཤད་པ་མཐོང་ཐོས་ཀུན་གྲོལ་ཞེས་བྱ་བཞུགས་སོ”ཞེས་བ་དེ་ལ་ཞིབ་དཔྱད་བྱ་ཁུལ་གྱིས་དེ་ཡང་དགེ་ཆོས་གསུང་མ་ཡིན་པར་བཀོད་པ་ལ། ལྗང་བུས་”རྩོམ་འདི་དགེ་ཆོས་ཀྱི་མིན་པའི་སྐོར་ལ། ན་ནིང༼༢༠༡༠ལོ༽སྤྱི་ཟླ༡༡པའི་ཚེས་༡༦ཉིན་གུས་པས་དབྱིན་ཡུལཨོཀ་ཁེ་སེ་ཧྥོརདྷེ་Oxfordསློབ་ཆེན་དུ་བཤད་པ་ཞིག་ཕུལ་དུས། ད་བར་སྤྱི་གསལ་་བྱུང་མེད་པའི་དགེ་ཆོས་ཀྱི་ཕྱག་བྲིས་བསྟར་མ་དང་འདྲ་པར་མང་པོ་དང་བཅས་ཏེ་བཤད་པ་ཞིག་ཕུལ”ཞེས་གསུང་འདུག། སྤྱིར་བཏང་ལྗང་བུའི་སྐད་ཆ་འདི་ལ་དགའ་བསུ་ཞུ་འོས་ཀྱང། སེམས་ཀྱི་ཁོང་ཕུགས་ཞིག་ཏུ་འདི་འདྲ་ཞིག་ཀྱང་བསམ་བྱུང་བས་སྐད་ཆ་འདི་མི་བཤད་མཐུ་མེད་བྱུང། ཐོག་དང་པོ་རྡོ་རྗེ་རྒྱལ་གྱིས་༼གསུང་རྩོམ་གསར་རྙེད༽ཐོག་བཀོད་པ་དང། རྗེས་སུ་ནུབ་བྱང་གིས་སློབ་གྲྭ་བ་ཆེན་པོ་ཁང་བ་གང་དང། ཞུས་ཆེན་པ། དཔེ་སྐྲུན་པ་ཚང་མས་དོགས་གཞི་སྤུ་ཙམ་ཙམ་ཡང་མེད་པར་དགེ་ཆོས་ཀྱི་ཡིན་ཤག་གིས་པར་ཏུ་བཀོད་ནས། དཔེ་དེབ་སྟོང་ཕྲག་མང་པོ་དཔར་པ་དང། དེའི་མི་ཚད་ད་ལྟ་པར་ལོག་སོགས་སྤྱར་ནས་ཕྱོགས་ཀུན་དུ་བཀྲམས་བཞིན་པ་འདི་དག་གི་སྐབས་སུ། འཛམ་གླིང་རྒྱས་བཤད་དང། ད་ལྟའི་རྩོམ་འདི་སོགས་ཀྱི་ཐད་དགུན་གྱི་ཁུ་བྱུག་བཞིན་ཁོང་གི་ཡིན་མིན་སྐད་ཆ་གཅིག་དང། ཚིག་འབྲུ་གཅིག་ཙམ་ཡང་ཐོས་མྱོང་མེད་ཅིང། ད་ལྟ་གློ་བུར་ཏུ་མི་ཚང་མས་རྩོམ་དེ་གཉིས་ཁོང་གི་མ་ཡིན་པ་ཤེས་མདོག་མདོག་གིས་སྐད་ཆ་ཤིག་བཤད་བཞིན་ཡོད་པ་དེ་དག་དངོས་གནས་ཡ་མཚར་བ་ཞིག་ཏུ་འདུག། ཡིན་ནའང་ང་ལ་གསལ་ཆ་བཏོན་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། གང་ལྟར་བོད་མི་ཁ་ཅིག་ལ་ནམ་ཡང་་གོང་གི་སྐད་ཆ་དེ་འདྲ་ཞིག་གོམས་བསྡད་འདུག་པས་གོང་གི་གཏམ་རྒྱུད་དྲངས་ནས་སྐད་ཆ་འདི་མགོ་བརྩམས་པ་ཡིན།
དེ་ལྟར་གླེང་ནས་ལྗང་བུ་ལགས་དང་གཞན་མཆན་འདེབས་མཁན་ཚོ་ལ་ཞུ་དོན་འགའ་ཡོད་པ་ནི་འདི་ཡིན།
དང་པོ། ལྗང་བུ་ལགས་ལ། སློབ་ཆེན་དེའི་དགེ་རྒན་གསར་བ་དེས་ང་ཡང་ཚོགས་འདུ་ཡོང་དགོས་བའི་འཕྲིན་དང་བཅས་བསྐུར་བ་དང། རྫོང་སར་མཁྱེན་བརྩེ་ལགས་དང། བདེ་སྐྱིད་བཟང་མོ་རྣམས་ཀྱང་སླེབས་ཡོད་ཚུལ་བཤད་བྱུང་མོད། ལས་བྲེལ་གཞན་གྱིས་དབང་གིས་ཚོགས་འདུ་དེ་ལ་ཡོང་མ་ཐུབ་པས། ཁྱོད་ཀྱིས་ག་རེ་གསུང་ཡོད་མེད་ངས་གཅིག་ཀྱང་གོ་མ་བྱུང་ལ། རྗེས་སུ་ཚོགས་འདུ་དེ་ལ་ཞུགས་པའི་མི་གཅིག་ལ་ཁ་བརྡ་མ་བྱུང་བས། ཁྱོད་ཀྱིས་ཚོགས་འདུ་ཐོག་གི་གང་བཤད་དེ་ང་ལ་འབྲེལ་བ་གཅིག་ཀྱང་མི་འདུག། དེ་བཞིན་སྐུ་ཉིད་ཀྱིས”དྷརྨའི་མིང་ཅན་ནས་ཞེས་པ་དེ་རྫུན་བཟོ་རེད། མ་ཡིག་ལ་ཁྱོན་ནས་མཇལ་རྒྱུ་མི་འདུག”་ཅེས་བ་ཞིག་ཀྱང་གསུང་འདུག་པ་དེ་མི་སུ་ལ་ལན་བཏབ་པ་མི་ཤེས་མོད། ངས་སྐད་ཆ་དེ་འདྲ་གཅིག་ཀྱང་བཤད་མེད དེ་བས་ཁྱེད་རང་གིས་དྷརྨའི་མིང་ཅན་ནས་ཞེས་པ་རང་གིས་རྫུན་བཟོ་འདྲ་བྱས་པ་མིན་ན། ང་ལ་འབྲེལ་བ་ཅི་ཡང་མེད།
གཉིས་པ། གཅན་གཟོད་རྒྱམ་དང། ཀརྡོརབ་འབྱམས་པ་གཉིས་ཀྱིས་ཕྲན་གྱི་བཏགས་ནོར་གཉིས་ངོས་བཟུང་བ་ཐུགས་རྗེ་ཆེ་ཞུ་དགོས་ཡོད། དེ་ཀ་རང་རེད། གཉིས་ཀ་ཡིག་ནོར་རེད། དེ་མིན་ད་དུང་ཡང་ཡིག་ནོར་འགའ་འདུག་རྗེས་སུ་མཐོང་ཡང། བྱ་ཐབས་བྲལ། རྗེས་སུ་དེའི་ཕྱོགས་ལ་གཟབ་ངོས་ཡིན། ཡང་ཀརྡོ་རབ་འབྱམས་པ་ཆེད་དུ་ཞུ་རྒྱུ་ཤིག་ནི། ངའི་གོ་ཚུལ་ལ་དགེ་ཆོས་ཀྱི་ཟིན་ཐོའི་མ་ཡིག་་མགྱོགས་པོར་པར་ལོག་རྒྱབ་ཏེ་བཏོན་རྩིས་འདུག་པས། དེའི་ནང་དུ་བཏག་ནོར་དང། ཡིག་ནོར་་རྡོ་སྦིས་བློ་ཡོན་ཏན་ལས་ཀྱང་མང་བར་ཐོས་ཞིང། དེ་བདེན་ན་དེ་དུས་ཁྱེད་ཉིད་ཉིན་མཚན་དུས་དྲུག་ཏུ་མི་ཁོམ་པའི་ལས་ཤིག་ངེས་པར་ཏུ་སྐྲུན་འདུག་པས། དེ་དུས་སྤྱོར་བ་ཡན་ལག་དྲུག་གི་ཏིང་ངེ་འཛིན་ལ་མི་བཞུགས་པར། ཞུས་ཆེན་པ་གཅིག་གི་རྣམ་ཐར་ནི་ཅིས་ཀྱང་སྐྱོང་བར་མཛོད་ཅིག་ཅེས་ཡང་ཞུ་བསམ་པ་ཡིན།
