ནང་བསྟན་གླེང་བ།༼ཁག་ཕྱི་མ།༽

    ཡིན་ནའང་བདག་གིས་རང་ཉིད་ནི་གནས་ལུགས་ཀྱི་ལམ་ནས་དཔྱད་བརྗོད་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་ཞེན་པ་དང་གོམས་པའི་བློ་དེ་རིང་དུ་དོར་དགོས་པའི་འདུ་ཤེས་ཤིག་གི་ངོས་ནས་བོད་གངས་ཅན་གྱི་ཡུལ་དུ་དར་ཁྱབ་ཆེ་བའི་ནང་བསྟན་ཆོས་ལུགས་དེ་གླེང་བ་ལས་གནས་ལུགས་ཀྱི་ཉི་འོད་སྤར་མོས་འགེབ་པ་ལྟ་བུའི་འུ་ཚུགས་ཀྱི་ངལ་བ་བསྟེན་གྱི་མེད་པ་ནི་ཀློག་པ་པོ་དག་ལ་བར་སྐབས་ནས་ཞུ་འདོད་པའི་སྐད་ཆ་དྲང་མོ་ཞིག་ཡིན།
    ནང་བསྟན་རིག་པ་ཞེས་པ་འདི་ལ་མི་ཚེའི་སྡོམ་ཚིག་ལྟ་བུའི་ཁྱད་ཆོས་ཕུན་སུམ་ཚོགས་པ་མང་དུ་ཡོད་དེ་རྟོན་བཞི་ཞེས་པ་ལྟ་བུ་དང་། འདོད་ཆུང་ཆོག་ཤེས་ཞེས་པ་ལྟ་བུ། བདག་གཞན་མཉམ་བརྗེ་དང་གཞན་ལ་མི་འཚེ་བ་ཞེ ས་པ་ལྟ་བུ་སོགས་ཡིན་པ་དང་།དེ་དག་ནི་རིག་པའི་གཞུང་ལུགས་འདིའི་ཉིང་དགོས་ལྟ་བུར་གྱུར་ཡོད་པའི་རླབས་ཆེན་གྱི་བསམ་བློ་བ་ཞིག་གི་སྐད་ཆ་ཡིན་པར་མ་ཟད་མི་ཚེ་ཡི་འཚོ་བ་ལ་བདེ་འབྱུང་གི་དབུག་དབྱུང་སྦྱིན་ཐུབ་པའི་བསམ་བློའི་རིག་གནས་ཤིག་ཡིན་པ་རེད། དེ་དག་རེ་རེ་ནས་ངོ་སྤྲོད་མདོར་བསྡུས་ཙམ་བྱས་ན། རྟོན་བཞི་ ཞེས་པ་ནི་ཕྱིའི་དངོས་པོ་དང་ནང་སེམས་གང་ཡིན་ཡང་བཟང་ངན་དང་ལེགས་ཉེས་སོགས་ཀྱི་ཁྱད་པར་འབྱེད་པ་ལ་མིག་ལ་མཛེས་པ་ཙམ་དང་རང་ལ་བཟང་བ་ཙམ་པོ་རྒྱན་ཆ་དང་ཡོན་ཏན་དུ་འཛིན་མི་རུང་བར་དེ་ལ་ཕྱོགས་སུ་མ་ལྷུང་བའི་བློ་གནོད་མེད་ཅིག་གིས་དཔྱད་པ་གཏོང་དགོས་པའི་རིག་པ་གལ་ཆེ་བར་གསུངས་པ་ཞིག་སྟེ་དེ་ལ་རྟོན་པ་བཞི་དང་མི་རྟོན་པ་བཞིའི་རྣམ་བཞག་གི་སྒོ་ནས་བླངས་དོར་གྱི་ཁྱད་པར་སྟོན་པ་ཞིག་ཡིན་ལ།
