རི་བོང་ཅལ་འདྲོགས།
རི་བོང་ནི། རི་བོའི་བོང་བུ་ཡིན་པར་གྲགས་ཀྱང་དོན་དུ་ཁྱིམ་དུ་གསོས་ཡོད།
ཁྱིམ་དུ་གསོས་ཡོད་པའི་རི་བོང་ནི། དོན་དུ་ཡོས་བུ་ཡིན།
ཁ་རོག་གེར་ཁུང་དུ་འཛུལ་ནས་གནམ་བརྡིབ་ཀྱི་ཐུགས་ཁྲལ་འཁུར་བའི་མེས་པོ་སྔོན་མ་དག་དང་བསྡུར་ན། ཡོས་བུ་ཚོ། ཁང་ཁྱིམ་གྱི་གྱང་རའི་ཕྱི་ནང་ནས་རྩེད་མོ་རྩེ་བར་མོས་ཤིས། ཚོད་དཀར་གང་འདོད་ཟ་ཞོར།འགྱུར་ཁུག་གང་རུང་གིས་གླུ་དབྱངས་ལེན་པར་ཡང་ཤིན་ཏུ་དགའ།
ཁོ་ཚོའི་སྙན་སྐད་བུང་བའི་མཛའ་གླུ་བཞིན་སྙན།
ཁོ་ཚོའི་སྙན་འཇེབས་ཀྱི་གྲེ་ངག་ལ་སྦྲང་རྩི་འབྱར།
སྟོན་འགོ་མ་ཟིན་ཙམ་ལ།དུས་ཀྱི་དབང་གིས། སྨིན་སྔ་བའི་སིལ་ཏོག་རེ་འགའ་ལྗིད་ཏིག་གེར་ལྷུང་དུས། ཡོས་བུ་ཚོས། གློ་བུར་ཅལ་སྒྲ་ཐོས་བྱུང༌།
གླུ་ཞིམ་པོ་ལེན་མཁན་གྱི་གླུ་བའི་འཇིག་རྟེན་དེ་འཇམ་ཅག་གེར་གྱུར་ལ་སླར་ཡང་འུར་ཆིལ་ལེར་སོང༌།
ཅལ་ནི།ཧ་ཅང་འཇིགས་ཚུལ་བསྒྲགས།
ཅལ་གྱིས། གངས་རི་བསྒྱེལ་ཅིང་སྤང་ཐང་བཀོག་འགྲོ་ཚུལ་བསྒྲགས།
སྐད་ཅིག་སྐད་ཅིག་ལ། བརྟགས་པར་མ་གོམ་པའི་རྣ་གཤོག་རིང་མོ་དག་ཀྲོང་ངེར་ལངས་བྱུང༌།
སྐད་ཅིག་སྐད་ཅིག་ལ། དཔྱོད་པར་མ་ལོབས་པའི་ལག་སུག་ཐུང་ངུ་དག་ཀྱང་འདུར་འདུར་བྱས་བྱུང༌།
ཡོས་བུ་ཚོས།ཐེངས་དང་པོར་གནམ་བརྡིབ་ཀྱི་ཉེན་ཁ་ལས་ཀྱང་དཔངས་མཐོ་ཞིང་གཏིང་ཟབ་པའི་ཉེན་ཁ་གཞན་ཞིག་རང་གི་ཚང་སྒོར་སླེབས་འདུག་སྙམ།
ཅལ་གྱིས་གངས་རི་སྒྱེལ་དུས། རང་གི་ཚང་མལ་དྲོན་མོ་དེ་བསྣུབས་འགྲོ་བར་དོགས།
ཅལ་གྱིས་སྤང་ཐང་འགོག་དུས།རང་གི་ཁ་ཟས་ཚོད་དཀར་དག་སློག་འགྲོ་བར་འཇིགས།
དེ་ནས་བཟུང༌།ཡོས་བུ་དག་གི་འབྱེད་བཙུམ་མེད་པའི་མིག་ཟུང་ལ་ཞེད་སྣང་འཁྱིལ་ཞིང༌།མཐེབ་མགོ་འདྲ་བའི་སྙིང་ཆུང་ལ་ཙག་ཤེད་རྒྱུགས་བྱུང༌།
ཡོས་བུ་དག་གི་སེམས་ལ།དུས་ཚིགས་འགྱུར་མི་འོས་སྙམ།དུས་ཚིགས་ཀྱི་འགྱུར་བས་སྟོན་ཀ་འཁྱེར་འོངས་ལ། སྟོན་ཀར་ཅལ་སླེབས་ངེས་པ་རེད།
ཡོས་བུ་དག སྙིང་རྗེ་བའི་ཡོས་བུ་དག གློ་བུར་དུ་སྟོན་ཀར་སྡང་སེམས་སྐྱེས། ཞེ་བསམ་པས་སྡང་སེམས་སྐྱེས།
༢༠༠༣ལོའི་ཟླ༣པའི་ཚེས༥ཉིན་ཕྱི་དྲོར་བྲིས།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།