གཡེར་འཚོང་བུ་མོ།
ལྷགས་རླུང་གྲང་མོ་ཞིག་ཐད་ཀར་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་དྲང་ཤད་ལེར་རྡོག་ཐོན་བྱུང་ནའང༌། ལ་ལས་སིལ་ཏོག་ཉོ། སིལ་ཏོག་ཉོ། རིན་གོང་སླ་མོ་ཡིན། རྒྱ་མ་ལྔ་ཉོ་ན་སྒོར་བཅུ་ཡིན། ཡང་རེ་འགས་ཙོང་ཉོ། ཙོང་ཉོ། ཙོང་གསར་བ་ཡིན། གོང་གཏམ་རྒྱུ་ཡོད།。ཚོང་བ་རྣམས་ཀྱིས་སྔར་བཞིན་རང་རང་གི་ཚོང་ཟོང་ཉོ་བར་ཚོང་འབོད་བྱེད་བཞིན་ཅི་ཞིག་འཐོབ་འདོད་ཀྱི་ཧམ་པའི་ཁ་སྒོ་ཇེ་ཆེ་ནས་ཇེ་ཆེར་ཕྱེ་བ་ལས་བཙག་རླུང་གི་སྤུ་གྲིའི་རྣོ་དབལ་ཇི་འདྲའི་ངར་ཡང་ཁོ་ཚོ་རི་རྒྱལ་ལྷུན་པོ་བཞིན་སྤོ་སྒུལ་བྱེད་ཐུབ་ཀྱིན་མེད་པ་འདྲ། གྲོག་ཚང་བརྡོལ་འདྲའི་རྒྱ་གྲམ་སྲང་ལམ་དུ་རྣམ་ཀུན་ནངས་མོའི་ཆུ་ཚོད་དྲུག་ནས་བཟུང་ཟང་ཟིང་ལང་ལོང་དང་འུར་ཆེན་པོ་ནམ་ཡང་མི་ཞི་བ་རེད།དར་གོས་འཚོང་མཁན། སྔོ་ཚོད་ཀྱི་རིགས་འཚོང་མཁན། སིལ་ཏོག་གི་རིགས་འཚོང་མཁན། ཞོར་ཟས་ཀྱི་རིགས་འཚོང་མཁན་སོགས་གང་ལ་གང་མཁོར་རེ་འདོད་ཅི་སྐོང་གི་དངོས་ཟོག་བགྲང་ལས་འདས། འདི་ལ་ཁོ་ཚོས་སྟབས་བདེ་མོས“ཞོགས་ཚོང”ཞེས་པའི་མིང་སྙན་མོ་ཞིག་བཏགས་ཡོད་ཅིང༌། གོ་ཐོས་ལྟར་ན་ཉིན་མོའི་ཚོང་རྫས་དང་བསྡུར་ཚེ་རིན་གོང་སླ་ཞིང་གསར་བ་གསར་རྐྱང་ཡིན་པས། འཛད་སྤྱོད་པ་རྣམས་ཀྱང་དུས་ལྟར་སླེབས་ནས་རེ་འདོད་ཡིད་བཞིན་དུ་བསྐང་ཅི་ཐུབ་བྱེད་པ་རེད།
ནངས་མོའི“ཞོགས་ཚོང”ལའང་སྒྲིག་རིམ་ངེས་ཅན་ཞིག་ཡོད་པ་སྟེ།སྔོ་ཚོད་ཀྱི་རིགས་བཤམས་པའི་ཚོང་ཟོང་རྣམས་རྒྱ་གྲམ་སྲང་ལམ་གྱི་ཕྱོགས་གཅིག་ཏུ་གྲལ་འགྲིག་པའི་རུ་དཔུང་བཞིན་གཅིག་རྗེས་གཉིས་མཐུད་སྒོས་བསྟར་ལ་བརྒྱུས་ཤིང༌། སིལ་ཏོག་གི་རིགས་དང་དར་གོས་ཀྱི་རིགས་ཀྱང་དེར་བསྟུན་སྒོས་སྐོར་ཁག་དང་སྐོར་ཁག