     འདོད་ཆུང་ཆོག་ཤེས་ཞེས་པ་ནི་ང་ཚོ་འགྲོ་བ་མིའི་རིགས་ལ་སོས་དལ་བག་ཕེབས་ཀྱི་འཚོ་བ་སྐྱིད་པོ་རོལ་བ་ལ་དུས་དང་རྣམ་པ་ཀུན་ཏུ་བར་ཆད་གཏོང་བའི་བྱེད་པོ་སྟེ་འདོད་སྲེད་ཅེས་པ་དེ་ལ་སློབ་གསོ་དང་གནས་ལུགས་བཤད་མཁན་གྱི་མཁས་པ་རྒན་པ་ཞིག་ཡིན་ལ། དེས་ནི་བདེ་སྐྱིད་ཅེས་པ་དང་སྡུག་སྔལ་ཞེས་པ་གཉིས་ཀྱི་རྩ་བའི ་འབྱུང་རྐྱེན་ལ་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད། ང་ཚོ་འདོད་པ་དང་སྲེད་པའི་དབང་གིས་ནང་མིའི་བར་ལ་དམར ་འཛིང་དང་ཕ་བུའི་བར་ལ་གྱོད་འཛིང་བྱེད་པར་མ་ཟད། རྐུ་བྱེད་པ་དང་འཕྲོག་བཅོམས་བྱེད་པ་སོགས་འཇིག་རྟེན་དུ་ཆེས་མི་ལེགས་པའི་བྱ་སྤྱོད་ཀྱི་རིགས་སུ་གཏོགས་པ་དག་ཀྱང་འདོད་པ་དང་སྲེད་པའི་བློན་ངན་ལ་དབང་བཙན་པ་དང་འདོད་ཆུང་ཆོག་ཤེས་ཞེས་པའི་རྒྱལ་བོ་ལ་སྐྱབས་མ་བཅོལ་བའི་དབང་གིས་རྒྱལ་སྤྱི་དང་རྒྱལ་ནང་བར་དུ་འཁོར་ལོ་བཞིན་འཁོར་གྱིན་ཡོད་པ་དང་། དེ་འདྲའི་སྡུག་སྔལ་དེ་ཇེ་ཡངས་སུ་གཏོང་བའི་ཐབས་ཤེས་ཆེས་བཟང་པོ་ཞིག་ཡོད་པ་ནི་འདོད་ཆུང་ཆོག་ཤེས་ཞེས་པའི་ཚིག་དེའི་དོན་ལ་བསམ་བློ་བཏངས་ཏེ་ཚིག་དོན་ནང་སེམས་ཀྱི་སྟེང་དུ་གླན་དགོས་པ་དེ་རེད། བདག་གཞན་མཉམ་བརྗེ་ཞེས་པ་དང་གཞན་ལ་མི་འཚེ་བ་ཞེས་པ་ ནི་གནམ་ལ་འཕུར་བ་དང་ས་ན་རྒྱུ་བའི་དབུགས་དང་ལྡན་པ་སུ་ཞིག་ཡིན་ཡང་བདེ་བ་འདོད་པ་དང་སྡུག་སྔལ་མི་འདོད་པ་འདྲ་མཚུངས་ཡིན་པས་ན་རང་རང་གི་བདེ་བ་ལ་གཞན་གྱིས་བར་ཆད་དང་གཏོར་བརླག་བྱེད་པ་ནི་ཅུང་ཙམ་ཡང་བཟོད་མ་ཐུབ་པར་སེམས་ལ་བཟུང་སྟེ་དུས་ཀྱི་གོ་སྐབས་དང་བསྟུན་ནས་འཁོན་ལན་སློག་པ་དང་དེ་དང་འབྲེལ་ཏེ་མི་ཤི་རྟ་འགྱེལ་གྱི་མཇུག་འབྲས་ཀྱང་ཡ་ང་བ་བྱུང་དང་འབྱུང་གི་ཡོད་ལ།གལ་ཏེ་རང་ཉིད་ཀྱི་སྟེང་ནས་གཞན་ལ་མི་འཚེ་བ་ཞེས་པའི་དོན་ལྟར་ལག་ལེན་