དཔེ་དེབ་ལྟ་དགོས་པའི་གལ་ཆེའི་རང་བཞིན་བཤད་པ།
མི་རིགས་ཤིག་དུས་རབས་ཀྱི་འགྲོས་དང་མཐུན་པར་ཡར་རྒྱས་འགྲོ་དགོས་ན་ཤེས་ཡོན་ཅན་གྱི་མི་སྣ་གང་མང་བསྐྱེད་བསྲིང་བྱ་དགོས་པ་དང་། ཤེས་ལྡན་མི་སྣས་དོན་དངོས་བྱ་གཞག་སྒྲུབ་པའི་དུས་ཤིག་ལ་མི་རིགས་དེར་དར་རྒྱས་ཀྱི་འཕར་རྩ་་ལྡན་པར་བསམ། དེ་ལས་ལྡོག་ཏེ་ཤེས་ཡོན་པ་ཉུང་བའི་མི་རིགས་དེར་ཡར་རྒྱས་ཀྱི་མདུན་ལམ་ག་ལ་ཡོད། ཤེས་ཡོན་ཅན་ཞིག་བྱེད་པར་ཕྱོགས་མང་པོའི་འཇོན་ཐང་དགོས་པ་ཕུད། གཙོ་བོ་ནི་དཔེ་དེབ་མང་པོ་བལྟས་ནས་གནད་ལུགས་རྟོགས་པ་བྱ་རྒྱུ་དེ་ཡིན། འོན་ཀྱང་བོད་རིགས་དཔེ་དེབ་བལྟ་མཁན་ཉུང་བ་དེས་བོད་གསར་འཛུགས་སྐྲུན་བྱེད་པར་ཡང་དཀའ་ངལ་འཕྲད་སྲིད་པས་དེའི་དོན་དུ་ངས་ཀྱང་གནད་ལུགས་ཁ་ཤས་ཤོད་པར་འདོད།
དང་པོ། ཤེས་ལྡན་པ་ཞེས་པ་དེ་ཡང་སྙིང་གང་འདྲ་ཞིག་རེད།
ཤེས་ལྡན་པ་ཞེས་པ་ནི་དོན་དངོས་བྱ་བའི་ཁྲོད་ནུས་པ་གཞན་ལས་ལྷག་པ་འདོན་ཐུབ་ལ་བྱ་བའི་བཟང་ངན་གྱི་འཇུག་འབྲས་སྔོན་ནས་རྟོགས་ཐུབ་མཁན་ཞིག་ལ་གོ་བ་ལས་སློབ་ཐོན་ལག་འཁྱེར་གྱིས་ཡོད་ཚད་ཀྱི་འཚབ་བྱེད་པའི་ནུས་མེད་དག་ལ་རྩ་བ་ནས་མི་བརྗོད་ལ་གནད་ལུགས་ལ་མ་བརྟག་པར་བཟང་ངན་འུར་གྱི་སྒྲོག་པའི་རྗེས་སུ་རྒྱུགས་མཁན་དེ་འདྲ་རྩ་བ་ནས་མ་རེད།
གང་ལྟར་ཤེས་ལྡན་པ་ནི་རང་འགུལ་གྱིས་དཔེ་དེབ་སྣ་ཚོགས་ལ་བལྟ་ཐུབ་པ་དང་། བྱ་བའི་བཟང་ངན་ཕྱིན་ཅི་མ་ལོག་པར་ཤེས་ཐུབ་མཁན།རྒྱལ་ཁབ་དང་མི་དམངས་ཀྱི་ལས་དོན་ནོར་འཁྲུལ་མེད་པར་སྒྲུབ་ཐུབ་མཁན་ཞིག་ལ་བྱ་བ་ཡིན།
གཉིས་པ། ཤེས་ལྡན་པ་ཇི་ལྟར་བསྐྱེད་བསྲིང་བྱ་དགོས།
ཡོད་ཚད་ཡིག་རྒྱུགས་ཀྱིས་ཐག་གཅོད་བྱེད་པའི་སློབ་གསོའི་ཐབས་ལམ་དེར་དགེ་རྒན་གྱིས་དེ་ཙམ་གལ་ཆེར་མ་བཟུང་པར་གཙོ་བོ་རང་གིས་བསམ་བློ་གཏོང་ཤེས་པ་དང་། དབྱེ་ཞིབ་བྱེད་ཤེས་པ། གཞན་གྱི་བསམ་ཚུལ་ཉན་ཤེས་པ། རང་གི་བལྟ་སྟངས་བརྗོད་ཤེས་པ། བཟང་ངན་དབྱེ་བའི་ནུས་པ་སྦྱངས་དགོས་པ་དང་། སྤྱི་ཚོགས་ཀྱི་བྱ་དངོས་སྣ་ཚོགས་ལ་རང་གི་རྣམ་དཔྱོད་བཟུང་ནས་དབྱེ་ཞིབ་བྱ་རྒྱུའི་ནུས་པ་མི་དམན་པ་ཞིག་འཇགས་པ་བྱ་རྒྱུ་དེ་ཤེས་ལྡན་པ་ངོ་མ་ཞིག་བསྐྱེད་བསྲིང་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཡིན། ལྷག་པར་དུ་དཔེ་དེབ་བལྟ་རྒྱུ་དེ་ཤེས་ལྡན་པ་ཞིག་ཆགས་པ་བྱེད་པའི་མི་སོ་སོའི་ལས་ཀ་གལ་ཆེ་ཞིག་ཡིན།
གསུམ་པ། དཔེ་དེབ་བལྟ་དགོས་པའི་གལ་ཆེའི་རང་བཞིན།
ང་ཚོས་དཔེ་དེབ་ལ་མ་བལྟས་པ་དེས་སྔར་ནས་ད་བར་མི་རེ་ཟུང་གི་གང་བཤད་ཀྱི་རྗེས་སུ་རྒྱུགས་ནས་སྐྱེས་ཆེན་དམ་པ་མང་པོ་ཞིག་ལྔ་ལམ་དུ་ བརྫངས་པ་དང་། ད་ལྟའི་མཁས་པ་མང་པོ་ཞིག་གནད་ལུགས་མི་ཤེས་པའི་མང་ཚོགས་ཀྱི་མདུན་དུ་དབུགས་རིང་ཡང་ཡང་འདོན་དགོས་བྱུང་། ང་ཚོས་ད་དུང་ཡང་དཔེ་དེབ་བལྟས་ནས་བཟང་ངན་ཤེས་པའི་ནུས་པ་ཞིག་ལྡན་པ་མ་བྱས་ན་མ་འོངས་པར་ང་ཚོས་སྔར་བཞིན་འགྱོད་པ་རིན་གྱི་ཉོ་ངེས་རེད།
མི་རིགས་གཞན་གྱིས་རླངས་འཁོར་ཁ་བཀག་པའི་དུས་ཚོད་དང་། ལྷམ་བཟོ་རྒྱུ་མེད་པའི་བར་གསེང་། ཚལ་རིགས་ཉོ་མི་མ་སླེབས་པའི་དུས་ཁོམ་
སོགས་ལས་རིགས་ཆུང་ཙག་གི་དུས་ལྷག་ཐུང་ངུ་དག་ཀྱང་འཕྲོ་བརླག་མ་བཏང་བར་དཔེ་དེབ་བལྟས་ཤིང་ལས་བྱེད་པའི་ཁྲོད་དུ་དཔེ་དེབ་བལྟ་མཁན་དེ་བས་མང་པོ་འདུག། ཉེ་ཆར་དགེ་རྒན་ཁ་ཤས་མེས་རྒྱལ་ནང་སར་ལྟ་སྐོར་ལ་འགྲོ་བའི་ནང་དུ་རྒྱ་མི་རིགས་གཉིས་དང་བོད་རིགས་དགུ་ཡོད་པ་དང་། ཧྲང་ཧའེ་ལ་སླེབས་རྗེས་ངལ་གསོ་ཅུང་ཟད་བྱས། དེའི་རིང་ཚང་མ་ཁྲོམ་ལ་སོང་ནས་ལོག་ཡོང་སྐབས་རྒྱ་རིགས་བློ་མཐུན་གཉིས་ཀྱིས། རིན་གོང་ལ་མ་འཛེམས་པར་རང་གི་ཀློག་དེབ་དང་། ཕྲུ་གུའི་སློབ་དེབ་མང་པོ་ཉོས་ཡོད་པ་དང་། བོད་རིགས་དགུ་པོས་གྱོན་གོས་སོགས་རས་ཆས་ལུང་པ་གང་གཟིགས་ཡོད་པ་ལས་དཔེ་དེབ་གཅིག་ཀྱང་ཉོ་མཁན་བྱུང་མེད་སྟབས་སྣེ་ཁྲིད་དགེ་རྒན་ཁོང་ནི་ཡིད་ཕམ་པའི་དབུགས་རིང་ཡང་ཡང་འབྱིན་དགོས་བྱུང་།
