“ཁ་ཆེམས་དུས་དྲན”གྱི་བགྲོ་གླེང་དུ་བཤད་པའི་གཏམ།
"ཁ་ཆེམས་དུས་དྲན"ཞེས་པའི་བགྲོ་གླེང་འདི་ལ་ཞུགས་ཐུབ་སོང་བ་ནི་ངོ་མ་དགའ་འོས་པ་ཞིག་རེད། སྐུ་ཞབས་མཆོག་གིས་ཁ་ཆེམས་ཡི་གེ་འདི་བྲིས་ཏེ་ད་བར་དུ་ལོ་ངོ་ཉེར་དྲུག་ལྷག་འགོར་ཡོད་ན་ཡང་། ཁ་ཆེམས་དུས་དྲན་རང་བཞིན་གཙོ་བྱས་ཏེ་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་མ་མྱོང་བ་འདྲ། དེ་བས་རང་ཉིད་ཀྱང་གནའ་ཞིག་ནས་སྐུ་ཉིད་ཀྱི་རྩོམ་ཡིག་དག་ལ་དགའ་བོ་ཡོད་པ་དང་། ཀློག་མྱོང་བ། ད་དུང་སྐུ་ཉིད་ཀྱི་ཕ་ཡུལ་དང་བདག་གི་ཕ་ཡུལ་གཉིས་ནི་ཡུལ་ཚོ་གཅིག་གི་ཡིན་པ་མ་ཟད། སྟོང་སོ་རོང་འབྲོག་དྲུག་གི་ཡ་གྱལ་གྱི་སྡེ་བ་ཆུང་ཆུང་གཉིས་ཡིན་པས། སྐུ་ཉིད་ཀྱི་མཚན་བྱང་ཐོས་ཐེངས་རེར་སེམས་སུ་དགའ་བ་འབུམ་གྱི་མྱོས་པ་དང་ང་རྒྱལ་སྟོང་ཕྲག་སྐྱེས་པ་བགྲང་གིས་མི་ལངས།
སྐུ་ཞབས་ཁོང་འཚོ་བཞུགས་ཀྱི་སྐབས་དེར་བདག་ནི་ད་དུང་ཨ་མའི་བྲང་ཁོག་ལ་འབྱར་ཡོད་པའི་བྱིས་པ་དམར་རྗེན་ནས་གཅིན་སྐྱག་གར་གཏོང་མི་ཤེས་པའི་བྱིས་པ་བསམ་མེད་ཅིག་ཡིན་སྲིད། དེ་རྗེས་ཆོས་སྐྱོང་གིས་བརྩམས་པའི་རང་གྲོལ་ཞིབ་འཇུག་དེབ་ལས་ཁོང་ནི་སྤྱི་ལོ༡༩༨༥ལོའི་ཟླ༡༡པའི་ཚེས༢༩ཡི་ནངས་མོ་ཆུ་ཚོད་བཞི་ཡས་མས་སུ་སྐུ་གཤེགས་པ་ཡིན་ཟེར་བ་དང་། དགུ་རོང་སྤུན་གྲོལ་ལགས་ཀྱིས་ཟླ༡༡པའི་ཚེས༣༠ཡིན་པར་ཐག་གིས་བཅད་ཡོད་པ་རེད། ཡིན་ཡང་ལོ་དེར་ང་ནི་ལོ་ན་དགུ་ལྷག་ལ་སོན་པའི་བྱིས་པ་སྣབས་ལུག་ཅིག་ཡིན་པས་དོན་བྱ་ཅི་ཡང་གོ་ཡོད་མི་སྲིད།
རིམ་བཞིན་ནར་སོན་པ་དང་དུས་དེབ་སོགས་ལ་ལྟ་འགོ་འཁྱོངས་པ་ནས་བཟུང་། པུར་མིང་ལ་རང་གྲོལ་ཟེར་བ་ཞིག་གིས་བྲིས་པའི་སྒྲུང་གཏམ་དང་། ལྷུག་རྩོམ། ཚིགས་བཅད་སོགས་མང་པོ་ཞིག་མིག་ལམ་དུ་བསྟར་ཐུབ་པ་སོང་། དཔེར་ན། ལོ་འགའ་རྗེས་ནས་སྤྱི་ལོ༡༩༨༤ལོའི་སྦྲང་ཆར་ དེབ་གསུམ་པའི་སྟེང་གི་རྩོམ་ཡིག《རྐང་ལམ་ཕྲ་མོ》ཞེས་པའི་རྩོམ་འདི་མཐོང་བ་ཉིད་ནས་སེམས་སུ་བག་ཆགས་བཤད་མི་ཤེས་པ་ཞིག་སྐྱེས་མྱོང་། དེ་རྗེས་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་སྟེང་དུ་གསར་བ་གསར་རྐྱང་གི་ལམ་སྲོལ་ཐོག་མ་བཏོད་པའི《ལང་ཚོའི་རྦབ་ཆུ》ཞེས་པའི་རྩོམ་ཡིག་འདིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་དུ་སྔར་མེད་པའི་རང་མོས་སྙན་ངག་ཟེར་བའི་མིང་བྱང་གསར་བ་ཞིག་བསྣན་འོངས་པས། བོད་ཀྱི་རྩོམ་སྟེགས་སྟེང་དུ་སྔར་མེད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་གསར་བ་ཞིག་གིས་དབུ་ཁྱུད་བྲིས་སོང་བ་རེད། དེ་ནས་ཁོང་ཉིད་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་པ་ནས་བཟུང་། སྐྱེ་འགྲོ་ཡོངས་ཀྱིས་ཚ་ཚ་འུར་འུར་སྒོས་ཁོང་ཉིད་ཀྱི་རྩོམ་ཡིག་ལེགས་སྒྲིག་དང་། ཁོང་ཉིད་ཀྱི་རྨད་བྱུང་ལོ་རྒྱུས་འཆད་པ། རྗེས་དྲན་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་བར་མ་ཆད་པར་ད་བར་དུ་སྤེལ་བ་རེད། དེ་ནས་ལོ་ཡི་འཁོར་མོ་ག་ཙམ་འདས་པ་མི་ཤེས་ཀྱང་སྤྱི་ལོ༡༩༩༥ལོར་རྨ་དགེ་སློབ་གྲྭ་ན་སློབ་གཉེར་བྱེད་བཞིན་པའི་བར་གླགས་ཤིག་ལ་མདུན་ཤོག་ནག་པོ་དང་དེའི་སྟེང་ན་སྐུ་འབུམ་གྱི་མེ་ཏོག་མཆོད་མཇལ་འདྲ་པར་བླངས་ཡོད་པའི༡༩༩༥ལོའི་དེབ་དང་པོའི་མཚོ་སྔོན་མང་ཚོགས་སྒྱུ་རྩལ་ཟེར་བའི་དུས་དེབ་ཅིག་ལག་སོན་སོང་ནས་དཀར་ཆག་ལ་ཞིབ་མཇལ་བྱས་མ་ཐག་མིག་ལམ་དུ་སྙན་རྩོམ་བུང་བའི་གཤོག་སྒྲ་ཞེས་པའི་ལེ་ཚན་གྱི་ནང་གི་མགོ་ན《རིག་པའི་དཔའ་བོ་རྣམས་ལ་ཕུལ་བའི་བསྟོད་ཚིག》ཅེས་པའི་རྩོམ་བྱང་གི་རྗེས་ན་རང་གྲོལ་ཟེར་བའི་མིང་དེ་གྲུ་བཞི་ནག་པོ་ཞིག་གི་ནང་ན་བྲིས་ཡོད་པ་མཐོང་བས། སེམས་སུ་རང་གྲོལ་ལགས་སྐུ་གཤེགས་ནས་ཕལ་ཆེར་ལོ་ངོ་བཅུ་ལྷག་འགོར་ལ་ཉེ་བའི་རིང་འདིར་ཁོ་བོའི་རྩོམ་འདི་སུ་ཞིག་གིས་སྤེལ་བ་ཡིན་ནམ་སྙམ་སྟེ་ཅི་ཡིན་འདི་ཡིན་མེད་པའི་ཡ་མཚན་གྱི་སྣང་བ་ཞིག་གིས་ཁེངས་སོང་།
དེ་ནས་དེབ་དེའི་ཤོག་གྲངས་བཅོ་ལྔའི་སྟེང་ན་ཡོད་པའི་རྩོམ་ཧྲིལ་བོར་ལྟ་མགོ་བརྩམས་པ་ན། ཁ་བྱང་གི་གཤམ་ན་ཡིག་འབྲུ་ཆུང་ངུའི་འདི་ལྟར་བྲིས་ཡོད་དེ། མཚོ་ལྷོ་དགེ་ཐོན་སློབ་གྲྭའི་མཐོ་འབྲིང་སློབ་རིམ་གསུམ་པའི་འཛིན་གྲྭ་དང་བོའི་སློབ་གཉེར་བ་རྣམས་མཐར་ཕྱིན་པ་ལ་དྲན་རྟེན་དུ་ཕུལ་བ་ཞེས་བྲིས་འདུག་པས། ལྷག་པར་དུ་སེམས་ནས་བཀླག་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