བརྩེ་དུང་གིས་རྨས་པའི་སེམས་པ།
འདི་ནི་སྨན་ཆུང་བུ་མོ་དག་གི་ལྷན་སྐྱེས་ཀྱི་རང་བཞིན་ལས་རྙེད་པའི་བརྩེ་དུང་ གི་ལོ་ཟླ་དང་། ཆོས་ཉིད་ཅིག་ཏུ་བཟུང་ནས་བརྗོད་ན། དམར་ཆུང་སེམས་ཀྱི་འདོད་བློ་དང་ལྷད་མེད་ཀྱི་དུང་བ། གཞན་ཡང་འཁོར་བ་ཞིག་གི་བྱ་བཞག་ལ་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་བརྒྱུད་རིམ་ ཞིག་དང་ལྟས་དབང་གིས་འཕྲད་པའི་ཕོ་མོ་ཟུང་གི་ཟློས་གར་ཐུང་ངུ་ཞིག
གཅིག
དུས་ཚོད་ནི་ཇི་འདྲའི་འགྲོ་སླ་བ་ཞིག་སྟེ། སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་ལོ་ངོ་ཁ་ཤས་ཀྱི་འཁོར་བ་འདི་ལྟར་བསྐྱལ་ཟིན། སྨྲ་བརྗོད་དཀའ་བ་ནི་དབྱར་དུས་ཚ་གདུང་དང་ཆར་རླུང་ཁྲོད་རིམ་བཞིན་གང་ཟག་ཚོར་ སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་དང་ནོར་འཛིན་སྒེག་མོའི་སྟེང་དུ་སྔོ་ལྗང་གི་སྙེ་ མ་ལྡེམ་ལྡེམ་གཡོ་བཞིན་ལྷོ་ཕྱོགས་ཀྱི་མགྲོན་པོའི་གསུང་དབྱངས་སྙན་མོ་དེར་རེ་ སྒུག་བྱེད། དེ་ལས་ཀྱང་དགའ་འོས་པ་ནི་འཚོ་བ་ཆུང་ཆུང་ཞིག་ཏུ་ཕོ་མོ་ཟུང་གི་ལྐོག་གྱུར་གྱི་ མིག་མདངས་དང་ལྷད་མེད་ཀྱི་བརྩེ་དུང་གི་མྱུ་གུ་འབུས་པ་དེ་རེད།
ཕན་ཚུན་ལས་ཁུངས་གཅིག་པའི་རོགས་རམ་གྱི་ཞབས་འདེགས་ཁྲོད་ཐོག་མའི་བརྩེ་དུང་གི་ ས་བོན་ཞིག་སེམས་ཁུང་རུས་པའི་སྟེང་དུ་གཏོར་ཞེས་ལབ་ན་ཡང་འགྲིག དེ་ལྟ་བུའི་འཚོ་བ་ཞིག་གི་འདུ་ཤེས་རྙེད་པ་ནི་ཇི་འདྲའི་དགའ་ལ་ཇི་འདྲའི་སྤྲོ་ ཨང་།
གཉིས།
ལོ་ཟླ་ཡི་འགྲོས་དང་བསྟུན་ནས་བརྩེ་དུང་གི་གཏམ་རྒྱུད་ཅིག ཁོ་གཉིས་ཀྱི་ཉིན་ཞག་རེ་རེའི་རྨི་ལམ་དང་འཚོ་བའི་བཞུར་རྒྱུན་ལས་ལྡིང་བསྐོར་ བྱེད། དེ་བཞིན་ལས་ཀ་དང་མི་ཁའི་འདུ་ཤེས་ངན་པ་དེའི་ཚོར་སྣང་འཇའ་ཚོན་བཞིན་ཡལ་དུ་བཅུག དུས་དེ་ནས་བཟུང་ཁོ་ནི་ཁོ་མོའི་ཡ་ཆུང་ཁོང་གི་སྙིང་ལྟ་བུར་གྱུར་ཏེ། ཟས་ལ་བཅུད་དང་གྲོགས་ལ་འདུ་ཤེས་མེད་པར་གྱུར་ནས་ཉིན་མཚན་དབྱེར་མེད་ངང་ཁོང་གི་ སེམས་སུ་འཁྱུད། རྒྱུ་མཚན་ཁོང་གི་བརྩེ་དུང་ཨ་ལོང་ཁོ་མོར་བསྐོན་ཏེ་ཕྱི་གཟུགས་ཀྱི་མདངས་དང་ནང་ སེམས་དྲང་མོ་མདའ་འདྲ་བ་ཞིག་གིས་མ་ཡིན་ནམ།
