དེ་རིང་གི་ང་།
འདས་སོང་གི་སེམས་ཚེགས་དང་ལོ་རྒྱུས་ཀྱི་ཟུག་གཟེར་དག་སྤུངས་པར་འདྲ་བའི་སྐྱིད་ཆུའི་འགྲམ་ངོགས་ཀྱི་དེའུ་འབུར་གྱི་སྟེང་ན།བསིལ་རླུང་ཤུར་ཤུར་དུ་ལྡང་བའི་དགུན་མཚམས་ཀྱི་སྣེ་མོ་འདི་ནས། ངས་མིག་ཟུང་སྐྱིད་ཆུ་སྔོན་མོའི་བཞུར་རྒྱུན་ལ་ཅེར་གྱིན། རྨི་ལམ་ཡིན་ན་སྙམ་པའི་མདང་ནུབ་ཀྱི་གནས་ཚུལ་དེས། སླར་ཡང་རང་ཉིད་ཀྱི་ལས་དབང་དང་། གནས་བབ་ལ་བསམ་གཞིགས་རྣལ་མ་ཞིག་མ་བྱས་ཐབས་མེད་དུ་གྱུར།
ད་ལྟ་ང་རང་གི་ཁ་གཏད་དུ་ལངས་པའི་དུས་ཚོད་དང་ཁ་ཕྱོགས་ངེས་མེད་ཀྱིས་རླུང་བུ་འདིས། ངའི་འབྱུང་གཟུགས་ཀྱི་བ་སྤུ་དག་གཟེང་ཞིང་། ངའི་ཡ་ཁོག་གཞུང་གི་དམར་ཆུང་དེ་ཡང་འདར་འདར་བྱེད། ཡིན་ནའང་དྲིན་ཅན་མ་ལོས་གནང་བའི་མེ་སོན་ལྟ་བུའི་སྙིང་དམར་པོ་ཞིག་ང་ལ་ཡོད་པས། དྲོད་ཁོལ་གྱི་དཔྱིད་དཔལ་བསུ་
བའི་ཕུག་རེ་དེ་འདོར་ག་ལ་རུང་། གང་ལྟར་གངས་ལྷ་མེ་ཏོག་དང་མཉམ་དུ་མཐོ་སྒང་གི་ས་འདི་ནས་རང་ཉིད་ལ་འཚམས་པའི་གནས་མལ་ཞིག་རྙེད་ཟིན་པས། ཐོག་དང་སེར་བའི་ཆག་སྒོ་དག་མགོ་ཐོག་ཏུ་ལྷུང་རུང་འགྱོད་པ་ནི་ཅིའི་ཕྱིར་བྱེད།
རེད་ཡ། བླ་སྲོག་མེད་པའི་འཚོ་བ་དེ་ངའི་གདམ་བྱ་མིན་ལ། འཇའ་ཚོན་ལྟ་བུའི་དམིགས་དབེན་དེ་ཡང་ངའི་བསྙེག་བྱ་མིན། གང་ལྟར་གཙང་ཆུ་སྔོན་མོའི་བཞུར་རྒྱུན་འདི་མ་ཆད་ན། ངའི་ཟུངས་ཁྲག་ལ་ཡང་འཛད་པ་མེད་པས། ང་དང་ངའི་མེས་པོ་ཚོས་སྙིང་ཁོང་ན་བརྣག་པའི་འདོད་དོན་དག་མངོན་དུ་མ་གྱུར་བར། ངས་ངའི་རྣམ་དཔྱོད་ཀྱི་རིན་ཐང་དེ་འཚོལ་རྒྱུ་ཡིན། དེ་ནི་དེའུ་འབུར་སྟེང་ཁེར་ཚུགས་སུ་ལངས་པའི་དེ་རིང་གི་ངའོ།།
རྩོམ་ཁུངས། ངེད་དྲ་བ།