ལར་ཞེན་སྐྱ་རེངས་བསུ་བའི་ཕོ་ཉ།
རིགས་ཞེན་དང་ལ་རྒྱའི་གཟུངས་འཇུག་མེད་པའི་སྙན་ངག་ལ། སྤྱི་ཚོགས་ཐར་ལམ་ལ་འདྲེན་པའི་བྱིན་རླབས་མེད་པས། ཁྱོད་ཀྱིས་དོར་ཆོག་ཆོག་གི་ཚིག་ཉོག་ཅིག་ལས་དད་ཆོག་ཆོག་གི་གཏན་ཚིགས་ཤིག་ཏུ་མ་སེམས་རོགས།
____ཁ་བྱང་གི་འགྲེལ།
༄༅།། གདུང་རྒྱུད་ཀྱི་ཕྲེང་བ་གཅིག་པའི་སྤྱི་ཚོགས་ཡ། ལྐོག་གྱུར་འཇིག་རྟེན་གྱི་ལྟད་མོ་འདོད་ན། སྙན་ངག་རྒྱབ་ལྗོངས་ཀྱི་གསང་ལམ་དེད་དང༌། དེ་ན། སྤྱི་ཚོགས་ཀྱི་ཐར་ལམ་ཡོད་ལ། དེ་ན། སྤྱི་ཚོགས་ཤིག་གཏན་ཏུ་འཚོ་བའི་གདམས་ངག་ཀྱང་ཡོད། དེ་ན། སྙན་ངག་པ་སྤྱི་ཚོགས་དང་མིའི་རིགས་ལ་དགའ་བའི་སེམས་གཤིས་དྲོན་པོ་ཡོད།
༼ཨི༽
སྙན་ངག་པས་བརྗོད་མྱོང་སྟེ། གཞན་ཕན་དང་རིགས་ཞེན་སྲབ་པའི་ཕྱུག་པོ་ཚོ། མི་ཞིག་གི་སྒེར་ངོས་ནས་བཤད་ན་རང་སེམས་ཁེངས་བའི་བདེ་སྐྱིད་ཀྱི་འཚོ་ལམ་ཁྱོད་ཚོ་བཞིན་ཧ་ཅང་མང་མོད། མི་རིགས་ཤིག་གི་འཚོ་ལམ་དང་བསྟུན་དེ་བཤད་ན། རང་བདེ་དོན་གཉེར་ནི་མི་རིགས་ཀྱི་ཉེས་ཅན་དང༌། ཆིག་སྒྲིལ་གྱི་འགད་རྫས་ཡིན་པས། ཁྱོད་ཀྱིས། རྒྱུ་ནོར་ནི་ཡོད་ཚད་ཡིན་པར་འདོད་པ་ནི་ངོ་ཚ་དགོས་བ་ཞིག་ལས་ངོམས་སོ་བྱེད་འོས་བ་ཞིག་གཏན་ནས་མིན། སྙན་ངག་པས་དེ་ལྟར་གཏན་ཚིགས་བཞག་མྱོང༌།
༼ཨུ༽
མི་རིགས་ཀྱི་བདེ་སྡུག་སེམས་པའི་དྲན་ཤིང་ལྕི་མོ། བཅོས་དཀའ་བའི་ན་ཚ་བཞིན་སྙན་ངག་པའི་སེམས་ཀྱི་ཟབ་སར་འཛུལ། དུས་དེ་ནས་བཟུང༌། སྙན་ངག་པས་ཡིག་རིགས་མང་པོའི་ལམ་ཁ་བརྒྱུད་དེ། འཛམ་གླིང་ལ་སྡུག་ཡུས་ཀྱིས་འོ་དོད་འབོད་པ་ནི་རང་དོན་ཞིག་ཡེ་ནས་མིན། སྙན་ངག་པའི་སྙུག་རྩེ་དེ་མཐའ་ཆུ་གང་ཞིག་ལ་ཟུག་ན། སྤྱི་ཚོགས་དེའི་འཚོ་ལམ་ཀྱང་དེ་དང་ཁད་ཉེ་ས་ན་རྒྱུ་བའི་མངོན་སུམ་གྱི་གནས་ལུགས་འོག་ནས་ཀྱང། ཁྱོད་ཀྱིས་སྙན་ངག་པ་བཀུར་བ་ལས་དམོད་མི་ཉན་པའི་གནས་ལུགས་ངེས་བར་ཤེས་དགོས་ཡ། འཚོ་ལམ་གྱི་ཁ་ཕྱོགས་བོར་བའི་སྤུན་ཟླ་ཚོ།
༼ཨེ༽
སྙན་ངག་པ། རྒྱུ་དངོས་ལ་ཞེན་ཆགས་སྤང་བའི་སྤྱི་ཚོགས་ཀྱི་རྣལ་འབྱོར་བ། སྙན་ངག་པ། བསམ་གཞིགས་ཀྱི་ངལ་དུབ་ལྕི་བའི་མིའི་རིགས་ཀྱི་འབྱོར་མེད་གྲལ་རིམ། སྙན་ངག་པ། སེར་པོ་གསེར་ལས་རྩ་ཆེ་ཡང༌། གྲམ་པའི་རྡོ་བཞིན་འདང་མེད་པས། ཁྱོད་ཀྱིས་འཕག་ཆོག་ཆོག་གི་འཚོ་ལམ་ཞིག་ནམ་ཡང་རྙེད་མ་ཐུབ་ལ་རྙེད་ཀྱང་མི་སྲིད།