དངོས་གནས་སུས་ཀྱང་བརྗོད་དཀའ་ཞིང་དཔག་དཀའ་བ་ནི་གྲོགས་པོ་དགའ་ཉེས་སུ་གྱུར་བ་ དེ་རེད། ཁོང་གི་ཨུ་ཚུགས་དང་བྱམས་སེམས། བརྩེ་དུང་གི་ཚིག་འབྲུ་རེ་རེ་ཁོ་མོའི་རྣ་ལམ་དུ་བརྫངས་དུས་ཁོ་མོའི་དམར་ཆུང་ སེམས་པ་མི་ཤོར་ག་ལ་སྲིད། དེ་འདྲ་བའི་ལྷད་མེད་ཀྱི་བརྩེ་དུང་ཁྲོད་ཁོང་གི་ཁོ་མོའི་ཕྱོགས་སུ་ཡིག་འཕྲིན་ ཐེངས་ཁ་ཤས་བསྐུར་མྱོང་ལ་རེ་སྒུག་དེ་ཡང་ལེགས་འགྲུབ་བྱུང་།
གསུམ།
བགྲང་བྱ་རེ་རེ་བཞིན་ཕར་འདས་ནས་སྟོན་ཁའི་བསིལ་རླུང་ཁྲོད་ཉམ་ཐག་གི་ལོ་མ་སེར་ ལྷམ་ལྷམ་ལྷུང་དུས། ཁོ་མོའི་སེམས་པ་ཡང་སད་ཀྱིས་བཅོམ་པའི་མེ་ཏོག་ལྟར་མཚམས་རེར་སྐྱོ་གདུང་ཁྲོད་ དུ་ངག་གི་གསུང་མི་ཆད་ལ། དེ་དག་ནི་ཁོ་མོའི་སྟོང་སེམས་དང་མི་འདོད་ཁེངས་སྐྱུང་གི་ཚིག་འབྲུ་རེ་རེས་ སེམས་ཁམས་སུ་རྨ་ཁ་ཆེན་པོ་སྦྱིན། ག་ལེར་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་ཐེ་ཚོམ་དང་སོམ་ཉི་ཡི་དྲ་རྒྱ་ལས་ཐར་ཐབས་བྱས་ ཀྱང་། ཁོ་མོའི་ལོ་རྒྱུས་ནི་སྔར་ལྟར་ཁ་རྒོད་ཚོའི་སྒྱུ་རྩལ་ཁྲོད་མི་བསྐྱོད་ག་མེད་ བྱུང་། མཚམས་རེར་ཁོ་མོའི་བརྩེ་དུང་གི་བསེ་འབྲུ་བར་དོ་ནས་གཏོང་ཞིང་། སྐྱོ་གདུང་གི་མིག་ཆུ་བྲང་བཞུང་དུ་བཞུར་བ་ཉུང་ཉུང་མིན། དེ་ལྟར། འུ་ཐུག་ཐབས་ཟད་ཀྱི་སྐབས་སུ་མོ་རང་གི་སེམས་གཏམ་བརྗོད་པ་དང་སྡུག་བསྔལ་གྱི་ མིག་ཆུ་གཏོར་ས་ནི་ཤོག་བུ་དཀར་པོར་གྱུར།
བཞི།
ལས་དབང་གི་འཁོར་བ་ཆུང་ཆུང་ལས་བཞུར་ཟིན་པའི་དགའ་སྐྱོ་ཆགས་སྡང་གི་བརྩེ་དུང་ དང་སྡུག་བསྔལ་གྱི་དུས་ཚིགས་ལ་བསྐྱར་ཟློས་ཀྱིས་མིག་ཟུང་རེ་འཕངས་དུས་དེ་དག་དགའ་སྐྱོ་གཉིས་ལྡན་གྱི་འཚོ་བ་ཞིག་རེད། འོན་ཀྱང་ཕན་ཚུན་གྱི་བརྩེ་དུང་གི་མདུད་པ་ནམ་ཡང་ཡལ་རྒྱུ་མེད་པར་གྲོགས་ཀྱི་ སེམས་ཁམས་དང་བསྟུན་ནས་སྐལ་བའི་བར་དུ་མི་འགྱུར་དམ་བཅའ་བཞག་ལ། སྐབས་འགར། མི་མཐུན་པའི་ལྟ་སྟངས་ཤིག་གིས་མཚམས་འཇོག་གི་ཆོད་སེམས་བརྟན་པོ་རྡོ་བརྐོས་རི་ མོ་བཞིན་ཕན་ཚུན་གྱི་སེམས་སུ་བཀོད་ན་རང་སེམས་གཅུན་ཐུབ་པར་ཕན་ཚུན་གྱི་ཕྱོགས་ མི་མ་གསང་དྲང་མོར་བརྗོད་ན་ཁོ་མོའི་རེ་འདུན་གྱི་མེ་དཔུང་དམར་པོ་དབྱར་གསུམ་ གྱི་དྲག་ཆར་དང་དགུན་གསུམ་གྱི་ཁ་བས་མ་བཅོམ་པར་ནམ་ཡང་ཁོ་ལ་ངང་སྒུག་བྱས་འདུག ལྷག་པར་དུ་ནང་མི་དང་གྲོགས་པོ་ཚོའི་ཁ་རྡུང་དྲག་པོ་ལས་རྒྱུན་ཏུ་དོགས་གཞི་གསར་ བ་རེ་བྱུང་ཡང་། དཀའ་ངལ་ཡོད་ཚད་སུ་ལའང་མ་བརྗོད་པར་ལྐོག་གྱུར་གྱི་དམ་བཅའ་དང་ཕུགས་བསམ་རིང་མོ་ ཤོག་ཐོག་ཏུ་བཀོད་ནས་ “ང་ངོ་མ་ཁྱོད་ལ་དགའ་ཨང་” ཞེས་པའི་ཚིག་འབྲུ་དང་མནོ་བསམ་རེ་བཏང་།
ལྔ།
དུས་ཚོད་ནི་ཐུར་ཏུ་རྒྱུག་པའི་ཆུ་ཕྲན་བཞིན་ཆད་མེད་པར་རྒྱུ་ཞིང་ཁོང་གིས་གནོང་འགྱོད་དང་སྐྱོ་གདུང་གི་ཁོར་ཡུག འདིའི་ཡོད་ཚད་དང་ཁ་བྲལ་ཏེ་རང་ཉིད་དང་མཚམས་པའི་མ་འོངས་པའི་ལམ་ཆེན་ཞིག་ལ་ བསྐྱོད་སོང་། ཁོ་རང་འགྲོ་ཁར་བརྩེ་དུང་གི་སྡུག་བསྔལ་དང་མཐའ་མཇུག་གི་རེ་འདུན་གྱི་ཆེས་མཐའ་ མའི་ཡིད་སེམས་ཀྱི་གདུང་བའི་ཆུ་གཏེར་ལང་ལོང་དུ་འཕྱུར་བཞིན་ཁྲ་ཆུང་མིག་ནས་ མིག་ཆུའི་ཕྲེང་ཐག་ཆད་པ་ལྟར་བར་མེད་དུ་བཞུར་ཞིང་། མ་འོངས་པའི་མདུན་ལམ་ཞིག་ལ་རྒྱང་ལྟ་བྱེད་འགོ་ཚུགས། རེད་ཡ། འཇིག་རྟེན་འདིར་ཉམས་དགའ་བའི་འཁྲབ་སྟོན་ཇི་འདྲ་ཞིག་ཁོང་ལ་ལོངས་སུ་སྤྱོད་ རྒྱུ་ཡོད་པ་ནི་ཅི་འདྲའི་སྤྲོ་དགོས་པ་ཞིག་རེད།
དྲུག
ཆར་བ་ཤག་ཤག་འབབ་པའི་ཁོར་ཡུག་དེའི་ལྷིང་འཇགས་དང་བསྟུན་ནས་ལམ་ཁ་གསར་བ་ཞིག་ལ་ འཁྱུད་འགོ་བརྩམས། ཉིན་དེ་ནས་བཟུང་ཁོ་མོའི་བླ་འཁྱེར་བ་ལྟར་ལས་ཀ་དང་མི་ཚོགས་ལ་བསུན་སྣང་སྐྱེས་ ཏེ་རྣམ་ཤེས་གསོན་པོ་རྒྱང་རིང་དུ་བཞུད། དེ་བཞིན་ཁོ་མོའི་སྙན་ངག་དང་རེ་སྒུག་ལས་ཉར་ཏེ་རང་ཉིད་ལ་འཐོབ་འདོད་པའི་ཡོད་ ཚད་ཁོང་གི་མ་འོངས་ལ་བཅོལ་ཡོད་མོད། ཁོ་མོ་ནི་མི་མདའ་འདྲ་བ་ཞིག་ཡིན་ལ་ནམ་རྒྱུན་གྱི་ཁོར་ཡུག་ནང་། རྫུན་ཚིག་དང་མགོ་སྐོར་ཞིག་གཏན་ནས་བཏང་མ་མྱོང་ཞེས་ལབ་ནའང་ཆོག