རྨི་ལམ་ཁྲོད་ཀྱི་ལྷ་ས།
ཉི་ཟླ་ལྟ་བུའི་ངའི་སེམས་ཁོང་གི་ཉི་མ་ལྷ་ས། མིག་ཆུ་རྡོག་གཅིག་དང་ལྷན་དུ་འདི་ལྟར་རྒས་སོང་། མེས་པོ་དག་གིས་སེམས་ཀྱིས་བསྐྱངས་ཤིང་ དངུལ་ཆུས་བསྐྲུན་པའི་པོ་ཏ་ལ། ངའི་སྙིང་ཁར་ཐལ་མོ་སྦྱར་ནས་དཀོན་མཆོག་ཞིག་གི་ཚུལ་དུ་བསོལ་བ་འདེབས་དུས། ཁྱེད་ནི་རྒས་ཤིང་འཁོགས་པའི་རྒན་པོ་ཞིག་དང་འདྲ་བར་ཁུ་སིམ་མེར། པོ་ཏ་ལ་དང་ཉི་མ་ལྷ་ས། ཁྱེད་ནི་ཆར་བའི་བརླན་པའི་རྩིག་ངོས་ཀྱི་ལྡེབས་རིས་བཞིན་ང་དང་ཁ་ཐག་ཇེ་རིང་དུ་གྱུར། གཟི་འོད་ལྷམ་མེར་འཕྲོས་པའི་སྔོན་ཆེད་གྱི་པོ་ཏ་ལའི་གསེར་མདོག་སེར་པོ། ད་དུང་འཛུམ་མདངས་དང་དགོད་སྒྲའི་ཁེངས་པའི་མི་རབས་ཤིག་གི་བརྩེ་བ་གསོན་པོ། འདི་དག་ཡོད་ཚད་མཐའ་ཡས་པའི་རྩ་ཐང་བཞིན་འོད་དུ་འཚེར་ན་ཅིའི་མ་ཆོག ཡབ་མེས་དག་གིས་ཟུང་ཁྲག་གིས་བསྐྲུན་པའི་ཁ་སང་གི་ཉི་མ་ལྷ་ས། དེ་རིང་ངའི་མིག་ཟུང་ཧེབ་གྱིས་ཅེར་ནས་ཁྱེད་ལ་ཐེངས་ཤིག་བལྟས་ཡོད། ངའི་ཡིད་སེམས་གཏན་ནས་ཚིམས་མ་སོང་། ངའི་རྨི་ལམ་གྱི་ཉི་མ་ལྷ་ས།
རྩོམ་ཁུངས། ངེད་དྲ་བ།