༼ཨོ༽
མི་རིགས་འདིས་ཡོད་ཚད་ལྷ་ལ་རེ་བའི་བསམ་བློའི་ཁྲོད་ན་བྱེད་མི་ཉན་པ་མང་པོ་ཞིག་ཡོད་པས། མི་རིགས་འདི་ལ་ནམ་ཡང་ལས་ཀ་མེད། ལས་ཀ་མེད་པ་དེ་མི་རིགས་འདིའི་རྫོགས་ཚིག་ཏུ་མངོན་པར་གསལ་ཡང༌། མི་རིགས་འདི་ལ་སྣང་དོགས་ཅི་ཡང་མེད། གསར་དར་ནི་རང་རིགས་བསྲུང་བའི་བཙན་རྫོང་ཡིན་པ་ལས་བདུད་ཀྱི་ཆོ་འཕྲུལ་ཞིག་ག་ལ་ཡིན། སྙན་ངག་པས། སེར་མོ་བའི་སྤྱི་ཚོགས་ལ་དགའ་ཞིང་གུས་བའི་སྤྱི་ཚོགས་འདི། མིག་མདུན་ན་ཡོད་པ་བདེན་གྲུབ་ཏུ་ལྟ་བའི་མི་རབས་གཅིག་གི་མི་རིགས་ཤིག་ཡིན་པའི་གདེང་ཚོད་རྙེད། དེ་ནས་བཟུང་སྙན་ངག་པ་བློ་ཕམ་དང་བཅས་སྤྱི་ཚོགས་ཀྱི་སྟོང་ཆ་འཐུ་བའི་སྤྲང་པོ་ཁེར་རྐྱང་དུ་གྱུར།
༼ཀ༽
དེ་ནས་བཟུང༌། དེ་ནས་བཟུང་སྙན་ངག་པ་དངངས་འཚབ་དང་སེམས་ངལ་གྱི་ཁྲོད་དུ། སྤྱི་ཚོགས་འགྱུར་ལྡོག་གི་སེམས་གཤིས་སྔོགས་བཞིན། སྐྱིད་སྡུག་སྣ་ཚོགས་ཀྱི་ཚོར་སྣང་སེམས་ངོགས་ལ་ལྷུང་དུས། བསམ་གཞིགས་གང་མང་ལས་འཁྲུངས་བའི་གཏན་ཚིགས་རེ་རེ། ཚིག་གི་ཕྲེང་པར་བརྒྱུས་ནས་རང་སེམས་གསོ་བཞིན་སྤྱི་ཚོགས་འདིའི་བདེ་སྡུག་ལ་ངང་གིས་འཐམས།
༼ཁ༽
སྙན་ངག་པ།སྙན་ངག་གི་དམག་ཚོགས་དང་འགྲོགས་ནས་མང་པོ་ཞིག་སྐྱོབ་མྱོང་ལ་མང་པོ་ཞིག་བཅོམ་ཡང་མྱོང༌། སྙན་ངག་པའི་གཞན་ཕན་ལྷག་བསམ་གྱི་རང་གཤིས་གཙང་མ། རིགས་ཞེན་དང་ལ་རྒྱའི་མགྲིན་ལས་བྱུང་བའི་མདུན་སྐྱོད་ཀྱི་དབྱངས་རྟ་ཞིག་སྟེ། བག་འཁུམས་ཀྱི་རྨོངས་གཉིད་འཇོམས་པའི་སྤོབས་པའི་ཀི་སྒྲ་ཞིག
སྙན་ངག་པའི་རྒྱུད་ལ་སྙན་ངག་གི་རྣམ་ཤེས་ཞུགས་པ་ནས། སྙན་ངག་པས་གཏན་ཚིགས་འཇོག་པར་མགོ་བརྩམས་ཏེ།སྙན་ངག་སྣ་ཚོགས་ཀྱི་རང་རྒྱུད་ཕྱུགས་པའི་སྤུན་ཟླ་ཚོ། སྤྱི་ཚོགས་ཞིག་ནད་པ་ཡིན་ན་སྙན་ངག་པ་སྨན་པ་ཡིན། སྙན་ངག་སྨན་སྣ་ཡིན། དེའི་ཕྱིར། སྙན་ངག་བགྲོ་གླེང་གི་ལག་རྡང་མང་ཚོགས་ལ་སྤྲེལ། མང་ཚོགས་ནི་མང་ཚོགས་སྐྱོབས་པའི་སྙན་ངག་པ་འཚོལ་སའི་འཇིག་རྟེན་ཡིན་པས། མང་ཚོགས་ཀྱི་བློ་དང་འཚམས་པའི་སྙན་ངག་ནི། སྙན་ངག་པ་བསྡུ་རུབ་བྱེད་པའི་བརྡ་ཡིག་ཡིན། སྙན་ངག་པས་དེ་ལྟར་ཟེར་བཞིན་གོ་དཀའ་བའི་སྙན་ངག་ལ་འཁང་ར་བྱེད་བཞིན།དམའ་རིམ་སྤྱི་ཚོགས་ཀྱི་སྒོ་དྲུང་ཉུལ་བཞིན། གོ་བ་གཅིག་ཆོད་ཅན་གྱི་སྙན་ངག་འབྲི་འགོ་བརྩམས
