མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། གཉིས་པ།
ཉིན་གཉིས་པ།
ཞོགས་པ་ཆུ་ཚོད་དྲུག་པ་ནས་ཡར་ལ་ལངས་དུས། གྲོང་ཚོ་འདི་ད་དུང་གཉིད་ལས་སད་མི་འདུག སྲང་ལམ་ཡོངས་རྫོགས་ཁ་སང་བཞིན་འདམ་རྫབ་ཆེ་ལ། བདག་གིས་ནུབ་མོ་ལྕང་མར་འཁྲུལ་བའི་ལམ་འགྲམ་གྱི་ནག་བོང་བོང་བ་དག་ནི་དོན་དམ་པར་ལྡུམ་བུ་རིང་བོར་སྐྱེས་འདུག་པ་ཡིན་འདུག གལ་སྲིད་ལྕགས་ཀྱི་དྲ་བ་ཞིག་གིས་གྲུ་བཞིར་བཅད་ཡོད་པས་མིན་ན་དེ་དག་སྲང་ལམ་ལ་སྐྱེས་ནས། ལམ་ཡང་ལོས་འགོག་སྙམ་པ་ཞིག་འདུག
ཆུ་ཚོད་བདུན་པར་སླེབས་དུས་ཁྲིན་ཏུའུ་ནས་རྟ་བོར་འགྲོ་བའི་རླངས་འཁོར་སླེབས་སོང་། ནང་ན་རྒྱ་ནང་དུ་སོང་ནས་ཟླ་བ་ཁ་ཤས་འགོར་ཡོད་ཟེར་བའི་གྲྭ་བ་ཞིག་དང་། མིང་ལ་གངས་རི་འཚོ་ཟེར་བའི་བུད་མེད་དར་མ་ཞིག སྨན་ལྡུམ་གྱིས་ཚོང་བྱེད་བཞིན་པའི་མ་སྨད་གཉིས་ཕུད་པའི་རླངས་འཁོར་གང་བོ་ཟི་ཁྲོན་གྱི་རྒྱ་མི་རེད། སྣང་ཚུལ་འདི་ནི་མདོ་དབུས་མཐོ་སྒང་གི་འབྲོག་ས་དཀྱུས་མ་ཞིག་གི་གཞུང་ལམ་ན་འགྲོ་བཞིན་པ་དང་མི་འདྲ་བར། ཟི་ཁྲོན་དབུས་རྒྱུད་ཀྱི་རྒྱ་གྲོང་འཚུབ་པོ་ཞིག་གི་གཞུང་གཤགས་ནས་འགྲོ་བ་དང་འདྲ། ཁོ་ཚོ་ནི་ལམ་འགྲམ་གྱི་པད་མ་དང་དཔལ་ཡུལ། དར་ལག་སོགས་རྫོང་དག་ནས་རེ་རེ་བཞིན་བབས་སོང་ལ། གནས་དེ་དག་ན་རང་རང་ལ་དབང་བའི་ཚོང་ངམ་དོན་རེ་ཡོད་ཚོད་རེད། ཁོ་ཚོ་ནི་ད་ནིང་སྔ་དྲོ་བདག་གིས་གཅིག་སྒྲིལ་གྱི་ལམ་ཁ་ནས་མཐོང་བའི་ལྡུམ་བུ་དེ་ཚོ་དང་འདྲ་བར་སྐྱེ་སྟོབས་འབར་ནས། གང་ནས་རྐང་བ་ཚུགས་ན་དེ་རུ་ཡལ་འདབ་རྒྱས་འགྲོ།
