མི་ཚེ་ཨ། སྟོང་བའི་རང་གཟུགས།
མི་ཞིག་སྐྱེས་མ་ཐག་ནས་འཆི་བའི་ལམ་དུ་ཕྱོགས་དགོས་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཡིན་པ་སུས་ཀྱང་ཤེས་ཚོར་བྱུང་ཡོད་པ་རེད་མོད། འོན་ཀྱང་ནམ་རྒྱུན་བདག་འཛིན་གྱིས་བཅིངས་པའི་སེམས་བསྐྱེད་ལས་རང་ཉིད་མི་འགྱངས་བར་འཆི་ལམ་དུ་བསྙེགས་དགོས་པ་རྩ་བ་ནས་བརྗེད་དེ། རྣམ་ཀུན་ཉོན་མོངས་ཕྲ་རགས་ཀྱི་ཀློང་ནས་ཐར་མ་ཐུབ་པར་ཞེན་ཆགས་ཀྱི་མདུད་པ་སྔར་ལས་དམ་པོ་ནས་དམ་པོར་གྱུར་ཏེ་བདག་འཛིན་གྱི་བློ་ཡུལ་དོར་མ་ཐུབ་པར་མི་ཚེ་ནི་རྫོགས་རྒྱུ་མེད་པའི་རྨི་ལམ་རིང་མོ་ཞིག་ཡིན་པར་འཁྲུལ་ནས། མ་འོངས་བའི་འཆར་གཞི་དང་འདོད་དོན་གྱི་རི་མོ་གང་མང་ཞིག་འགྲུབ་ཆེད། རང་དོན་རྐྱང་རྐྱང་གི་ཆེད་དུ་འཇིག་རྟེན་འདི་ན་རང་ཉིད་ནི་འཆི་རྒྱུ་མེད་པ་དང་། རང་ཉིད་ཀྱི་མི་ཚེ་ནི་ཆེས་རིང་བ་ཞིག་ཡིན་པར་འཁྲུལ་ནས་སྡུག་བསྔལ་གྱི་ཀློང་དུ་འཁྱམས་ཉུལ་བྱེད་བཞིན་པའང་ཚོར་གྱི་མེད་པའི་འདུ་ཤེས་ཀྱི་ཕུང་བོ་འདི་སྙིང་རེ་རྗེ་དང་པོའོ།།
མི་ཚེ། འཇིག་རྟེན། འཁོར་བ་གསུམ་གྱིས་འབྲེལ་ཐག་ལས་ང་ཚོ་རིང་དུ་བརྒལ་མ་ཐུབ་པར་ཆེས་མྱུར་ལ་ཐུང་བའི་མི་ཚེ་འདིར་རྫོགས་ཤད་འབྲི་བ་དང་། དེ་མིན་ང་ཚོའི་སེམས་ཁོང་ན་ནམ་ཡང་འཆི་བ་ཞེས་པའི་ཡིག་འབྲུ་དེ་གཉིས་ནི་རེས་མོག་རེས་གསལ་གྱི་ངང་དུ་གནས་ཡོད་པས། རང་སེམས་རྟ་རྒོད་འདི་ནམ་ཡང་བཏུལ་མ་ཐུབ་པར་སྐྱིད་ལ་སྡུག་པའི་འཇིག་རྟེན་འཁོར་བ་འདིར་བློས་ཆགས་ཏེ་ནམ་ཡང་འདོད་ཆགས་ཞེ་སྡང་གིས་ཡོད་ཚད་ཕུང་ལ་སྦྱོར་བཞིན་ཆེས་ཐུང་བའི་མི་ཚེ་གཅིག་འདི་ལྟར་རང་དོན་གཅིག་པུ་ལ་མགོ་འཁོར་བ་དང་། བདག་འཛིན་ཕྲ་མོའི་དམ་དུ་བཅུག་པ། ཞེན་འཛིན་གྱི་མདུད་པ་རང་སར་གྲོལ་མ་ཐུབ་པར་འཆི་བའི་ལམ་འཕྲང་དུ་སྙེག་དང་སྙེག་ཟིན་པ་རྣམས་ནི་སྙིང་རེ་རྗེ་གཉིས་པའོ།།