སྙན་ངག་པ། སྤྱི་ཚོགས་འདིའི་འདོད་འདུན་གང་མང་གི་ཆེད། སྟོང་ཆ་རེ་རེའི་ཧྲག་བར་ཏུ་འགྲེང་ནས། ཧ་ཅང་འཁྱགས་པའི་དགུན་གཞུང་ནས་མེ་རུ་འབར་ཞིང། ཤིན་ཏུ་དྲོ་བའི་དབྱར་གཞུང་ནས་མཚོ་རུ་འཁྱིལ། སྙན་ངག་པ། སྤྱི་ཚོགས་ཀྱི་བདེ་སྡུག་གཉེར་བའི་མི་རིགས་ཀྱི་སེམས་དཔའ་ཁེར་རྐྱང༌།
༼ཅ༽
སུས་ཀྱང་མི་མཐོང་བའི་འཇིག་རྟེན་ནས། སྙན་ངག་པ་གསོན་ན་མི་འདོད་ལ་ཤི་ན་དེ་བས་ཀྱང་མི་འདོད། སྙན་ངག་པས། སྤྱི་ཚོགས་འདི་གཏན་ནས་སྐྱོབ་མ་ཐུབ་ཀྱང༌། ཐར་ལམ་ཞིག་སྟོན་འདོད་ཀྱི་དམ་བཅའ་ནམ་ཡང་ལྷོད་མ་མྱོང༌། སྙན་ངག་པ་ལྷ་བཞིན་བཀུར་ན། འདོད་འདུན་ཆར་བཞིན་འབབ་ངེས། སྙན་ངག་པའི་སྡུག་ཡུས་དང་ཐེར་འདོན་རེ་རེ་ནི། ཁྱོད་ཅག་ལ་ཆེས་མཁོ་བའི་འཆི་མེད་རིལ་བུ་རེ་རེ་ཡིན།
༼ཆ༽
སྙན་ངག་པས་སྤྱི་ཚོགས་རྒྱབ་ལྗོངས་གླེང་སྐབས། ཁྱོད་ཀྱིས་འབྲེལ་མེད་དོན་གཞན་ཞིག་ཏུ་མཐོང་བ་ལས་གཏན་ནས་ཡིད་ཆེས་མ་མྱོང༌། ཇི་སྲིད་སྤྱི་ཚོགས་ལ་ཐར་ལམ་མ་ཐོབ་ན། དེ་སྲིད་སྙན་ངག་པ་སྤྱི་ཚོགས་འདིའི་འོད་སྣང་ཡིན། ཁྱོད་ཀྱིས་སྙན་ངག་པས་བྲིས་པའི་སྤྱི་ཚོགས་ཀྱི་ཐར་ལམ་མི་ཀློག་པར། རྔན་པ་ཆུང་ངུ་རེ་དང་གཏམ་བཤད་སྙན་མོ་རེ་ལ་ཆགས་ནས་བསྡད་ན། ནམ་ཞིག་ཁྱོད་ཀྱིས་སྙན་ངག་པ་སྙིང་ནས་དྲན་བཞིན། འགྱོད་པ་དང་ལྷན་དུ་འཆི་ངེས་བ་ནི། སྙན་ངག་པས་ཁྱོད་ལ་གནང་བའི་མ་འོངས་ལུང་བསྟན་ཡིན།
༼ཇ༽
གང་འདོད་དུ་འཕགས་མི་ཆོག་པའི་ཡུལ་གྲུ་ཞིག་ནས། སྙན་ངག་པས། ཁྲག་གིས་ཚོས་བའི་སེམས་པ་དམར་རྗེན། ཚོང་རྫས་བཞིན་མི་རིགས་ཀྱི་སྤྱན་སྔར་བཀྲམས་པ་ནི། སྙནངག་པ་འཆི་རྒྱུར་མི་སྐྲག་པ་མ་ཡིན་མོད། མི་རིགས་དང་སྤྱི་ཚོགས་ཀྱི་ཆག་འཇིག་སེམས་དུས། སྙན་ངག་པ་གང་ལའང་མི་སྐྲག་པའི་དཔའ་བོ་གསར་བ་ཞིག་ཏུ་གྱུར།
༼ཉ༽
༼ཏ༽
སྤྱི་ཚོགས་ཀྱི་འགྱུར་འགྲོས་མང་པོས། སྙན་ངག་པའི་ངལ་གསོ་འཕྲོག སྙན་ངག་པའི་སྙུག་རྩེ་རེ་རེས་སྤྱི་ཚོགས་ལ་ཐར་ལམ་བསྐྲུན། སྙན་ངག་གི་སྨན་སྣ་མི་བྲིན་པའི་འཇིག་རྟེན་འདི་ནས། སྙན་ངག་པ་ངུ་མྱོང་བ་ནི་རང་དོན་ཞིག་ཡེ་ནས་མིན། སྙན་ངག་པ། ཕྱུག་པོ་ཚང་གི་ལྷས་འདབས་ན་ཟུག་པའི་སྒོ་ཁྱི་ལས་ངན། རྡོ་དང་དབྱུག་པའི་ཕམ་ཁ་ཉོ་བཞིན་ཕྱུག་པོ་ཚང་གི་ལུག་མཐའ་ནས་རྒས། ལྟོ་བ་ཐེངས་གཅིག་མ་བརྒྱག་མོད། གཏན་ནས་འགྱོད་མ་མྱོང༌།
༼ཐ༽
སྙན་ངག་པ། གཞན་དོན་ལ་བྲེལ་བའི་མི་རྐྱང་དབུལ་བོ། སྙན་ངག་པ། རང་ཉིད་བོར་བའི་གླེན་པ་མགོ་འཁོར། སྙན་ངག་པ། གཉེན་ཉེ་དང་མཛའ་མོ་བརྗེད་པའི་གནའ་བོའི་དྲང་སྲོང༌། སྙན་ངག་པ། སྤྱི་དོན་ལ་བསམ་གཞིག་ལྕི་བའི་བསམ་བློ་བ་རྣམ་དག སྙན་ངག་པ། སྤྱི་ཚོགས་ཀྱི་རྐྱེན་ངན་འཇོམས་པའི་སྲུང་མ་བཙན་པོ།
༼ད༽
སྤུན་ཟླ་ནང་འཁྲུག་གི་ཁྲག་དྲི་ལ་སྐྱུར་དྲི་འཐུལ་ཞིང༌། འཐེན་འཁྱེར་ཕྱོགས་ལྷུང་གི་ཀུ་ཅོ་རྣ་བར་གཟན་སྐབས། སྙན་ངག་པས། མགོ་བོ་བཏུམ་ནས་ངུས་མྱོང་བ་ནི། ཐབས་ཟད་པ་ལས་དཔའ་ཆག་པ་ག་ལ་ཡིན། སྙན་ངག་པས། གོས་ཧྲུལ་སྐྱ་བོ་ཞིག་གི་ཐུ་འོག་ནས་སྤྱི་ཚོགས་འདིའི་སྟོང་ཆ་བསུབ་སྐབས། སྤྱི་ཚོགས་འདིས། རང་སྣང་གང་དྲན་གྱི་འཚོ་ལམ་རེ་ན། རང་བདེ་དོན་གཉེར་གྱི་མཁར་རྫོང་དགུང་ལ་གཏུགས་བཞིན། ཆང་དཀར་དང་ཆང་དཀར་གཏུག་པའི་སིང་སྒྲ་སྒེའུ་ཁུང་ནས་ཕྱི་རུ་མཆེད། སྙན་ངག་པས་དེ་ལྟ་བུའི་རྣམ་པ་རེ་མཐོང་ཐེངས་རེར། སྤྱི་ཚོགས་འདི་ལ་རྣམ་ཤེས་གཞན་ཞིག་ཞུགས་བཞིན་པའི་སྣང་བ་ཞིག་ངང་གིས་འཁོར་འོང།
༼ན༽
སྙན་ངག་པ་གྲང་རླུང་གིས་གཙེས་བ་མིན་ཡང༌། པགས་རྩག་དང་འབྲལ་མ་མྱོང༌། སྙན་ངག་པ། ལྟོག་སྐོམ་གྱིས་མནར་བ་མིན་ཡང༌། འོ་ཞོ་དང་རྩམ་པ་ནམ་ཡང་བརྗེད་མ་མྱོང༌། སྙན་ངག་པ། ནོར་གནག་དང་ཅང་ཤེས། ད་དུང༌། གཡང་དཀར་གྱི་ཁྱུ་ཚོགས་ལ་དགའ། སྙན་ངག་པས། མི་རིགས་ཀྱི་རིགས་གཞུང༌། མི་རིགས་ཀྱི་སྲོག་རྩ་ཡིན་པར་བརྗོད་ཀྱང། ཡིད་ཆེས་མ་མྱོང་བ་ཇི་འདྲའི་མང་པོ་ཞིག་ཡོད་པ་སྙན་ངག་པ་ཁོ་ནས་ཤེས།
༼པ༽
སྙན་ངག་པས། སྐད་ཡིག་གཞན་ཞིག་གི་བཀའ་ཡིག་རླུང་ལ་བསྐུར་དུས། སྙན་ངག་པ་བཙོན་ལ་ཁེར་རྐྱང་དུ་ལྷུང༌། སྤྱི་ཚོགས་འདི་སྔར་བཞིན་གྲགས་འགུལ་ཅི་ཡང་མེད། སྙན་ངག་པས། ཆོས་ལུགས་བག་འཁུམས་ཀྱི་ས་བོན་ཡིན་པར་བརྗོད་དུས། སྤྱི་ཚོགས་འདིས་འུར་ཆིལ་ལེར་སྙན་ངག་པའི་སྟེང་ལ་དམོད་ཚིག་བོར། དངོས་བྱུང་སྨྲ་བར་ཕོད་པ་ནི་སྙན་ངག་པའི་རང་གཤིས་ཡིན། ཅི་ཡང་བརྗོད་དགོས་པ་ནི་སྙན་ངག་པའི་འཚོ་ལམ་རེད།