རེད་ཨང་། དགེ་བའི་བཤེས་གཉེན་གྱི་ཁྲོད་དུ་དཔེ་དེབ་ལ་དགའ་བའི་མི་མེད་ན་མང་ཚོགས་སྤྱི་ཡོངས་ཀྱི་ཁྲོད་དུ་དཔེ་དེབ་བལྟ་མཁན་ཅི་ཙམ་ཡོད། རྒྱུ་མཁན་དེས་ང་ཚོ་ཚང་མ་འུར་རྒྱག་རྒྱུར་དགའ་བ་ལས་གནད་ལུགས་གཏིང་ནས་རྟོགས་མཁན་དཀོན་པ་འདི་རེད། དེ་ནི། ཕན་དང་མི་ཕན་མི་དཔྱོད་ཅིང་། བློ་དང་ཐོས་པ་མི་འཚོལ་བར། ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། སྤུ་མེད་པ་ཡི་ཕག་པ་འདྲ་ཞེས་པའི་ལེགས་བཤད་དང་མཐུན་པ་ནི་ས་པཎ་གྱིས་སྔོན་མཁྱེན་བཤད་པ་མིན་ནམ་སྙམ།
གང་ལྟར་དཔེ་དེབ་མ་བལྟས་པས་སངས་རྒྱས་ཆོས་གཞུང་གི་ནང་དོན་མི་རྟོགས་ལ་འཇིག་རྟེན་འཚོ་གནས་ཀྱི་ཤེས་བྱ་ཕུན་ཚོགས་ཤེས་མ་ཐུབ།དཔེ་དེབ་མ་བལྟས་པས་རང་གི་རྣམ་དཔྱོད་ཀྱི་མིག་ཟུང་ཉམས་ནས་ཡོད་ཚད་གཞན་ཟེར་གྱི་རྗེས་སུ་རྒྱུགས་རྒྱུར་གོམས། དད་པ་དང་ཡིད་ཆེད་ཀྱི་སྔོན་འགྲོ་ཁོ་ནས་སྣ་དྲངས་ཏེ་གནད་ལུགས་ཕྱིན་ཅི་ལོག་པའི་ནོར་འཁྲུལ་མང་པོ་ཞིག་སྔར་སོང་ལོ་རྒྱུས་ཀྱི་ཁྲོད་དུ་སིམ་ནས་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་དཔེ་དེབ་ལྟ་རྒྱུ་དེ་གལ་ཧ་ཅང་ཆེ།
ད་ནས་བཟུང་ཞིང་པ་དང་འབྲོག་པ། རྫི་བོ་དང་ཚོང་པ། ལས་བྱེད་དང་ཁ་ལོ་བ་སོགས་ལས་རིགས་ཀྱི་དབྱེ་བ་མེད་པར་དཔེ་དེབ་ཀློག་རྒྱུ་དེ།གཞུང་ཞབས་པ་བྱེད་རྒྱུ་ཁོ་ནའི་དོན་དུ་མིན་པར། སྤྱི་དམངས་ཁྱོན་ཡོངས་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུའི་དགོས་པ་ཡིན་པ་ཤེས་པར་བྱས་ཏེ། ངེས་པར་དུ་དཔེ་དེབ་ལྟ་དགོས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་འབུལ་སྐུལ་ཞུའོ།།
སྨྲས་པ། གནས་ལུགས་སྟོང་གི་ཕྱུག་པའི་ནང་དོན་རེ།།
དད་པས་དབུ་གཏུགས་བྱེད་རྒྱུའི་གོམས་གཤིས་ལས།།
ལྟ་ཀློག་ཉམས་ཞིབ་བྱེད་པའི་དོན་ལྡན་ལས།།
ཏིལ་ཙམ་སྒྲུབ་འདོད་མེད་པ་འདི་སྐྱོ་ཨང་།།
གཞན་གྱི་རྗེས་སུ་ཁྱི་ལྟར་རྒྱུགས་པ་ལས།།
རང་གི་རྣམ་དཔྱོད་བཙོན་ལ་བཅུག་པ་འདིས།།
རང་རིགས་བསམ་པའི་མེས་པོ་རླབས་ཆེན་འགའ།།
ལྔ་བའི་ལམ་དུ་བརྫངས་པ་ཡིད་རེ་སྐྱོ།།
གལ་ཏེ་ཀུན་གྱི་བྱང་ཚད་མཐོར་གཏེགས་ནས།།
རྨོངས་གཉིད་ལྕགས་སྒྲོག་ཧྲོག་སེ་གྲོལ་ཐུབ་ན།།
དམ་པ་དུར་ལ་སྦ་བའི་སྨྱོ་ལས་ཀུན།།
རྡུལ་ཙམ་ཆགས་ས་མེད་ན་དགའ་བ་ལ།།
རྩོམ་ཁུངས། ངེད་དྲ་བ།