མི་ཞིག་གི་འཇིག་རྟེན་གྱི་མ་འོངས་བའི་མཐའ་འབྲས་ནི་སྟོང་བའི་རང་གཟུགས་སུ་གྲུབ་ཡོད་པའང་སུས་ཀྱང་སེམས་ན་ཝ་ལེར་ངེས་ཡོད་ན་ཡང་། དུས་ནམ་ཡང་འཁྲུལ་སེམས་ཀྱི་དབང་གིས་མི་ཚེ་འདི་ནི་ཆེས་རིང་བ་དང་། ཆེས་དོན་སྙིང་ཡོད་པ། རང་ཉིད་ནི་ནམ་ཡང་འཆི་ལམ་དུ་བསྐྱོད་མི་དགོས་པའི་འཁྲུལ་སྣང་རབ་རིབ་ཀྱིས་ཡིད་སེམས་འདི་ཆགས་ཞེན་དང་སྐྱིད་སྣང་ཞིག་གིས་བཟི་རུ་བཅུག་ཡོད་པས། རང་གི་མི་ཚེ་ནི་བདེ་སྐྱིད་ཀྱི་རང་གཟུགས་ཤིག་དང་། དོན་སྙིང་གིས་ཕྱུག་པའི་མི་ཚེ་རླབས་ཆེན་ཞིག་ཡིན་པར་ངོས་བཟུང་སྟེ། རང་གི་ད་ཡོད་ཀྱི་འཚོ་བ་ནི་རྟག་བརྟན་གྱི་རི་མོ་ཞིག་ཡིན་པར་འཁྲུལ་ཡོད་པའི་ང་དང་ང་འདྲ་བ་རྣམས་ནི་སྙིང་རེ་རྗེ་གསུམ་པའོ།།
མི་ཞིག་གི་ཚེ་ཚད་ལ་སུས་ཀྱང་ཚོད་འཛིན་བྱས་མེད་པར། རང་ཉིད་ཀྱི་སྐྱེ་བ་སྔོན་མའི་ལས་བསགས་ཀྱི་འབྲས་བུས་རང་གི་ཚེ་ཚད་ཀྱི་རིང་ཐུང་ཐག་བཅད་ཡོད་པར་ཚང་མས་ཤེས་དགོས་པ་རེད། ཡིན་ཡང་དེང་སང་ལས་འབྲས་ལ་ཁས་མི་ལེན་པའི་གང་ཟག་མང་པོས་རང་གི་ཚེ་ཚད་ནི་མི་རང་ཉིད་ཀྱིས་ཐག་གཅོད་དགོས་པར་འདོད་མཁན་ཡང་ཡོད་པར་སྙམ། གང་ལྟར་མི་ཞིག་གི་ཚེ་ཚད་ཀྱི་རིང་ཐུང་ནི་ངེས་པ་མེད་པའི་གྲངས་ཐང་ཡ་མཚན་ཞིག་ཡིན་པ་ཚང་མས་ཁས་ལེན་དགོས་པ་རེད། སྲིད་པ་རྒན་པོའི་ཁ་དཔེ་ཡིས་ཐག་བཅད་ཡོད་པ་ནི་སྐྱེ་བ་སྔ་གཞུག་ཡོད་ལ། འཆི་བ་སྔ་གཞུག་མེད་ཟེར་བའི་གཏམ་འདིས་མི་རྣམས་ལ་བསམ་རྒྱུ་དྲན་རྒྱུ་ཞིག་བཞག་ཡོད་ན་ཡང་། ད་དུང་ཨུ་ཚུགས་མཐར་སྐྱེལ་གྱིས་ལས་འབྲས་བསླུ་མེད་ཡིན་པ་ཁས་མི་ལེན་པའི་གང་ཟག་རྣམས་ནི་སྙིང་རེ་རྗེ་བཞི་བའོ།།
རྩོམ་ཁུངས། ངེད་དྲ་བ།