ཧྭ་ཤར་གྱི་གྲོང་ཁྱེར་ཆེན་པོ་ལྔར་ལྟ་སྐོར་དུ་ཕྱིན་པའི་ཟིན་ཐོ།

བསེ་མགོན་པོ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-10

  ཕྱི་ལོ་ཉིས་སྟོང་བཅུ་གཅིག་གི་དགུན་ཁར་རྔ་བ་ཁུལ་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གསོའི་འཆར་བཀོད་ནང་བཞིན་ང་ཚོ་དགེ་བཟོ་བ་ཡོངས་ས་ཁག་བགོས་ཏེ་རྒྱལ་ནང་དུ་ལྟ་སྐོར་ལ་སོང་བ་ཡིན།  ང་ཚོ་ཧྭ་ཤར་གྱི་གྲོང་ཁྱེར་ཆེན་པོ་ལྔར་འགྲོ་བའི་སྐོར་ཀ་པ་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྣེ་ཤན་པའི་བཀོལ་སྒྲིག་ལྟར་ཉིན་དང་པོར་སྤོས་ལྡན་གྲོང་ཁྱེར་ནས་ལྕགས་བྱར་བསྡད་དེ་ཐད་ཀར་གྲོང་ཁྱེར་ཆེན་པོ་ནན་ཅིན་དུ་འཕུར་བ་ཡིན།  མཁའ་ལམ་གྱི་སྒེའུ་ཁུང་ནས་སྐེ་བསྲིངས་ན་སྲིང་བལ་གྱི་ཐང་ཆེན་ཞིག་དང་འདྲ་བའི་ཡངས་ཤིང་རྒྱ་ཆེ་བ་ཞིག་མཐོང་བ་ནི་སྤྲིན་དཀར་གྱི་བང་རིམ་ཡིན་འདུག་ལ།  ཉི་ཟེར་གྱི་ཟེགས་མ་སྒེའུ་ཁུང་ནས་ནང་ལ་འཐོར་འོང་དུས་དྲན་འཛིན་གྱི་དབང་བོ་ཕྱོགས་མེད་དུ་འཁྱམས་ནས་བདག་གི་བྱིས་སྒྲུང་གི་ལེའུ་ཞིག་རང་དབང་མེད་དུ་འཁོར་ཡོང་བ་ནི་ང་རང་ཆུང་དུས་ལྕགས་བྱ་ལ་ལྟ་རྒྱུར་ཧ་ཅང་དགའ་བ་དེ་རེད། ཉིན་རྒྱུན་ང་རང་རྫི་བོ་ཆུང་ཆུང་ཡིན་དུས་ལྕགས་བྱ་ཆེ་ཆུང་མི་འདྲ་མང་བོ་ངའི་མགོ་ཐོག་ནས་ཡར་འཕུར་མར་འཕུར་བྱས་ནའང་། ང་རང་དེ་ལ་འཚར་སྣང་སྐྱེས་ནས་ལྟ་རྒྱུར་དགའ་བ་ལས་ལྕགས་བྱར་འདུག་སྙམ་པའི་འཕྲུལ་སྣང་ཙམ་ཡང་སྐྱེས་མ་ཕོད་པ་རེད། ད་ཐེངས་བདག་དངོས་སུ་ལྕགས་བྱར་བསྡད་དེ་བར་སྣང་ལ་ལྡིང་སྐོར་རེ་རྒྱག་ཞོར་ཇི་སྐད་དུ་མིའི་འགྱུར་ལྡོག་བཤད་དཀའ་ཟེར་བ་དངོས་ནས་བདེན་ཚོད་རེད་བསམ་གྱིན་པའི་མོད་ལ། གླང་ཆེན་འགྲོས་སྟོབས་ཀྱིས་རྒྱུ་བའི་གནམ་གྲུའི་ཞབས་ཞུ་མ་ཚོས་འགྲོས་མཉམ་པའི་རོལ་དབྱིངས་ཞིག་གཏོང་བཞིན་པ་ནི་མཁའ་ལམ་གྱི་བདེ་འཇགས་སྐོར་རེད། མཚམས་དེར་བདག་གིས་གཡས་གཡོན་ལ་ལྟ་དུས་འགྲུལ་བ་རྣམས་ལྕགས་བྱ་ལས་འབབ་པའི་སྟ་གོན་བྱེད་ཀྱིན་འདུག    དེ་ནི་མ་གཞི་ནན་ཅིན་གནམ་གྲུ་ས་ཚིགས་ལ་སླེབས་པའི་སྔོན་བརྡ་རེད།