་ཏེ་མུ་མཐུད་དུ་ཀློག་འགོ་བརྩམས་པ་ཡིན། མར་ལ་བཀླགས་རྗེས་ཁོ་བོས་འཛིན་གྲྭ་འདིར་ཟླ་ངོ་གསུམ་གྱི་རིང་ལ་རཱ་མ་ནའི་རྟོགས་བརྗོད་སློབ་ཁྲིད་གནང་བ་ཤེས་ཐུབ་པ་མ་ཟད། དེང་སང་ཀུན་གྱིས་གདམས་ངག་ཏུ་བརྩི་བཞིན་པའི་ཚིག་ཕྲེང་སྟེ། ལ་རྒྱ་ནི་རང་རེའི་བླ་སྲོག་ཡིན་པ་དང་། ང་རྒྱལ་ནི་རང་གི་གཟི་བརྗིད་རེད། ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ། གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་། ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ། གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན། རང་རིགས་ཀྱི་ གཟི་བརྗིད་དང་། མེས་རྒྱལ་གྱི་ལ་རྒྱ་ཡང་རེད་ཟེར་བ་འདི་སྐབས་དེའི་ཁོ་བོའི་སློབ་མ་དེ་རྣམས་ལ་བྲིས་པའི་རྩོམ་ཡིག་འདི་ནང་དུ་ཡོད་པ་མཐོང་། ད་དུང་སྐབས་དེའི་སློབ་གྲོགས་ཚོའི་མིང་རེ་རེ་ལའང་སྙན་ངག་གི་ལམ་ནས་རྩེད་མཚར་གྱི་ཚུལ་དུ་མིང་ལ་འགྲེལ་བཤད་བརྒྱབ་ཡོད་དེ། དེ་དག་གི་མིང་རེ་རེ་བཏོན་ན་འདི་ལྟ་སྟེ། ལྕགས་ཐར་འབུམ། ཀླུ་འབུམ་བྱམས། པདྨ་དབང་རྒྱལ། དོན་ཁོ། རྡོ་རྗེ་བཀྲ་ཤིས། དཔལ་ཆེན་ཐར། སྒྲོལ་མ། བ་རྡོ། འཇམ་བྷོ་བཅས་ཡིན། རྩོམ་ཡིག་འདི་ཀློག་གིན་ཀློག་གིན་ཀློག་ན་འདོད་པས་ང་རང་གིས་ཀྱང་ཐེངས་དུ་ལ་ཀློག་པ་ཡིད་ནས་མི་དྲན་པ་རེད། ད་སྐབས་ད་དུང་དུས་དེབ་དེ་བདག་གཉེར་བྱས་ནས་བཞག་ཡོད་པ་དང་མདང་དགོང་ཡང་བསྐྱར་དུས་དེབ་དེ་བཙལ་ནས་ཀློག་པ་ཡིན། རྩོམ་ཡིག་དེས་ང་ལ་ངར་ཤུགས་བྱིན་པ་དང་མི་རིགས་ལ་ཤ་ཞེན་བྱེད་དགོས་པའི་སློབ་གསོའི་སྐུལ་ལྕག་ཡང་ཡང་ཐེབས་སུ་བཅུག་སོང་།
གཙོ་བོ་དེ་རིང་སྐུ་ཞབས་ལགས་ཀྱི་བྲིས་པའི་ཁ་ཆེམས་ལ་དུས་དྲན་བྱེད་དགོས་པ་ཡིན་པས། དོན་གནད་གཙོ་བོ་ཁ་ཆེམས་ཀྱི་སྟེང་དུ་བབ་ན། ཐོག་མར་བྲིས་པའི་ཁ་ཆེམས་དེའི་དགོངས་དོན་དང་བརྒྱུད་རིམ་ལ་དམིགས་དགོས་པས། ཐོག་མར་ངས་ཆོས་སྐྱོང་ལགས་ཀྱིས་བྲིས་པའི་རང་གྲོལ་ཞིབ་འཇུག་གཞིར་བཟུང་ན། དེའི་ནང་དུ་སྐུ་ཞབས་མཆོག་གིས་གཉའ་བློ་གྲོས་རྒྱལ་མཚན་ལ་བྲིས་པའི་ཁ་ཆེམས་དེ་དང་གཞན་གཉིས་བཅས་གསུམ་བྲིས་ཡོད་པར་བཤད་པ་དང་། ཚང་མ་རྒྱ་ཡིག་གིས་བྲིས་ཡོད་ཟེར། གཉའ་བློ་གྲོས་རྒྱལ་མཚན་གྱིས་ཉར་ཡོད་པའི་ཁ་ཆེམས་དེའི་སྟེང་དུ་བོད་ ཁམས་ཀྱི་ལས་ཁུངས་མང་པོ་ཞིག་གི་མིང་བྱང་བྲིས་འདུག་ཟེར་བ་དང་། གཞན་གཅིག་གི་ནང་དོན་ད་སྔ་ཕལ་ཆེར་གྱིས་མཐོང་མ་མྱོང་ཟེར་བ་དང་། གཞན་དེ་གཉིས་༼རང་གྲོལ་ཞིབ་འཇུག༽དེབ་ཕྲེང་གཉིས་པའི་ནང་དུ་བྱང་སྐར་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་ཡོད་པ་རེད། གཞན་གཅིག་ནི་ད་སྐབས་ཚང་མའི་མཐོང་སྣང་དུ་གྱུར་བའི་ཨ་ཁུ་ཟླ་བར་བྲིས་པའི་ཁ་ཆེམས་ཡི་གེ་འདི་ཡིན་ཟེར། ཁ་ཆེམས་ཡི་གེ་འདི་ཞིབ་ཀློག་ཐེངས་གཅིག་བྱས་ཏེ་ངས་མགོ་མེད་མཇུག་རྡུམ་གྱི་ཉོག་གཏམ་ཤ་སྟག་འདྲེས་པའི་འདོན་ཀློག་གི་གཏམ་བཤད་ཟེར་བ་འདི་ཚར་སོང་བ་ཡིན།
སེམས་པ་འདི་སྡུག་བསྔལ་གྱིས་ཡོངས་སུ་མནན་ཏེ་ལྗིད་ཏིག་ཏིག་གི་ངང་ཁྱེད་དང་གྱེས་ཕྱག་ཕུལ་བ་ཡིན། ཁོ་བོས་ལམ་འདི་འདྲ་ཞིག་བདམས་པའི་གཏམ་ངན་དེ་གོ་དུས་ཁྱེད་ཉིད་ཧ་ལས་ཤིང་ཧང་སངས་པས་མི་ཚད། བདག་གི་ནོར་འཁྲུལ་ཞིག་ཏུ་བརྩི་ནའང་ཐང་མོད། གལ་སྲིད་ཁྱེད་ཀྱིས་ སེམས་རྣལ་ལ་ཕབ་ཏེ་ཁོ་བོའི་ཤི་རྐྱེན་འདིར་ཞིབ་འདང་རེ་བརྒྱབ་ཚེ། མཐའ་མཇུག་གི་གྱེས་ཕྱག་ཕུལ་དོན་ལའང་རྒྱུ་མཚན་ཡེ་ནས་མེད་པ་མ་ཡིན་པའི་ངེས་ཤེས་འདྲ་འདྲོང་སྲིད་དོ༎ ཁྱེད་དང་གཏན་བྲལ་དུ་འགྱུར་བའི་སྐབས་འདིར། ངས་ནི་ཅི་འདྲས----ཅི་འདྲས་ཁྱེད་དང་མཇལ་འདོད་ཡོད་པ་ལ་ཨང་། ཡིན་ནའང་འདི་ནི་སྲིད་པ་མ་ཡིན་ཏེ། དེ་རིང་ངས་ད་དུང་ཡང་ཁྱེད་ལ་གློག་འཕྲིན་ཞིག་བཏང་དོན། མྱུར་དུ་ལས་གནས་སྤོར་བའི་བརྡ་ཡིག་ཅིག་འབྱོར་བར་རེ་བ་ཆེ་ཨང་། འོན་ཀྱང་། ངས་ཁོག་འདང་ཟབ་མོ་ཞིག་བརྒྱབ་པ་ན། རང་རིགས་འདི་སྔར་བཞིན་རྨོངས་མུན་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང་། དེའི་དོན་དུ་ཁོ་བོས་ཀྱང་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་པ་ཚོ་གོ་རྟོགས་དེ་སད་ན་སྙམ་ཡང་། ཕམ་ཁ་ནི་རང་གིས་ཉོ་དགོས་བྱུང་རྐྱེན། ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་གིས་མཆོད་སྦྱིན་བྱས་ཏེ་དུང་བརྡ་གསལ་བོ་ཞིག་བསྒྲགས་པ་ཙམ་མོ༎
རྩོམ་ཁུངས། ངེད་དྲ་བ།