ཚོ་ཁག་དང་ཚོ་ཁག་སྒོས་མགོ་རྔ་ཡོད་པས་ཕྱི་རིམ་ནང་རིམ་གསལ་ལ།གཡས་གཡོན་ཅ་དག་ཅིང་གྲལ་འགྲིག་པོར་མངོན་འདུག་པས་དཔལ་ཡོན་ཚོང་ར་ཞེས་པའི་ཐོབ་ཐང་ཞིག་ཀྱང་ཅིག་ཅར་དུ་བསྩལ་ཆོག་འདོད་པའི་བློ་རྩེ་སྐྱེས།ཚོང་རའི་ཁྱོན་ཀུན་ལ་མ་ལུས་ཞིབ་ལྟ་ཞིག་བྱས་ཚེ་ཚོང་ཟོང་ཚོང་མི་ཡང་རིགས་སྣ་མང་པོ་ཞིག་ཡོད་དེ། ལ་ལ་ཤ་དར་ཁྲག་དར་གྱི་ན་གཞོན་སྡུག་རུས་ཅན་དང༌། འགའ་ཤས་བལྟས་ཚོད་ཀྱིས་ཉམས་མྱོང་ཡོད་མདོག་གི་ལང་ཚོ་གཟུར་བའི་དར་མའི་རིགས། ཡང་རེ་འགའ་ཨག་ཚོམ་དཀར་པོ་སྐྱེས་ཤིང་གཟུགས་གཞི་ཐུར་དུ་དུད་པ། ཉམ་ཐག་སྟོབས་ཤུགས་ཟད་འདྲའི་རྒན་རྒོན་ཇི་སྙེད་ཅིག་ཀྱང་ཚོང་རའི་ག་ས་གང་དུ་མང་པོ་མཐོང༌།
འདི་ཡང་མདོར་དེད་ན། སྤྱི་ཚོགས་གསར་བའི་འཕོ་འགྱུར་གྱི་དན་རྟགས་ཤིག་གམ། དཔལ་འབྱོར་དུས་རབས་ཀྱི་མཚོན་རྟགས་ཤིག་ཡིན་པའང་སྨོས་མ་དགོས།
ཚོང་རའི་ཟུར་སྣེ་ཞིག་ན་མིག་ལ་མི་མཛེས་པའི་ཤིང་རྟ་འཁོར་ལོ་ཞིག་གི་ནང་དུ་རྩྭ་ཁུག་གཉིས་ཙམ་བསྣོལ་མར་བསྒྲེངས་ནས་གདངས་གསལ་ཞིང་འབྲུ་དག་པའི་ཚོང་འབོད་གསང་མཐོར་སྒྲོག་ཅིང༌། མགོ་རས་དམར་པོ་དཀྲིས་པ་བོད་ལྭ་ནག་པོ་སྐེ་རགས་སེར་པོ་ཞིག་གིས་བཅིངས་པའི་ན་ཆུང་བོད་མོ་ཞིག་གདའ། མོས་མགོ་བོ་ཌ་རུ་གཡུགས་པ་ལྟར་ཡར་མར་མགྲོན་པོའི་བགྲོད་ལམ་བཀག་སྟེ་འདྲ་མིན་སྣ་ཚོགས་ཀྱི་རྣམ་འགྱུར་བསྟན་རྗེས།ལན་རེར་རྩྭ་ཁུག་ལས་གཡེར་མ་ཐོར་རེ་བ་ཞིག་བླངས་ཏེ་གཡེར་མའི་ཡོན་ཏན་བགྲང་ཙམ་བྱེད་ལ། རེ་འགར་གཡེར་མ་རྒྱ་མར་འཇལ་ནས་ཉོ་མཁན་ལ་སྐྱེལ་མ་གང་ཡག་བྱེད་པ་རེད། མོའི་ཉོ་ཚོང་གི་ལས་ཀའི་མགོ་མཇུག་ཞིབ་མོར་ཐེངས་ཤིག་བལྟས་ཚེ།མོ་ནི་ཚོང་བ་མང་པོའི་ཁྲོད་ན་འགུལ་སྐྱོད་ཆེས་མང་ཞིང་བྲེལ་ཟིང་ཆེས་ཆེ་བའི་ཚོང་བ་ཞིག་ཡིན་པ་ཤེས་ཐུབ།