  ཧྭ་ཤར་གྱི་གྲོང་ཁྱེར་ནན་ཅིན ༼2011.12.8༽
 ང་ཚོ་ནན་ཅིན་གནམ་གྲུའི་ས་ཚིགས་ནས་བབས་ཏེ་སྣེ་ཤན་པའི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཀྲུང་ཧྲན་ལིན་སྤྱི་གླིང་(中山陵园)ལ་ཆས་པ་ཡིན། བསམ་ཚོད་དུ་ནན་ཅིན་ནི་ཀྲུང་གོའི་རྒྱལ་ས་རྙིང་བ་དང་གསར་བརྗེའི་རླུང་འཚུབས་རྒོད་ས་ཡིན་པར་མ་ཟད། ཀྲུང་གོའི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་བར་བརྒལ་བྱེད་ས་ཡིན་པར་བཤད་པས། ལོ་རྒྱུས་ཀྱི་རྨ་ཁ་དང་རིག་གནས་ཀྱི་རྡབ་གསིག་གི་ར་འདར་རྒྱུག་ཆོག་སྙམ། ཡིན་ཡང་ནན་ཅིན་གྱི་ཁོར་ར་ཁོར་ཡུག་ཀུན་ཏུ་བ་གམ་མཐོན་པོའི་ཁང་བརྩེགས་དགུང་དུ་ཟུག་པ་ལས་རྒྱལ་དམངས་སྲིད་གཞུང་གི་རྣམ་པ་ཕྲ་མོ་ཙམ་ཡང་མཐོང་ལམ་དུ་མ་གྱུར།  དེ་ནས་མིས་བཟོས་ནགས་ཚལ་སྟུག་པོ་ཞིག་དུ་ ཀྲུང་ཧྲན་ལིན་སྤྱི་གླིང་(中山陵园)ཞེས་པའི་སྒོ་ཆེན་ཞིག་ཡོད་ལ།  དེའི་སྒོ་ཐེམ་དུ་བུད་པ་ན་མི་ཚོགས་ཤ་འབུ་བཞིན་འཁོར་ཞིང་ཐེམ་སྐས་བརྒྱ་ཕྲག་གིས་ཆོད་པའི་གོང་རོལ་ན“མི་རིགས། དམངས་དབང་། དམངས་གཙོ། ”ཞེས་པའི་དམངས་གསུམ་རིང་ལུགས་ཀྱི་སྒོ་བྱང་ཞིག་བཀལ་ཡོད་པ་ནི་སྐུ་ཞབས་སུང་ལགས་ཀྱི་དུར་ཁང་རེད། ད་ལྟ་ང་ཚོས་ཡབ་མེས་ཀྱི་དུར་ས་སྲུང་བ་ལས་འཛམ་གླིང་ལ་མིག་གིས་ཐོག་མར་བལྟས་ཏེ་ཀྲུང་གོ་གསར་བར་རྨང་གཏོང་མཁན་སྐུ་ཞབས་སུང་ལགས་ཀྱི་དགོངས་པ་ནི་ཀྲུང་གོ་མི་དམངས་ཀྱིས་སྔ་མོ་ནས་བརྗེད་སོང་བ་འདྲ།  དེ་མིན་ན་ཁོང་གི་དགོངས་པ་དྲི་མ་མེད་པ་དམངས་གསུམ་རིང་ལུགས་ཀྱི་རྒྱལ་མཚན་མཐོན་པོར་བསྒྲེང་ཏེ་ཁོང་ལ་རྗེས་དྲན་མི་ཞུ་དོན་ཅི་ཡོད་བསམ་བཞིན་པའི་མོད་ལ།    སྣེ་ཤན་པའི་ངའི་མིང་ནས་ཡང་ཡང་བོས་ཏེ་ང་ཚོ་འདི་ནས་གནས་གཞན་ཞིག་ལ་འགྲོ་རན་རེད་ཟེར།  དེའི་མུར་ང་ཚོ་ནན་ཅིན་དམར་གསོད་ཆེན་པའི་ཐང་ཆེན་གྱི་མི་དམངས་ཁྲི་སུམ་ཅུའི་དུར་ཤིང་བཤམས་སྟོན་ཁང་ལ་ལྟ་སྐོར་དུ་ཕྱིན་པ་ཡིན།  གནས་དེར་མྱ་ངན་གྱི་རོལ་དབྱངས་ཟླུམ་པོ་ཞིག་དང་བསྡོངས་ནས་ཉེས་མེད་ཀྱི་མི་དམངས་ཁྲི་མ་འབུམ་གྱི་རུས་རྐང་གི་ཁ་བས་རི་སྒང་བརྩིགས་ཤིང་ཁྲག་སྣགས་ཀྱིས་ས་གཞི་ནེམ་འདུག