མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། ཁག་ལྔ་བ།
ཉིན་ལྔ་བ།
གནམ་ཐིངས། ཕྱི་དྲོ་སེར་བ་ཆུང་ངུ་ཞིག་བབས།
མལ་ལས་ལངས་ནས་ཅུང་མ་འགོར་བར་རྒན་ལགས་ཀྱི་ཁ་པར་འབྱོར་ནས་རོགས་པར་བསྐུལ་བྱུང་། ཉི་མ་འདི་དག་ལ་ཁོ་ཚོའི་ལས་ཁུང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་བཞུགས་མོལ་འཚོགས་འདུ་ཞིག་བསྡུ་གིན་ཡོད་པས། རྒན་ལགས་ལ་ཁོམ་པ་མེད་པའི་དུས་ཤིག་ལ་འཁེལ་འདུག བཅར་འདྲི་ཞུ་ཐབས་མ་བྱུང་ལ། ངེད་གཉིས་ལའང་ལས་ཀ་མེད་པར་བསྡད་ཡོད་པས་དགའ་བས་དང་དུ་བླངས་པ་ཡིན།
ངེད་གཉིས་ནི་ཐག་རིང་གི་མགྲོན་པོ་སྣེ་ལེན་དང་ཐོ་འགོད་ཀྱི་ལས་ཀའི་ལག་རོགས་ལ་མངགས་བྱུང་། ཉིན་གུང་ཁ་ལག་ཟོས་ཚར་རྗེས་སྲང་ལ་ཕྱིན་ནས་བོད་ཡིག་བྲིས་མེད་པའི་འཕྲེད་བྱང་དག་མར་ཕབ་པ་ཡིན་ལ། ཞོར་དུ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་ཀ་པ་རྒན་པ་ཞིག་གིས་བཤད་པའི་ལས་ཀའི་དཀའ་ཁག་དང་གྲུབ་འབྲས་དག་ལ་ཉན་པ་ཡིན། ངོ་མ་ཞིབ་མོར་བལྟས་དུས། ས་ཆ་གཞན་དང་མི་འདྲ་བའི་ཁྱད་ཆོས་དང་ལྡན་ཞིང་། བསྒྱུར་བ་ལེགས་པོར་མཐོང་བའི་སྒོ་བྱང་མང་དུ་མཐོང་། ད་དུང་ཁྱད་པར་བ་ཞིག་ཡོད་པ་ནི་ཀྲུང་གོའི་རྡོ་སྣུམ་དང་དངུལ་ཁང་། དམག་སྡེ་སོགས་ཀུན་ལའང་སྒོ་བྱང་བོད་ཡིག་མེད་པ་མ་མཐོང་བས་ཉམས་དགའ་བ་ཞིག་དུ་མཐོང་ལ། འདིའི་རྒྱབ་ལོགས་སུ་དཀའ་ཁག་ག་འདྲ་མྱངས་ཡོད་མེད་དང་། སྡང་སྡིག་དང་མཐོང་ཆུང་ག་འདྲ་བཟེད་ཡོད་མེད་ནི་ངོ་མ་བློ་ལ་ཤོངས་དཀའ་བ་ཞིག་རེད།
ང་ཚོ་ཝེ་སི་ཐི་ཟེར་བའི་མགྲོན་ཁང་ཆེན་མོ་ཞིག་གི་ཨར་ལས་ས་ལ་ཕྱིན་ནས། ཕྱི་ལོགས་སུ་བཀལ་ཡོད་པའི་རྒྱ་ཡིག་གི་འཕྲེད་བྱང་དག་མར་ལེན་དགོས་ཞུས་པར། རྒྱ་མི་དེ་ཚོས་ཅི་མི་སྙམ་པར་ཁ་ཡ་བྱས་མ་བྱུང་ལ། ང་ཚོ་དེ་ལྟར་སྟབས་བདེ་བོའི་ངང་མི་འགྲོ་བ་མཐོང་ནས། ད་དུང་མི་མི་འདུག ཕྱི་དྲོ་བླངས་ཆོག་ལབ་སོང་། མཐར་ང་ཚོ་ཐབས་ཟད་ནས་རང་གིས་བླངས་པ་ཡིན་ལ། ལས་བྱེད་པ་རྒན་པ་དེས་རྣམ་འགྱུར་ལེགས་པོས། འཕྲེད་བྱང་ངོས་ལ་བོད་ཡིག་དགོས་ཚུལ་དང་། གལ་ཏེ་བོད་ཡིག་འཇོག་ན་ཁོ་ཚོས་རིན་མེད་དགོས་པར་ཡིག་སྒྱུར་རོགས་པ་ཞུས་ཆོག་པ་སོགས་མང་པོ་ཞིག་ལབ་སོང་མོད། ཕྱིས་སུ་ཁོ་ཚོས་བོད་ཡིག་སྒྱུར་རོགས་འཚོལ་རྒྱུ་རེད་སྙམ་པའི་རེ་བ་ཞིག་སྦྱིན་མ་སོང་།
ཕྱི་དྲོ་གང་བོར་ལེགས་སྐྱེས་གྲ་སྒྲིག་དང་མགྲོན་པོ་ཚོར་ལེགས་སྐྱེས་སྤྲད་ནས་མགྲོན་ཁང་གོ་སྒྲིག་སོགས་བྱས་པས། ཉི་མ་ཇི་ལྟར་ཚར་བ་མ་ཤེས་ལ། ཐང་ཡང་ཅུང་ཆད། འོན་ཀྱང་མཚོ་སྔོན་ཕྱོགས་ཀྱི་མཁས་པར་བགྲངས་པའི་མི་སྣ་མང་པོ་དཔེར་ན། སྒྲུང་བ་གྲགས་ཅན་གུ་རུ་རྒྱལ་མཚན་དང་། སྙན་ངག་པ་གཅན་མེ་སྟག དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ། དགེ་རྒན་ཆེན་མོ་བཤད་སྒྲུབ་སོགས་རང་རང་གི་ཁྱབ་ཁོངས་ན་མཚན་སྙན་ཡོད་པ་མང་པོར་མཇལ། དགོང་མོ་དགའ་བསུའི་གསོལ་སྟོན་ནི་གྲོང་སྟོད་ཀྱི་དུང་དཀར་གསོལ་ཚིགས་ཟེར་བའི་ཁང་བ་ཆེན་པོ་ཐོག་ཁ་འགྱིག་ལེབ་ཀྱིས་བཀབས་ཡོད་པ་ཞིག་དུ་འཚོགས། གྲོགས་པོས་ཁོ་མགོ་ལོག་གི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་ལས་བྱེད་པ་ཡིན་ཞེས། ལས་ཁུང་གི་ཚབས་བྱས་ནས་གཞས་བཏང་བྱུང་ལ། ངས་ཀྱང་ཡིན་མདོག་གིས་མདོ་འཛིན་པ་བྱས་པ་ཡིན། གསོལ་སྟོན་གྲོལ་རྗེས་ངེད་གཉིས་ནི་ཚོགས་འདུ་གོ་སྒྲིག་དང་སྣེ་ལེན་ཁང་དུ་ཉལ་བ་ཡིན་པས་མཚན་གང་བོར་ཆང་དགོས་ཟེར་བའི་སྐུ་མགྲོན་མང་དུ་ཡོང་། གཉིད་དེ་འདྲའི་སྐྱིད་པོ་ཞིག་མ་ཁུག
རྩོམ་ཁུངས། ངེད་དྲ་བ།