མཐར་གཏུགས་ན་གཡེར་འཚོང་བུ་མོས་ཚོང་བྲིན་པར་ཁ་ལྕེ་གློག་དམར་འདྲ་བོ་ཡར་འཁྱུག་མར་འཁྱུག་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་སྒོས་མཐའ་མའི་རྔ་མ་འཛད་སྤྱོད་པ་རྣམ་པས་མི་ཉོ་རང་དབང་མེད་པ་རེད། དེ་ནི་ཚོང་ཟོང་བརྒྱ་འདུས་ཀྱི་ཁྲོད་དུ་ཁ་མཁས་ཚོང་ལ་བྱང་ཆ་ལྡན་པའི་བོད་མོ་སྙིང་རྗེ་དེའི་ལྷད་མེད་ཀྱི་བཟོ་ལྟ་རེད། མ་ཟད་ཚོང་བ་བརྒྱ་ཕྲག་ལྷག་གི་ཁྲོད་ན་སྤོབས་པ་གཟེངས་སུ་མཐོ་ཞིང་ཚོང་འབོད་ལ་ཉམས་འགྱུར་དོད་པ། ཉོ་ཚོང་ལ་ཉམས་མྱོང་ཕུན་སུམ་ཚོགས་པ། མ་འོངས་པར་རེ་ལྟོས་ཀྱིས་ཁེངས་པ་ཕལ་ཆེར་བུ་མོ་མཛངས་མ་དེའི་ཕྱིའི་རྣམ་པ་ལས་གསལ་བོར་མངོན།
ཁོ་མོས་སྐད་མགོ་མཐོན་པོས་ཚོང་འབོད་སྒྲོག་བཞིན་རང་ཡུལ་ནས་གསར་བ་གསར་རྐྱང་སྒོས་བཏོག་ཚུལ་གྱི་གཡེར་མའི་ཡོན་ཏན་གླེང་ཚུལ་ལ་བརྟག་ན་ཚོང་བ་ཉམས་མྱོང་ཅན་ཞིག་ཡིན་པ་ཐག་གིས་བཅད་ཆོགལྷག་པར་དུ་ན་ནིང་དོ་ཚིགས་ལ་གཡེར་མ་དང་སྒོག་པའི་རིགས་ཀྱི་རིན་གོང་ལྡབ་འགྱུར་གྱིས་འཕར་བས། གཡེར་འཚོང་བུ་མོ་དེར་མཚོན་ན་བྱ་ཁུ་བྱུག་གྲག་པའི་དུས་ཤིག་ཡོད། ནས་སྔོན་མོ་འདེབས་པའི་སྐབས་ཤིག་ཡོད་ཟེར་བ་ལྟར་འཚོ་བའི་དགོས་མཁོ་དང་ཚོང་རྫས་ཀྱི་རིན་འབབ་ལ་དམིགས་ནས་ཚོང་ལས་སྒྲུབ་པ་ཡིན་ལས་ཆེ།
ད་ལྟའི་སྤྱི་ཚོགས་འདིར་ཚོང་ལས་དཔལ་འབྱོར་གྱི་འཁོར་རྒྱུག་ཕྱོགས་གང་ནས་མགྱོགས་ན་གནས་དེར་འཐམས་ཚེ།རྒྱལ་ཁའི་ཁེ་སྤོག་ཆེན་པོ་ལོན་ལ། ཚོང་ལས་གཉེར་བའི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་འཚོ་བའི་ཁ་ཕྱོགས་ཀྱི་འཕེལ་འགྱུར་ལ་བསྟུན་ཏེ་ལས་གང་ལ་འཇུས་ན་དེ་ནི་སྔོན་བསྐྱོད་འཕེལ་རྒྱས་ཀྱི་གླགས་བཟང་བོ་ཞིག་རེད།“ཞོགས་ཚོང” ལ་འདུར་རྒྱུག་བྲེལ་བའི་གཡེར་ཚོང་བུ་མོ་དེར་མཚོན་ནའང༌། མི་རེ་རེའི་སེམས་ན་འདོད་རེ་ཡོད། ཞིང་ཆུ་མའི་གཉའ་ན་རྐ་རེ་ཡོད་ཅེས་པ་ལྟར་རང་ཉིད་ཀྱི་དམིགས་འབེན་མངོན་པར་གསལ་ཞིང༌། ཧུར་བརྩོན་དང་རྒྱུན་འཁྱོངས་གལ་གནད་དུ་འཛིན་པ་ལས་ལས་ཀར་ཕྱི་བཤོལ་དང་ངོ་གནོངས་ཟེར་བ་གཏན་ནས་མེད་ཅིང༌། ཐབས་དང་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་འབྲས་བུར་སྙེག་མཁན་ཞིག་ཡིན་པ་ལས། ཕམ་ཁ་དང་ཞུམ་པ་ཟེར་བའི་ཐ་སྙད་ཀྱི་ལྷད་ཏིལ་འབྲུ་ཙམ་ཡང་འགོས་མི་སྲིད་དོ།། ཁོ་མོའི་སེམས་སུ་གཡས་གཡོན་མཐའ་འཁོར་ན་ཉིན་མཚན་ལ་དབྱེ་བ་མེད་པར་འབད་འབད་འབུངས་འབུངས་བྱེད་པའི་ཚོང་ལས་བ་འདི་ཚོས། སྐར་མ་གང་རེ་ནས་སྒོར་ཟུར་གཅིག་རེ། སྒོར་ཟུར་གཅིག་རེ་ནས་སྒོར་མོ་གཅིག་རེ་བཞིན་ཐིགས་པ་རེ་རེ་སྣོད་ཀྱི་ཀོང་བུ་རུ་ཉར་བར་ཡི་ཆད་ཟེར་བ་མེད་ལ། སུན་སྣང་ཟེར་བའང་མེད་པར་མུ་མཐུད་ནས་མུ་མཐུད་དུ་ཤུགས་བསྐྱེད་པའི་ཧུར་སེམས་ཡ་མེད་འདིས་ཁ་མེ་ཏོག་འཁོར་འཁོར། ལག་ཐལ་མོ་སྦྱར་སྦྱར་སྒོས་ཁོ་མོར་ཡང་སྐུལ་ལྕག་གི་ལྕགས་ཚན་བྲབས་ཟིན་ལ། ཕན་ཚུན་ལ་འགྲན་རྩོད་ཀྱི་སྤོབས་པ་ཞུམ་མེད་ཅིག་ཀྱང་མོའི་བྱ་ལས་ཀྱི་བརྒྱུད་རིམ་རེ་རེ་ལས་ངང་ངམ་ཤུགས་ཀྱིས་ཚོར་ཐུབ། མ་ཟད་ངེད་ཅག་མི་བུ་གང་མང་ཞིག་ལའང་འཇིག་རྟེན་ཁམས་ན་ཡོད་པ། གཅིག་གི་གྲས་ན་མེད་པ་ལྟར་བག་འཁུམ་ནས་མི་འདུག་པའམ་ཡང་ན་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁུགས་སོ་འདི་རུ་ལས་རིགས་གཅིག་ལ་ཤི་འཐམས་རོ་འཐམས་མི་བྱ་བར་འཛད་སྤྱོད་ཀྱི་འཁོར་འགྲོས་དང་བསྟུན་ནས་ལས་སྣ་མང་དང་བྱ་བ་འདྲ་མིན་ལ་འཇུས་ན་གཅིག་ནས་མིན་རུང་གཅིག་ནས་རྒྱལ་ཁ་ཐོབ་པར་ཁག་ཐེག་བྱས་ཆོག་ལ། དཔལ་འབྱོར་སྐྱེན་པའི་སྤྱི་ཚོགས་འདིར་ཁྱོད་རྒྱལ་ང་ཕམ་དང་ང་ཕམ་ཁྱོད་རྒྱལ་གྱི་འགྲན་རྩོད་ཚ་རླབས་འཕྱུར་བཞིན་པས། ང་ཚོས་རང་ཉིད་ཀྱི་དམིགས་འབེན་གསལ་རྟོགས་བྱེད་དགོས་ལ།རང་ཉིད་ཀྱི་རེ་སྙེག་དེ་ནམ་ཡང་མཐོ་ས་ནས་མཐོ་སར་སྤོར་དགོས་པ་ལས་འཕེལ་མེད་སོར་གནས་བྱེད་མི་ཉན་པའི་སྒུལ་ཤུགས་གསོན་པོ་ཞིག་ཀྱང་ཁོ་མོའི་སྤྱོད་བཟང་གི་ཟུར་རེ་རེ་ནས་རྟོགས་འོང་རྐྱེན། ཁོ་མོ་ནི་ང་ཚོ་མི་བུ་མང་པོ་ཞིག་སྒྱིད་ལུག་དང་ཁོམ་གསེང་གི་ཁྲོད་ན་འདས་པའི་ཐོ་རངས་འགུག་པའི་སྐར་ཆེན་དང་ཞོགས་པ་བསུ་བའི་བྱ་ཕོ་ཡིན་འདུག
