ལོ་མའི་རྨི་ལམ།
_____ལོ་མ་ནི་སྡོང་མགོའི་ལོ་མ་བཞིན་ནམ་མཁའི་གཙང་བོ་རུ་ཉ་མོ་འཁྱུག་འཁྱུག རྨི་ལམ་ནི་མཚན་མོའི་རྨི་ལམ་བཞིན་སྔས་འགྲམ་ན་གཉིད་མ་སད་ཀྱིས།
སྔོན་འགྲོའི་གླེང་ཚིག
༡
སྟོན་རླུང་གིས་བལྡས་པའི་ལོ་མ་སེར་བོ་རྒས་དྲགས་པའི་ཕྱེ་ལེབ་སེར་བོ་ཞིག་དང་འདྲ་བར། ངའི་མལ་ཁང་གི་སྒེའུ་འགྲམ་བརྒྱུད་ནས་འཁྱར་འཁྱོར་གྱིས་གང་ཞིག་ཏུ་བཞུད་ཀྱིན་འདུག ད་དུང་སྦྲང་ནག་འགའ་ཡང་སྒེའུ་འགྲམ་དུ་འགྱེལ་ཡོད་པ་མཐོང་སོང་། ཏག་ཏག་སྐབས་དེར། གློ་བུར་དུ་ང་ལོ་མའི་རྨི་ལམ་གྱི་ངོ་བོར་ཡལ་སོང་།
༢
ལོ་མའི་རྨི་ལམ། རྨི་ལམ་གྱི་ལོ་མ། སྟོང་འདང་མང་བོའི་ཕ་རོལ་ན་རྩེན་པའི་ཁྱོད་རང་། མ་གཞིར་ངའི་སྙིང་དབུས་སུ་སྦྲུམ་པའི་མི་ཚེའི་སྙིང་ནོར་རེད། ཁྱོད་ཀྱི་མཛེས་སྡུག་གི་ཕོ་བྲང་རེ་རེ། བདག་གི་དྲན་ཡོལ་གྱི་མཛེས་རིས་ཡིན་ལ། ཁྱོད་ཀྱི་ཞིམ་མེད་ཀྱི་སྙིང་སྟོབས་བརྗིད་པོ། ཁོ་བོའི་སེམས་ཁོང་གི་རྒྱབ་རི་སྨུག་པོ་ཡིན།
༣
ལོ་མའི་རྨི་ལམ། རྨི་ལམ་གྱི་ལོ་མ། ཁྱོད་ཀྱི་བསམ་གཞིག་གི་མཁའ་དབྱིངས་ལ་ངས་རྟོག་འཆར་གྱི་སྙན་ངག་བྲིས་པ་བགྲང་གིས་མི་ལང་ཞིང་། ཁྱོད་ཀྱི་དམར་ཞིང་མངར་བའི་མཆུ་སྒྲོས་སྙི་མོ་དེ་འདོད་ཧམ་གྱིས་ནུས་པ་དེ་བས་ཀྱང་ངོ་།།
འཇའ་ཚོན་ལྟ་བུའི་ཁྱོད་ཀྱི་མཚོན་མདོག་སྒྲུག་ཆེད།ཁོ་བོས་མིག་ཆུ་དང་དགོད་སྒྲའི་སྣེ་ནས་མི་འདོད་པ་གདོང་གིས་བསུས་ནས། འདོད་པ་ཕར་ལ་གཡུགས་ཚུལ་བསམ་ན། ངན་པ་རིང་མོ་ཞིག་དང་ལྷན་དུ་ངོ་མ་དགོད་རྒྱུ་ཞིག་དང་ངུ་རྒྱུ་ཞིག་ཡོང་གི།
༤
ལོ་མའི་རྨི་ལམ། རྨི་ལམ་གྱི་ལོ་མ། དོན་ངོ་མ་སང་ཉིན་ཡོད་པས་དེ་རིང་གི་རྨི་ལམ་ཡོད་པ་ཡིན་ལ། གལ་ཏེ་སང་ཉིན་མེད་ན་དེ་རིང་གི་རྨི་ལམ་ཡོད་མི་སྲིད་ལ། ཡོད་ཀྱང་རྨི་ལམ་ཞེས་སྨྲ་མི་སྲིད།
༥
དེ་བས། དོ་ནུབ་ཀྱང་། ངས་སྔར་བཞིན་མཚན་མུན་གྱི་བཀྲག་མདངས་སྟོང་བསམ་གྱིས་རློན་གྱིན། ཚ་བེར་བེར་རྟག་ཏུ་རྨི་བཞིན་པའི་རྨི་ལམ་འདར་ཤུམ་ཤུམ་གྱི་བྲང་ཁོག་འདིར་བསུ་བཞིན་ཡོད།
དོན་ངོ་མ། ངས་རྨི་ལམ་རྨི་བཞིན་ཡོད་དམ། ཡང་ན། རྨི་ལམ་གྱིས་ང་རྨི་བཞིན་ཡོད།
རྩོམ་ཁུངས། ངེད་དྲ་བ།