གསུམ་པ། ངས་སྔོན་ནས་བཤད་ཡོད་པ་བཞིན།དགེ་ཆོས་ལ་འུད་བསྟོད་བྱ་མཁན་རྣམས་ནི་རིགས་གསུམ་གྱི་འདུ། གཅིག། བོད་ཀྱི་གསར་བརྗེ་བ་དག་ཡིན། ཁོ་ཚོས་དགེ་ཆོས་དཔུང་དུ་བཞག་ནས། བོད་ཀྱི་སྔོན་གྱི་མཁས་པ་ཡོད་རྒུ་དག། བླུན་པོ་དང། རྙིང་ཞེན་པ་འགའ་ཤིག་ཏུ་སྒྲུབ་བཞིན་ཡོད་པ་དང། དགེ་ཆོས་ནི་གསར་གཏོད་པ། ཚན་རིག་པ་ཡིན་པ་སོགས་སྒྲུབ་བཞིན་ཡོད། འདིའི་སྐོར་ཕྲན་གྱིས་དོན་གྲུབ་རྒྱལ་ལས་འཕྲོས་བའི་རྩོམ་ཤིག་འབྲི་བཞིན་ཡོད་པ་དེ་རུ་གསལ་བོ་བརྗོད་མཐུས། གཉིས། དགེ་ཆོས་ལ་དོན་མེད་ཀྱི་འུད་བསྟོད་བྱེད་མཁན་ཁག་གཅིག་ནི་གྲུབ་མཐའི་ཆགས་སྡང་དང། ཞེ་འཁོན་གྱིས་ཁྱབ་པའི་སྔ་འགྱུར་རྙིང་མ་པ་རློམ་པ་ཁ་ཅིག་ཡིན། ཁོ་ཚོས་ཅི་མི་སྙམ་པར། དགེ་ཆོས་ནི་སྔ་འགྱུར་རྙིང་མ་བ་ཞིག་ཡིན་ཚུལ་དང། ཁོའི་ཚོའི་ལྟ་བ་ཡང་དག་ཏུ་སྒྲུབ་མཁན་སོགས་སྒྲུབ་བཞིན་ཡོད་པ་དང། མདོར་བསྡུས་ན། ཁོ་ཚོ་ནི་དགེ་ལུགས་པ་དང། གཞན་གྲུབ་མཐའ་ཆོས་བརྒྱུད་སོགས་ལ་ཤིན་ཏུ་སྡང་བ་མཁན་འགའ་ཞིག་ཡིན་པ་ལས་གཞན་ཅི་ཡང་མ་རེད། གསུམ། དགེ་ཆོས་ལ་འུད་བསྟོད་བྱ་མཁན་ཁ་ཅིག་ནི་སྔོན་གྱི་བོད་གཞུང་བཀའ་ཤག་དང། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་མི་དགའ་བའི་མི་ཁ་ཅིག་ཡིན། ཁོ་ཚོས་དགེ་ཆོས་བཙོན་དུ་བཟུང་བ་དེ་ནི་དཔེར་ཅིག་ཏུ་བཞག་ནས། བཀའ་ཤག་ནི། ཆེས་ཀླ་ཀློ་དང། མུན་ནག། བདུག་རྩུབ་ཅན་ཞིག་ཡིན་པ་སྒྲུབ་བཞིན་ཡོད། ལྔ། དགེ་ཆོས་ལ་འུད་བསྟོད་བྱ་མཁན་ཁ་ཅིག་ནི་དགེ་ལུགས་པ་ཁ་ཅིག་ཡིན། ཁོ་ཚོས་དགེ་ཆོས་ནི་དགེ་ལུགས་པའི་དགོན་ཆེན་དག་ནས་སློབ་གཉེར་སོགས་བྱས་བ་ཡིན་ཕྱིར། དགེ་ཆོས་ནི་དགེ་ལུགས་པ་ཞིག་དང། དེ་བཞིན་ལོག་འདྲེན་དོལ་རྒྱལ་བསྟེན་མཁན་ཡིན་པ་སོགས་ཀྱང་སྒྲུབ་བཞིན་འདུག། འདོར་ན་མི་འདི་ཐམས་ཅད་ཀྱིས་དགེ་ཆོས་ཀྱི་དགོངས་བ་དངོས་དེ་ལ་རྟོག་དཔྱོད་བྱས་པ་ཕར་ཞོག། ཐ་མ་གསུང་རྩོམ་ཁ་ཚང་ཞིག་ཀྱང་ཀློག་ཨེ་ཡོད་སྙམ་པའི་དོགས་པ་འདུག་པ་དང། མི་འདི་ཐམས་ཅད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡོད་པ་ནི། རིགས་པ་དང། གཏན་ཚིགས་ཀྱི་སྒྲུབ་བྱེད་སོགས་ཅི་ཡང་མི་དགོས་བར། ཁ་ནས་ཅི་མི་སྙམ་པའི་སྐད་ཆེན་པོ་དག་སྒྲོག་མཁན་དག་རེད།
མཐའ་སྡོམ་ལྟ་བུ་ལ། སྤྱིར་བཏང་གྲུབ་མཐའི་ཆགས་སྡང་དང། བླ་སློབ་བར་གྱི་འབྲེལ་བའི་སྐད་ཆ་ཅི་ཡང་བཤད་མེད་མོད། ཡང་ཁ་ཅིག་གིས་ང་དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོ་ལ་འབྲེལ་ཅི་ཐུབ་ཀྱིས་རྡོ་སྦིས་དང་རེབ་གོང་གི་སྐད་ཆ་ཤིག་བཤད་བཞིན་པ་ནི། ཁྱི་ལུད་ལྟ་བུ་ཤིག་ལས་ལེན་རུང་བ་ཅི་ཡང་མེད་ནའང། འདི་མུར་བཞག་ན་ངན་པ་ལངས་ཤོར་ལྟ་བུ་དང། རང་གི་བླ་མ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་དང། རྫོང་དཀར་མ་ཎི་པ་། དེ་བཞིན་གདོང་སྣའི་ཨ་ལགས་སྐུ་སྔ་མ་རྣམས་འདི་ཕྱི་གཉིས་ལ་བཀའ་དྲིན་བཞལ་མཐའ་བྲལ་བའི་རེབ་གོང་གི་་བླ་མ་དག་ལ་མི་མཐུན་པ་བཟོས་བ་འདྲ་བ་ཞིག་ཏུ་མཐོང་བས། རྗེས་སུ་སྐད་ཆ་འདི་འདྲ་ཤིག་ནམ་ཡང་མི་གསུང་བར་ཞུ་ཞེས་རེ་བ་ལན་བརྒྱ་ཞུ་ལགས།
༼ཟུར་བཤད། བོད་ནང་གི་དྲ་རྒྱ་རྣམས་ནི། ཕྱི་རྒྱལ་གྱི་བོད་མི་ཁ་ཅིག་གིས་སྒྲུབ་པའི་དྲ་རྒྱ་ལས་གུ་ཡངས་ཤིང། ཁོ་ཚོས་རང་གི་ལྟ་བ་དང་མཐུན་མིན་ལ་མ་ལྟོས་བར། རང་ལ་རང་དབང་ཡོད་དུས་རྩོམ་སྣ་ཚོགས་ཤིག་བཀོད་བཞིན་པ་འདི་ཡག་ཤོས་སུ་མཐོང༽
རྩོམ་ཁུངས། ངེད་དྲ་བ།