སྙན་ངག་པས། སྐྱ་ཐིང་ཐིང་གི་སྤྱི་ཚོགས་འདིར་སྔོ་ལྗང་ལྗང་གི་འཇིག་རྟེན་ཞིག་བསུ་ཆེད། འཚོ་བའི་ཁོར་ཡུག་གྱོན་གོས་བཞིན་བརྗེ་བཞིན། མ་འགྲིམས་པའི་གནས་ཡུལ་ཉུང་ནའང། རང་རིགས་འཚོ་ལམ་ལ་དམིགས་པའི་རེ་བ་ནམ་ཡང་བྲི་མ་མྱོང༌། ཡིན་ནའང༌། འཚོ་བ་ལས་དབང་ལ་རེ་བའི་སྤྱི་ཚོགས་འདིར། སྙན་ངག་པ་ནམ་ཡང་ཁེར་རྐྱང་དུ་ལུས།
༼བ༽
ས་སྲོས་ཀྱི་ཉི་མ་དང་འདྲ་བའི་ཕ་མ་ཚོ། མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་མཐོང་ནས། བུ་རབས་ཚ་རྒྱུད་ཆོས་སྒོར་རྫོང་བ། ཁྲིམས་འགལ་ཞིག་ཡེ་ནས་མིན་མོད། རྗེས་ཕྱོགས། སྐྱ་སེར་སུ་ཡང༌། གནམ་ནས་འབབ་མི་སྲིད་ལ་ས་ནས་སྐྱེ་ཡང་མི་སྲིད་པས། ཁྱོད་ཚོའི་དད་ཡུལ་གྱི་དགོན་སྡེ་འདི་རིམ་བཞིན་སྟོང་ངེས་མིན་ནམ། སུ་ཞིག་གིས་སྐྱོང། སྙན་ངག་པ། རྒྱལ་བསྟན་ཆག་འཇིག་ལ་སེམས་ཁྲལ་ཆེ་བའི་ངེས་དོན་གྱི་ཆོས་པ་རྣམ་དག
༼མ༽
བསམ་གཞིགས་མི་བྱེད་པའི་མི་རིགས་ཡ། མི་གྲངས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་བའི་ལོ་ཟླ་འདིར། སེར་མོ་བ་དབྱར་གསུམ་མེ་ཏོག་བཞིན་རྒྱས་པ། མང་པོ་ཞིག་གི་སེམས་ཀྱི་བདེ་སྐྱིད་ཡིན་ཡང༌། སྙན་ངག་པས། མི་རིགས་འདིའི་བཞི་ཤད་ཅིག་ཏུ་མཐོང་བས། སྐྱབས་འཇུག་ཞུ་སའི་ཆོས་སྡེ་ཞིག་མཁོ་ན། རིགས་རྒྱུད་སྤེལ་བའི་ཕ་མ་ཞིག་ཅིས་མ་མཁོ། ཞེས་གཏན་ཚིགས་ཤིག་བཞག་པ་ལས། སིལ་ཏོག་དགོས་ལ་ཤིང་སྡོང་མི་དགོས་བའི་རང་ལུགས་འདི། སྙན་ངག་པས་གཏན་ནས་འགྲེལ་མ་ཤེས།
༼ཙ༽
སྙན་ངག་པས་ཅི་ཡང་མི་ཤེས་བའི་བྱིས་དུས༌། སྙན་ངག་པའི་ཧ་ཅང་སྐྱིད་པའི་ལོ་ཟླ་ཉག་ཅིག སྙན་ངག་པས། འདས་སོང་གི་ལོ་ཟླ་ཕྱིར་དྲན་བྱེད་སྐབས། སྤྲོ་སྐྱིད་དང་རྩེད་འཇོས་ཟོས་བའི་དུས་ཚོད་རེ་ཟུང༌། ཆེས་བརྗེད་མི་ཐུབ་བའི་འགྱོད་པའི་རྨ་ཁ་རེ་རེ། དེའི་ཕྱིར་སྙན་ངག་པས། འཐུས་ཤོར་དང་རྣམ་གཡེང་ལ་ནམ་ཡང་གུ་ཡངས་གཏོང་མ་མྱོང།
༼ཚ༽
མི་ལོ་སྟོང་ཕྲག་གི་ལོ་རྒྱུས་རྡོ་རིང༌། སྐད་རིགས་སྣ་འདུས་ཀྱི་ཁ་བརྡའི་ཁྲོད་ན། སུ་ལའང་རྒྱུས་མངའ་མེད་པའི་དངོས་བོ་གོང་ཆུང༌། འཚོ་བའི་རྒྱབ་ལྗོངས་ལ་བསམ་གཞིགས་མི་བྱེད་པའི་སྤྱི་ཚོགས་འདི། ཤི་གསོན་གྱི་མཚམས་ལ་བར་ཐག་མི་རིང་ཡང༌། འཐེན་འཁྱེར་དང་རྩོད་རྙོག ད་དུང་མཇུག་མ་རྫོགས། སྤྱི་ཚོགས་འདིའི་རིགས་ཞེན་དང་བརྩེ་དུང་རྐུན་མས་བརྐུས་པ་ཡིན་ནམ། གང་ལྟར། སྤྱི་ཚོགས་འདི་འདི་ལྟར་ཟད་ཅིང་འདི་ལྟར་རྒས། སྙན་ངག་པས། འདི་ལྟར་སྡུག་ཡུས་བརྗོད་ཀྱང་སྙན་ངག་པར་བདེན་ཁ་སྟེར་མཁན་ཧ་ཅང་ཉུང།