འོན་ཀྱང་། ཟླ་བོ་ལ་སྐྲག་སྣང་དང་བརྩེ་དུང་ལྷན་གཅིག་གི་བཞུར་རྒྱུན་ཁྲོད། མོའི་གམ་དུ་ཕོ་གསར་འགའ་རེ་སླེབས་ཚེ་ཁོང་ལ་ཇི་ལྟར་བརྗོད་དགོས་པའང་མ་ཤེས་པར། ཉིན་ཞིག་གི་སྐྱག་རྫུན་ཐུང་ཐུང་དེའང་ཁོང་གིས་ཚོར་ནས་ཁོང་ཁྲོའི་མེ་ལྕེ་འབར་ ཏེ་མོ་དང་བར་ཐག་གཅོད་རྒྱུ་དམ་བཅའ་བཞག སྐད་ཆ་ཚིག་གཅིག་གིས་གཅོད་ཐུབ་པའི་བརྩེ་དུང་ཁྲོད་དུ་ཤེས་ཐུབ་པ་ཞིག་ནི་ཁོ་ དངོས་གནས་མོ་ལ་དེ་འདྲ་དགའ་མྱོང་མེད་པ་ཚོར་ཐུབ་པས། མོ་ནི་ཇི་འདྲའི་སྙིང་རྗེ་དགོས་པ་ཞིག་རེད་ཨང་།
ཚིག་འབྲུ་གཅིག་གི་གཅོད་ཐུབ་པའི་མཛའ་བོ་དེའི་བརྩེ་སེམས་སླ་མོ་རུ་ཁོ་མོའི་ སེམས་ལ་ཉར་བའི་དམ་བཅའ་དང་བརྩེ་དུང་། ད་དུང་ཕུགས་བསམ་ཡོད་ཚད་ནམ་མཁའི་འཇའ་བཞིན་ཡལ་ཞིང་། ཉིན་དེ་ནས་བཟུང་འཇིག་རྟེན་དེའི་འཚོ་ལམ་ནས་ཀྱག་ཀྱོག་གི་ལམ་ཕྲན་ཞིག་ལ་བརྒྱུད་ དགོས་པ་དེ་ནི་ཅི་འདྲའི་བློ་ཕམ་དགོས་པ་ཞིག་དང་ཅི་འདྲའི་སྙིང་རྗེ་དགོས་པ་ཞིག་ རེད། མོས་འདི་ལྟར་བརྗེད་དཀའ་བའི་སྐྱིད་སྣང་དང་བརྩེ་དུང་གི་དར་སྐུད་རིང་མོ་གནས་ འདི་ནས་གཏོར་ཞིང་གནས་འདི་ནས་ཚར། བཟོད་དཀའ་བའི་སྡུག་བསྔལ་མང་བོ་འདི་ནས་མྱངས་ཏེ་མོའི་འཕངས་སེམས་དང་སྡུག་ཡུས་ ཀྱི་ལོ་ཟླ་འདི་མཐའ་མཇུག་གི་མི་ཚེ་འདིའི་གྱོང་གུན་ཡིན་ལ། དེ་ལྟ་བུའི་རེ་སྒུག་དང་བརྩེ་དུང་། ཕུགས་བསམ་དང་དམ་བཅའ་གཏན་དུ་བོར་ཞིང་། འཇིག་རྟེན་དང་འཚོ་བ་འདི་ཨུ་ཚུགས་ཀྱིས་མི་སྐྱོང་ག་མེད་བྱུང་།
བདུན།
ཁོ་མོའི་བློ་ཕམ་དང་སུན་སྣང་དུ་ཕོ་གསར་ཁ་ཤས་ཀྱི་རེ་འདུན་གྱི་དར་སྐུད་བརྒྱུད་ ཀྱང་། མི་ཚེ་འདིའི་ཕམ་ཁ་དང་སྐྱོ་གདུང་ད་དུང་དོར་དཀའ་བའི་བརྩེ་སེམས་ཁྲོད་སྔར་བཞིན་ རྒྱང་རིང་གི་ཁོ་མོའི་ཕྱོགས་སུ་བསྐྱོད་རྒྱུ་ལས། དེ་ཚོར་ཕྱི་མིག་དང་ཁས་ལེན་མི་བྱེད་པའི་ཆོད་སེམས་བཅངས་ལ། ཁོ་མོའི་ལྷན་སྐྱེས་ཀྱི་སེམས་པ་དང་འགྱུར་མེད་ཀྱི་རང་གཤིས་འདི་སུ་ཞིག་གི་ཆེད་ དུ་བོར་སོང་ངམ།ཀྱེ་མ། ཇི་འདྲའི་སྐྱོ་སྣང་ལྡན་པའི་བརྩེ་དུང་གི་འཁོར་བའམ། འཇིག་རྟེན་ཞིག འདི་ལྟར་རི་རྩེ་ནས་ཡལ་ཞིང་། འདི་ལྟར་རྨག་མེད་དུ་གྱུར་རྗེས། ཡང་བསྐྱར་མཇུག་འབྲས་གསར་བ་ཞིག་འབྱུང་སྲིད་དམ།
རྩོམ་ཁུངས། ངེད་དྲ་བ།