མགོ་ལོག་གི་གསར་བུ་མང་དག་ཅིག་གིས་རྡོ་ཤེལ་ནག་ལྷབ་གདོང་བ་འགེབ་ལ་ཁད་རེ་གོན་ཞིང་། ཅུང་ཟད་འཕྱིང་ནས་ལན་བུར་ཆགས་ཡོད་པའི་སྐྲ་ལོ་ལྟག་པར་ཀླུབས། མགོ་རུ་རྒྱ་ཞྭ་སྐྱ་བོ། ལྷམ་འཇུར་རྟ་ཡུ་རིང་། གོས་སུ་གོས་ཆེན་རྒྱ་སྨུག་གི་ལྭ་བ་ཁྲ་ལམ་མེ་བ་རེ་གྱོན། སྦག་འཁོར་གྱི་འཕོང་ལ་སྒྲ་སྒམ་ཆེན་པོ་རེ་བཏགས་ནས་གར་སོང་ས་རུ་རྡུང་ལེན་གྱི་གླུ་སྐད་ཀྱིས་བཀངས་ནས་འགྲོ་བཞིན་འདུག འདི་དག་ཕུད་པའི་གསར་བུ་གྲོང་ཁྱེར་བར་རློམ་པ་མང་ཆེ་བ་ནི་ཟི་ཁྲོན་རྔ་བ་ཕྱོགས་ཀྱི་བོད་པ་ན་གཞོན་ཚོའི་ཆ་ལུགས་དང་གཅིག་པར་རྐང་སྣམ་འབུག་དབྱིབས་དང་ལུས་རྩལ་གྱི་ལྷམ་མཐིལ་བདེ་གྱོན་ཡོད་པས་ས་ཆ་རང་གི་ཆ་ལུགས་གཞན་དང་མི་མཐུན་པ་ཡོད་པ་ནི་ཅང་མ་མཐོང་།
ད་དུང་ཅུང་ཁྱད་པར་བ་ཞིག་ཡོད་པ་ནི། གླུ་བ་ཤེར་བསྟན་གྱི་སྐྲ་ཚུགས་བཟུང་བའི་གསར་བུ་ཡང་ཕར་བལྟས་ཚོད་ཀྱི་འབྲོག་པ་ལོས་ཡིན་འདོད་པའི་གསར་བུ་ཚོའི་གྲས་ན་མང་པོ་འདུག འོན་ཀྱང་གདོང་དང་མིག་རྩ་དམར་ལ་ཁ་སྣ་དག་མཁྲེགས་ལ་རགས་པའི་གསར་བུ་ཞིག་གི་སྐྲ་ནི་སོབ་སོབ་ཁོག་པ་སྟོང་བ། ཁ་དོག་ཞན་པ་ཞིག་དུ་བསྒྱུར་བ་ནི་མིག་ལ་མི་འཕྲོད་པ་ཞིག་དུ་སྣང་མོད། འདི་ནི་ད་ལྟ་ནས་དར་བཟོ་ཆེ་བའི་ཚུལ་ལ་བལྟས་ན་ཇེ་མང་ལ་འགྲོ་བ་ལས་ཇེ་ཉུང་ལ་འགྲོ་བའི་བཟོ་མེད་པ་འདྲ།
དེ་རིང་ཉིན་གང་བོར་གནམ་འཐིབ་ཞིང་མཚམས་མཚམས་སུ་ཆར་བ་བབས་པས་མཁའ་དབུགས་ལ་བརླན་ཤས་ཆེ་ཞིང་། ལམ་ཁ་རུ་འདམ་རྫབ་ཅུང་ཆེ། རྟ་བོ་ཡང་གཅིག་སྒྲིལ་དང་འདྲ་བར་ལམ་སྒྲོན་མེད་པས། ས་རིབ་རྗེས་སྲང་ལམ་ན་མི་མང་པོ་མཐོང་རྒྱུ་མི་འདུག འོན་ཀྱང་ལམ་ཞེང་གཅིག་སྒྲིལ་ལས་ཆེ་ཞིང་། གླ་གཏོང་རླངས་འཁོར་ཅུང་ཟད་མང་པས་ཡར་མར་འགྲོ་བ་ལ་དཀའ་ཁག་མི་འདུག
རྩོམ་ཁུངས། ངེད་དྲ་བ།