༼ཛ༽
སྙན་ངག སྙན་ངག་པའི་རིགས་སྟོབས་ལས་འཁྲུངས་ཤིང་ལང་ཚོ་རྫོགས། སྙན་ངག་པ། སྙན་ངག་གི་རང་གཤིས་དང་ལྷན་ཏུ་གྲགས་པ་རྒྱས། རང་རིགས་ལ་དུང་བ་ཟབ་པའི་སེམས་ངོགས་ནས། སྙང་ངག་དང་སྙན་ངག་པའི་ལས་དབང་གཅིག་ཏུ་འདྲེས། རེ་དོགས་འཐབ་ཅིང་དུས་ཚོད་དཀོན་པའི་ནམ་ཟླ་འདིར། སྙན་ངག་པ་ཁོ་ན་སྤྱི་ཚོགས་འདིའི་ལམ་སྟོན་སྒྲོན་མེ་ཡིན།
༼ཝ༽
ཁྱོད་རང་དགོན་པར་ཆས་པ་ནས། ཨ་མ་དང་སྲིང་མོའི་ལག་པར་སེར་ཁ་གས་ཤིང༌། རྐང་ལྷམ་དང་པགས་རྩག་གི་ཨུ་ཁུང་རེ་ནས། ཁ་བ་དང་བུ་ཡུག་གི་འཚང་ཁ་ཇི་ལྟར་རྒོད་ཀྱང༌། ཁྱོད་ཀྱི་ཆེད་དུ་ཡོད་ཚད་ལ་གདོང་ལེན་བྱེད་བཞིན། ལང་ཚོའི་མཛེས་བའང་གཉེར་རིས་དང་ནག་ཧྲག་གིས་ཟོས། འོན་ཀྱང༌། སེམས་པ་སྤྲོ་བས་ཁེངས་བཞིན་འདི་ཕྱི་ཁྱེད་ལ་བཅོལ། ཁྱོད་ཀྱིས་སུ་ཞིག་ཐར་ལམ་ལ་དྲངས་བ་མ་ཐོས་བས། སྙན་ངག་པའི་སེམས་པ་ནམ་ཡང་བདེ་མ་ཐུབ། ཁྱོད་ཀྱིས་ནམ་ཡང་སྙན་ངག་པའི་སེམས་པ་ཤེས་མི་ཐུབ་པས། ཁྱེད་ཀྱིས་སྙན་ངག་པར་ལྟ་ལོག་ཅེས་གཏན་ནས་དམོད་མི་ཉན།
༼ཞ༽
སྙན་ངག་པས། སྤྱི་ཚོགས་འདིའི་བདེ་སྐྱིད་ཀྱི་ཆེད་དུ། འཚོ་ལམ་མི་གཅིག་པའི་ཁོར་ཡུག་གང་མང་བརྒྱུད། སྙན་ངག་པས། སྤྱི་ཚོགས་འདིའི་སྟོང་ཆ་སྐོང་ཆེད། སློང་མོ་བའི་འཚོ་བ་རོལ་བ་ཐེངས་གཅིག་མིན། སྙན་ངག་པས་གནས་ཡུལ་གང་ཞིག་ནས་ཇི་ལྟར་ཁག་ཀྱང༌། སྤྱི་ཚོགས་འདིའི་བདེ་སྡུག་གཏན་ནས་བརྗེད་མ་མྱོང༌།
༼ཟ༽
སྙན་ངག་པས། རང་གི་སྐྲ་ལོ་དཀར་པོ་མིག་ཁར་དཔྱངས་དུས། རང་ཉིད་རྒས་སོང་བ་གཞི་ནས་ཚོར། སྙན་ངག་པས། རང་ཉིད་ལ་བསམ་བློ་བཏང་དུས། ཆུང་མ་དང་བུ་ཕྲུག་མེད་པ་ད་གཟོད་རྟོགས། སྙན་ངག་པར་སྤྱི་ཚོགས་འདི་ཐར་ལམ་ལ་འདྲེན་པའི་གླེགས་བམ་རྐྱང་རྐྱང་ལས་ཅི་ཡང་མེད། ཡིན་ནའང༌། ཨ་སྒོར་ཁོ་ན་བདེ་སྐྱིད་དུ་རློམ་པའི་སྤྱི་ཚོགས་འདིས། ཕ་འཛོམས་མ་འཛོམས་ཀྱི་སྤྲོ་སྐྱིད་གཏོང་བཞིན་ཝུ་ཆང་གི་བཟི་ཁ་དང་ལྷན་ཏུ་གཉིད་ལ་ཤོར།
༼འ༽
ལོ་རྒྱུས་ཤ་ཁྲག་གི་མཆེད་ཁུངས་དེ་སོམས་ལ། སྤྱི་ཚོགས་འདི་བརྩེ་བ་དང་ཆིག་སྒྲིལ་གྱིས་སྐྱོང་རོགས། སྙན་ངག་པས་སླར་ཡང་གཏན་ཚིགས་བཞག ནང་འཁྲུག་འཐེན་འཁྱེར་གྱི་སྐྱོ་གར་ལ་མཐའ་མེད་ན། གསར་དར་མདུན་བསྐྱོད་ལ་ཧ་ཅང་རྒྱང་རིང༌། རང་བདེ་དོན་གཉེར་ལ་ཅི་ཙམ་དུང་དྲགས་ན། ཕྱོགས་རིས་རྩོད་རྙོག་ལ་དེ་ཙམ་རྫོང་འཐུག སྙན་ངག་པས་ཕོངས་བའི་མི་རིགས་ཤིག་ཡིན་ན། རྩོད་རྙོག་གིས་ཕྱུག་པའི་སྤྱི་ཚོགས་ཤིག་ཡིན་པ་རྩོད་མེད་ཡིན། སྙན་ངག་པས་དེ་ལྟར་ཟེར།
༼ཡ༽
སྙན་ངག་པ། སྙན་ངག་གི་ཕྱུག་པའི་ལོ་ཟླ་ནས། སྙན་ངག་གི་ལྟོ་གོས་དབུལ་བའི་ཞིང་འབྲོག་ཁུལ་ལ། སྙན་ངག་གི་སྦྱིན་པ་གང་མང་བཏང༌། ཕན་ཐོགས་དང་ངོ་སོ་མེད་པའི་སྤྱི་ཚོགས་འདི། ལངས་མ་གོག་གི་བྱིས་པ་བཞིན། ཡར་རྒྱས་ཀྱི་འཚར་ལོངས་ཧ་ཅང་དལ། སྤྱི་ཚོགས་འདིའི་སྟོང་ཆའི་ཁྲོད་དུ། སྙན་ངག་པ། ངུས་མྱོང་བ་ལས་དགོད་མ་མྱོང་བའི་རྒྱུ་རྐྱེན་དང་གསང་བ་ནམ་ཡང་ཁྱོད་ཀྱིས་ཤེས་མི་ཐུབ།
༼ར༽
སྙན་ངག་པས་སློང་མོ་བའི་འཚོ་བ་རོལ་བཞིན། སྤྱི་ཚོགས་འདིའི་སྟོང་ཆར་རྒོལ་ལན་སྤྲད། སྙན་ངག་པ། སྤྱི་ཚོགས་འདིའི་རྨོངས་ཞེན་འཇོམས་པའི་གཤེད་མ་ཡིན། སྙན་ངག་པ། མཁྲེགས་འཛིན་དང་བག་འཁུམས་གཏོར་བའི་དཔའ་བོ་ཡིན། སྙན་ངག་པ། མདུན་སྐྱོད་ཀྱི་སྐྱ་རེངས་འདྲེན་པའི་ཕོ་ཉ་ཡིན། སྤྱི་ཚོགས་འདིའི་ལམ་སྟོན་མཁན་པོ་ཡིན།
༼ལ༽
ཕྱོགས་ལྷུང་དང་བག་འཁུམས་ཀྱིས་བཅིངས་བའི་སྙན་ངག་པ། སྙན་ངག་པ་རྨས་མ་ཡིན། སྙན་ངག་དང་སྙན་ངག་པས་མ་འཁྱུད་པའི་སྤྱི་ཚོགས། སྤྱི་ཚོགས་སྲོག་མེད་ཡིན། འཛད་མཐའ་མེད་པའི་སྤྱི་ཚོགས་རྙོག་འཛིང་གི་གཏེར་ཁ། སྤྱི་ཚོགས་ལ་མི་དགོས་བའི་འཛད་མཐའ་མེད་པའི་གད་སྙིགས་ཡིན་ཡང༌། སྙན་ངག་པའི་རིག་རྩལ་མཛེས་དཔྱོད་ཀྱི་ཐོན་ཁུངས་ཡིན། འོན་ཀྱང༌། ཁེ་བཟང་ཡོད་ཚད་སྤྱི་ཚོགས་ཁོ་ན་ལ་དབང་བས། སྙན་ངག་པ། གསོལ་ཕོགས་དང་གླ་ཆ་མེད་པའི་མི་རིགས་ཀྱི་ལས་བྱེད་གཉོམ་ཆུང།
༼ ཤ༽
དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཞིག་ཏུ། མང་པོ་ཞིག་གིས་ཅི་བྱས་གང་འགྲིགས་ཀྱི་གྲོས་ཁ་བསྡུར་སྐབས། མིག་མང་གིས་དཀྱིལ་འཁོར་བཤམས་པའི་གྲལ་མཐའ་ཞིག་ནས། སྙན་ངག་པའི་རྣ་བར་ལྷུང་བ་ནི། ཐུགས་སྤྲོའི་སྐབས་ལ་སྐད་ངན་མ་ཤོད། གངས་རིའི་མཐའ་སྲུང་ལ་བསྟན་མ་བཅུ་གཉིས་ཡོད། ཕྱོགས་བཞི་མཚམས་བརྒྱད་ན་རྣམ་སྲས་རྟ་བརྒྱད་ཡོད། གཞན་ཡང་ཁྲག་འཐུང་གི་རྒྱལ་བོ། ཧ་ཧ་ཧ་་་་།སྙན་ངག་པས། སྤྱན་རས་གཟིགས་ཀྱིས་རྡོག་ཁྲེས་བཏེགས་ནས་གངས་མལ་གཤེགས་པ་ལས་ཀྱང། ཆེས་བརྗེད་མི་ཐུབ་པ་ནི་ཚེ་སྲོག་གྲི་ཁར་ལྷུང་ཡང་དཔོན་གྱི་ཐུགས་སྤྲོ་དཀྲོགས་མི་ཆོག་པའི་ཁྲིམས་ལུགས་དེ་ཡིན།