རྒྱུས་ལོན་བྱུང་བ་ལྟར་ན་མོས་ལོ་ངོ་གསུམ་ལྷག་གི་རིང་ལ་དབྱར་ཚ་བས་གདུང་ན་སྐྱོ་བས་གཟིར་མ་མྱོང་ཞིང༌།དགུན་བཙག་གིས་རྒོལ་ན་སྐྲག་སྣང་གིས་བཀུམ་མ་མྱོང་བར་དུས་བཞིར་དབྱེ་བ་མེད་ཅིང་དུས་ཚོད་ལ་ཕྱིར་བསྒྱངས་མེད་པར་ནངས་མོའི་གསེར་ལས་ལྷག་པའི་ཁོང་གསེང་དེ་རུ་སྐུ་མགྲོན་འཛད་མེད་ཅིག་གི་མིག་གི་བུང་བ་ཁོ་མོའི་ཚོང་ཟོག་གི་པད་མོའི་ཚོགས་ཀྱིས་གྲངས་མེད་ཅིག་བཀུག་མྱོང་ཨང༌།
ལས་རིགས་འདི་ནི་ཚེས་དཀའ་ཁག་ལྡན་པས་མི་བརྩོན་པ་ཅན་ཞིག་མིན་ན་གྱོང་ཆེན་པོ་རེག་ངེས་ཤིང༌། ལས་རིགས་འདི་ནི་ཆེས་རྙོག་དྲ་ལྡན་པས་མི་བློ་ལྡན་ཞིག་གི་རྩོལ་བ་མེད་ན་ཕམ་ཁ་མྱང་བའི་རྒྱུ་རུ་འགྱུར་ངེས།
བསམ་གཞིགས་ཀྱི་སྒོ་མོ་ཆེས་ཆེར་ཕྱེ་ན། གཡེར་ཚོང་བུ་མོས་ལས་དང་པོའི་ཚོང་ལས་ལ་འབྱར་དུས་དཀའ་ཁག་རབ་དང་རིམ་པ་ཞིག་གིས་བྱ་ལས་ཀྱི་མགོ་མཇུག་བར་གསུམ་ལ་གེགས་ཆེན་པོ་བཟོས་ཡོད་མིན་ཐེ་ཚོམ་མེད་པར་འདོད་མོད། འོན་ཀྱང་བུ་མོ་འདིའི་རིགས་ནི་ཕམ་ཁ་ལས་ཐེངས་མང་འགྱེལ་ཡང་དཔའ་སྤོབས་ཀྱི་ངར་ཤུགས་ནམ་ཡང་ཉམས་མི་སྲིད་པའི་སྟོབས་ལྡན་གྱི་ཁྱུ་ཡིན་ལ། དཀའ་ཚེགས་ལས་ཐེངས་མང་མནར་ཡང་བརྩོན་སེམས་ཀྱི་མེ་ལྕེ་ལམ་ལམ་འཚེར་བའི་མེ་ཟླུམ་དེ་ཡིན་པས། དུས་ད་ལྟ་བརྩོན་འགྲུས་བསྐྱེད་པའི་བྱེད་ནུས་ལས་བྱ་སྐྱ་ཀའི་མགོ་ལ་འཇའ་ཚོན་ཤར་བ་དང་འབུ་གྲོག་མའི་ལུས་ལ་གཤོག་དྲུག་རྒྱས་ཡོད་སྟབས། ངས་ནམ་ཡང་གཡེར་འཚོང་བུ་མོ་ལྟ་བུའི་མཛངས་མའི་རིགས་ཀྱི་ལས་དོན་དབྱར་མཚོ་བཞིན་རྒྱས་ཤིང་འཕྲིན་ལས་རླུང་རྟ་དར་བའི་སྨོན་འདུན་ཞུ་བ་ལགས།
རྩོམ་ཁུངས། ངེད་དྲ་བ།