བྱེད་ཐུབ་པ་བྱུང་ན་ཁྱོད་བཟང་ང་བཟང་གི་མི་ཚེ་དགོད་སྒྲས་བསྐྱལ་ཐུབ་པ་ནི་སྨྲ་མི་དགོས་པ་ཞིག་རེད།རང་ཉིད་ལ་འཇིག་རྟེན་གྱི་བཟང་བཟང་རྒྱན་རྒྱན་དག་ཡོད་འདོད་པ་དེ་བཞིན་དུ་གཞན་གྱིས་ཀྱང་དེ་ལྟར་དུ་སེམས་ཀྱིན་པའི་ཕྱོགས་ལའང་བསམ་བློ་གཏོང་དགོས་ལ་དེ་ལྟར་དུ་བསམ་བློ་བཏངས་པ་ལ་བདག་གཞན་མཉམ་བརྗེ་ཟེར་བ་རེད། བདག་གཞན་མཉམ་བརྗེ་ཡི་ཁྲོད་ན་མཐུ ན་སྒྲིལ་དང་མཛའ་བརྩེ། ལྷག་བསམ་སོགས་ཀྱི་ཕན་པ་ངོམ་དུ་རུང་བ་ཞིག་ཡོད་པས་ན་འདི་ནི་གླེང་རིན་ཡོད་པ འི་ནང་བསྟན་རིག་པའི་ཁྱད་ཆོས་ཤིག་ཏུ་མཐོང་ངོ།། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བཙོན་ནས་ཧོར་ ཁང་ལ་གནང་བའི་ནང་དུ། བོད་ཤེས་ལྡན་པ་ཡོངས་ཀྱི་མདུན་དུ་མ་འོངས་པ་ན་ཐག་ཆོད་པ་ཞིག་འོངས་ངེས་ པས་སྙིང་དེ་ལས་ཚིམ་པ་ཞིག་དང་བློ་དེ་ལས་ཁེངས་པ་མ་མཆིས་ཞེས་མི་ཚེ་ཡི་ཟ་སྐལ་རྫོགས་མེད་ནའང་དགེ་ཆོས་ཁོང་དང་ཁོང་གི་ཕུལ་དུ་བྱུང་བའི་རྣམ་དཔྱོད་དག་སྐབས་དེའི་སྤྱི་ཚོགས་ཀྱིས་ཚུར་ལེན་བྱེད་མ་ཐུབ་པས་རེ་བ་དང་ཡིད་ཆེས་ཡོད་ཚད་ང་ཚོའི་ཕྱི་རབས་པ་དག་ལ་སྤྲོད་པ་ལས་ཐབས་ཅི་ཡང་མེད་པའི་གནས་སུ་བསྐྱལ་ཏེ་གསེར་དང་མཚུངས་པའི་རྣམ་དཔྱོད་དག་དུར་དུ་སྦས་ནས་མི་ལོ་བརྒྱ་ལྷག་འགོར་བའི་དེ་རིང་རིག་གནས་ཀྱི་སྡེ་ཁག་སོ་སོ་ན་དགེ་ཆོས་དགེ་ཆོས་ཞེས་མ་ཎི་འདོན་འདོན་བྱེད་བཞིན་ཡོད་པར་མ་ཟད་རྒྱལ་ཁབ་མང་པོ་ཞིག་ན་ཁོང་གི་རིག་སྟོབས་ལ་ཡིད་སྨོན་དང་ཤུལ་བཞག་ལ་ཞིབ་འཇུག་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པའི་སྐབས་འདིར་ལྷ་སའི་པ་སྐོར་གླིང་གི་སྨྱོན་པ་དང་སྤྲང་བོར་འབོད་པའི་ཨ་མདོ་བ་བདག་མེད་དེ་དགེ་ཆོས་རིན་པོ་ཆེ་རུ་གྱུར་ནས་གཉེན་ཉེ་བུ་རྒྱུད་ཀྱང་ང་ཡིན་ཁྱོད་ཡིན་ཞེས་མདོ་དབུས་ཁམས་གསུམ་ན་ཡོད་པ་དང་། ཡང་རྒྱ་ནག་གི་ སྲོལ་རྒྱུན་རིག་གནས་དང་ཚད་མ་རིག་པའི་གསར་གཏོད་པའམ་མགོ་ཁུངས་ལྟ་བུར་གྱུར་ཡོད་པའི་བསམ་བློ་བ་དང་མཁས་པ་ཆེན་པོ་བྱམས་པ་དང་སྙིང་རྗེ་ཡི་བསམ་བློའི་ས་བོན་སྨིན་པ་ཁུང་ཙི་ཞེས་པ་སྟེ་བོད་ཡུལ་དུའང་ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་༼འགའ་ཞིག་གིས་ཁུང་ཙི་དང་ཀོང་ཙེ་གཉིས་མི་འདྲ་བར་བཤད་པའང་ཡོད༽ཞེས་འཇམ་དབྱངས་ཀྱི་སྤྲུལ་བ་ཡིན་པར་བཤད་དེ་ཀོང་ཙེ་རླུང་རྟ་ཟེར་བ་ཞིག་འདོན་པའི་སྲོལ་ད་ལྟ་ཡང་མ་ཉམས་པར་གནས་ཡོད་པའི་སྙན་པ་འཛམ་གླིང་ན་གཡོ་བ་ཁོང་གི་ཕན་སེམས་ཀྱི་བསམ་བློ་དེ་ལོ་རབས་མང་པོ་ཞིག་གི་ནང་དུ་སྤྱི་ཚོགས་ཀྱིས་དང་ལེན་བྱེད་མ་ཐུབ་པར་ལུའུ་ཞུན་སོགས་རྒྱ་ནག་གི་མཁས་པ་མང་པོས་དགག་པ་གནང་བར་མ་ཟད་རིག་གནས་གསར་བརྗེ་ཞེས་པའི་ཡ་ང་བའི་དུས་སྐབས་དེར་བོད་སྐད་མ་གཏོགས་མི་ཤེས་པའི་རྒན་གཞོན་མང་པོ་ལྷན་གཅིག་ཏུ་བསྡུས་ནས་ཁུང་དགག་ཅེས་པའི་སྐད་ཆ་བསླབ་སྟེ་དགག་རྒྱག་གི་ནུས་པ་རྒྱ་ཁྱབ་ཏུ་སྤེལ་ནས་ལུགས་མེད་ཀྱི་གཉའ་གནོན་མང་དུ་བྱས་ཏེ་ཁོང་ཉིད་སྐུ་འཚོ་བཞུགས་ཀྱི་དབང་དུ་བཏངས་ན་མཁས་དབང་དགེ་ཆོས་དང་འདྲ་བར་གཅེས་པའི་སྲོག་དང་རང་གི་ལུས་ཀྱང་སྲུང་མི་ཐུབ་པའི་ཚད་དུ་སླེབས་ཡོད་མོད། མི་ལོ་མང་པོ་འགོར་བའི་དེ་རིང་ཀྲུང་གོ་བ་མང་ཤས་ཤིག་གིས་ཁུང་ཙི་ནི་ཀྲུང་གོའི་རླབས་ཆེན་གྱི་བསམ་བློ་བ་དང་སློབ་གསོ་སྨྲ་བ།འཇིག་རྟེན་མི་ཆོས་ཀྱི་དགོངས་པ་ཅན་དང་།བྱམས་སྙིང་རྗེ་ཡི་བསམ་བློ་གཏིང་ཟབ་ཡོད་པ་རྒན་བཀུར་ཆུང་བྱམས་ཀྱི་གུས་ལུགས་ལྡན་པ་སོགས་མཛེས་མཛེས་རྒྱན་རྒྱན་གྱི་ལྷན་པ་རྒྱག་ཅི་ཐུབ་བྱེད་ཀྱི་ཡོད་པ་སོགས་ལ་བལྟས་ན་མི་རིགས་གང་ཞིག་ཡིན་ཡང་རང་ཚང་ལ་སྐྱེས་མྱོང་བའི་བུ་རྒོད་དག་གི་སྲོག་ལ་མི་གཅེས་པར་མ་ཟད་ཕུལ་དུ་བྱུང་བའི་བསམ་བློ་དང་རྩམས་ཆོས་ལོག་པར་རྟོགས་པའི་དབང་གིས་ཕངས་པ་མེད་པར་མདའ་འཕེན་མདུང་སྣུན་དང་མེར་བསྲེག་ཆུ་བསྐུར་གྱི་སྦྱོར་བ་ལག་ལེན་བྱས་ཏེ་ཐོབ་པ་ཡོད་ཚད་ཤོར་སོང་བའི་ད་ལྟ་ལེགས་མཐོང་གི་སྨོན་པ་འཆོར་ནས་བསྟོད་ཚོགས་ཀྱི་དཔེ་ཆ་བསྙིལ་བ་སོགས་ཀྱི་བྱ་བ་གང་བྱས་ཀྱང་དེ་ནི་རི་མོར་བྲིས་པའི་ཁང་པ་ལ་ཁྱིམ་འདང་བཞག་པ་ལྟ་བུ་རེད། དེ་དང་དེ་བཞིན་དུ ་ང་ཚོའི་མི་རིགས་ལའང་བསམ་བློའི་སྟོང་ཆ་སྐོང་ཐུབ་པའི་ནང་སེམས་ཀྱི་ཚོར་འདུ་སྙོམ་སྒྲིག་བྱེད་སྤྱད་ཀྱི་རིག་གནས་འདི་ལྟ་བུ་ཞིག་ཡོད་པས་དེ་ལ་ཁ་གཉེར་སྣ་གཉེར་བྱས་ཏེ་ཅི་ཞིག་ཧ་གོ་མདོག་གི་རྣམ་འགྱུར་སྟོན་པ་ལས་མ་ཤེས་པའི་གནད་དང་མ་རྟོགས་པའི་གནས་ལ་ཞིབ་འཇུག་དང་ཐོས་པ་བྱས་ཏེ་རྒྱུན་འཛིན་དར་སྤེལ་གྱི་ལས་དོན་ལ་ཐུགས་སེམས་གནང་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་རེད་སྙམ། དེ་ལྟར་མ་བྱེད་པར་ཡོད་ཚད་གཞན་དབང་ ཅན་དུ་གྱུར་ཏེ་རང་ནོར་ལ་རང་འདྲིས་མེད་པའི་སྐབས་སུ་འདས་ཟིན་པ་ཡོད་ཚད་མཛེས་སྡུག་ཏུ་མཐོང་ནའང་ དེ་ནི་བྱིས་དུས་ཀྱི་ཚོར་བ་ཕྱིར་དྲན་བྱེད་པ་དང་མཚུངས་པས་དོན་དངོས་ཀྱི་ཕྱིར་དྲན་ཙམ་ལས་མཛེས་སྡུག་ག་ཚོར་བ་དངོས་མྱོང་བའི་གོ་སྐབས་ཡོད་མི་སྲིད་པ་ཞིག་རེད་དོ།།
                                              ༢༠༡༡ལོའི་ཟླ་༡༡པའི་ཚེས་༨ཉིན་ལན་གྲུ་རུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནང་བསྟན་གླེང་བ།༼ཁག་ཕྱི་མ།༽

2011-11-26 རེབ་གོང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།