༼ ས༽
སྙན་ངག་པས། ཆིག་སྒྲིལ་དང་རིགས་ཞེན་མེད་པའི་སྤྱི་ཚོགས་ལ་ནམ་ཡང་ཐར་ལམ་མེད། སྒེར་སེམས་དང་འཐེན་འཁྱེར་མང་བའི་སྤྱི་ཚོགས་ལ་ནམ་ཡང་བདེ་སྐྱིད་མེད། དེའི་ཕྱིར། སྙན་ངག་པ་སྐྱ་སེར་གང་དུ་གནས་ཀྱང༌། སྙན་ངག་པ་ཕོ་མོ་སུ་ཞིག་ཡིན་ཡང༌། ཁྱོད་ཀྱིས་ཞྭ་བཞིན་བཀུར་དང་ཁྱོད་ལ་བདེ་སྐྱིད་འབྱུང་ཞིང༌། སྤྱི་ཚོགས་ལ་ལྷིང་འཇགས་ཡོང༌། ཡིན་ནའང་སྙན་ངག་པ་རྨས་མ་ནི་སྤྲུལ་སྐུ་རྫུན་མ་བཞིན་བཀུར་བ་ལས་བཅོམ་ན་བཟང༌།
༼ཧ༽
ཕྱོགས་འཐོར་ལ་སོང་བའི་མི་རིགས་ཡ། སྤྲེའུ་དང་བྲག་སྲིན་ལས་འཕྲོས་བའི་གཏམ་རྒྱུད་དང༌། མེས་དབོན་རྣམ་གསུམ་ནས་རྒྱལ་དབང་རིམ་བྱོན་གྱིས་བསྐྱངས་བའི་མཛད་རྗེས། ལོ་པཎ་གང་མང་གིས་བཞག་པའི་ཤུལ་ནོར་སོགས་ལ་ཅི་ཙམ་རྒྱང་དུ་བཀྱེད་ན། འཆི་བ་ལ་དེ་ཙམ་ཉེ་བར་བཅར་བ་མིན་ནམ། སྙན་ངག་པས། འདི་ལྟར་རིགས་ཞེན་གྱི་འབོད་སྒྲ་བྲག་ཅ་ལ་བསྐུར་བས། མང་པོ་ཞིག་གི་སྒེར་དོན་རྨི་ལམ་གྱི་བདེ་བ་སླར་ཡང་དཀྲོགས། ཡིན་ནའང༌། སྙན་ངག་པས། དགོངས་དག་གཏན་ནས་ཞུ་མ་མྱོང།
སྙན་ངག་པས། སྤྱི་ཚོགས་འདིའི་འཚོ་ལམ་ལ་དམིགས་ནས། ཀྱག་ཀྱོག་གི་འཚོ་ལམ་ནས་རྙེད་པའི་ཉམས་མྱོང་སྣ་ཚོགས། བསམ་གཞིགས་ཀྱི་རྒྱབ་ལྗོངས་ལས་རྙེད་པའི་ལྟ་ཚུལ་རྣམ་དག རིགས་ཞེན་དང་སྤོབས་པ་ལས་རྙེད་པའི་འདོད་འདུན་གཙང་མ། གཞན་དོན་དང་ལྷག་བསམ་ལས་འཁྲུངས་བའི་ཀུན་སློང་གཙང་མ། ཡོད་ཚད་ནས་ཡོད་ཚད། ཁ་དར་དཀར་བོ་ཞིག་གི་ཟོལ་གྱིས་ཁ་བ་ཅན་གྱི་སྙན་ལ་ཕུལ།
མཇུག་བྱང༌།
དུངས་སེམས་ཤ་ཁྲག་གི་རྒྱུན་ན་འདྲེས་ཤིང་རིགས་ཞེན་དམ་ཚིག་གི་ཀློང་ན་ཟབ་པའི་རིགས་མཐུན་ཚོ། སྙན་ངག་པས་བརྗོད་པའི་གཏན་ཚིགས་རེ་རེ། བོད་ཆེན་པོའི་ཡུལ་གྲུ་ཀུན་ལ་སྤྲིངས་པའི་བརྡ་ཡིག་རེད། ངས་མཐོང་བྱུང༌། ངས་སྙན་ངག་པས་དམ་བཅས་པ་མཐོང་སོང༌། སྙན་ངག་པས། ཉི་ཟླ་གཉིས་གཙུག་ལ་བཞག་ནས་དམ་བཅས་པ་ནི། སྤྱི་ཚོགས་འདིའི་སྟོང་ཆའི་ཁྲོད་དུ༌། ངའི་ཡན་ལག་དང་ཉིང་ལག ངའི་ཚེ་སྲོག ཅི་ཞིག་མཁོ་ན་དེ་ནི་རང་གི་མི་རིགས་དང་སྤྱི་ཚོགས་ལ་དབང་བའི་ཐུན་མོང་གི་སྤྱི་རྫས་ཡིན་ཟེར།
རྩོམ་ཁུངས། ངེད་དྲ་བ།