ད་དུང་སྐབས་དེའི་ལོ་རྒྱུས་ཉེས་ཅན་གྱི་དཔོན་པོ་དག་གིས་དོན་ཚན་ཉེར་གཅིག་གི་ཆིངས་ཡིག་འཇོག་པའི་འདྲ་པར་དང་རང་ས་རང་བདག་གི་ཆེད་དུ་གཅེས་སྲོག་དོར་བའི་དཔའ་བོ་དཔའ་མོ་དག་གི་སྐུ་པར་གང་མང་ཡོད་ལ། སྐབས་དེའི་ལོ་རྒྱུས་ཀྱི་བདེན་དཔང་གི་མི་སྣ་མང་བོར་གནས་ཚུལ་བཅའ་འདྲི་བྱས་པ་དག་སྒྲ་དང་བརྙན་གང་རུང་གི་ལམ་ན་ཟམ་མ་ཆད་པར་བསྐྱར་གཏོང་བྱེད་བཞིན་ཡོད།  དེ་མིན་ལོ་རྒྱུས་ཀྱི་དངོས་དཔང་སྟེ་ཉི་ཧོང་དམག་མིས་བཀོལ་བའི་མེ་མདའ་དང་ལག་འབོབ། མེ་སྒྱོགས།  དམག་ལྭ། རྒྱང་ཤེལ། མདེའུ་ཆེ་ཆུང་མང་བོ་སོགས་བགྲང་གིས་མི་ལངས་པ་བཤམས་ཡོད་པར་མ་ཟད། འཇའ་འགོག་འཐབ་མོ་བ་རྣམས་ཀྱི་དམག་ཆས་གང་མང་དང་དེ་དག་གི་ཡིག་ཚགས་མང་བོ་བྲག་རི་ལྟར་བརྩིགས་ཡོད།   ཚུལ་འདིར་མཐོང་ན་འཇའ་འགོག་དམག་འཁྲུག་ཆེན་མོ་ནི་ཁ་སང་དེ་རིང་ཨེ་ཡིན་སྙམ་པའི་ཚོར་སྣང་ཞིག་དབང་མེད་དུ་སྟེར། ཇི་སྐད་དུ་ཀྲུང་གོའི་མི་བསད་མ་ཚར་བ་མ་གཏོགས་མ་བསད་པ་མ་ཡིན་ཞེས་པ་དངོས་ནས་བདེན་ཚོད་འདུག 
  འདི་ན་དམར་པོ་ཁྲག་སྣག་གིས་བརྫུས་པའི་ལོ་རྒྱུས་ཀྱི་རྨ་ཁ་ཟབ་མོ་ཞིག་དུས་རབས་གསར་བའི་འཕོ་འགྱུར་གྱི་ལྟེབས་ཁུག་ན་བཞུར་ཞིང་ལྡང་ལ་སྣོམས།།
འདི་ན་སྨྱོ་ཧམ་ཁེ་ཕན་གྱིས་བསླུས་པའི་མྱ་ངན་གྱི་རོལ་དབྱངས་ཟླུམ་པོ་ཞིག་མི་རབས་གསར་བའི་མདུན་བསྐྱོད་ཀྱི་གོམ་ཁ་ན་མཐོ་ཞིང་ཆེ་ལ་ཉོན།།
འདི་ན་གསར་བརྗེའི་རླུང་འཚུབས་ཀྱིས་གང་སར་ཁུར་བའི་ཀྲུང་ཧྭ་མི་རིགས་ཀྱི་དཔའ་རྒོད་ཁྱུ་ཞིག་སྤྱི་ཚོགས་གསར་བའི་འཕེལ་ཁ་ན་བརྗིད་ཅིང་རྔམས་ལ་གཟིགས།།
འདི་ན་སྣུམ་ཚོན་ལྕགས་པུར་གྱིས་བྲི་རྐྱེན་པའི་ཟློས་གར་གྱི་འཁྲབ་གཞུང་རིང་མོ་ཞིག་སྨྱུགས་ཐོགས་ཁྲི་མ་འབུམ་གྱི་སོར་རྩེ་ན་རྒོད་ཅིང་རྩེན་ལ་སོམས།།
 
  ཧྭ་ཤར་གྱི་གྲོང་ཁྱེར་ཝུའུ་ཞིས།(无锡)2011.12.9
  ཉིན་གཉིས་པ་གྲོང་ཁྱེར་ཆེན་མོ་ནན་ཅིན་ནས་ཆས་ཏེ་གྲོང་ཁྱེར་ཝུའུ་ཞིས་ཀྱི་ཐེ་ཧའོ་མཚེའུ་(太湖)ངོགས་སུ་སླེབས་པ་རེད།   གནས་དེའི་རང་བྱུང་གི་རི་ཆུ་ནགས་གསུམ་གྱི་བཀོད་པ་ནི་ལྷ་རིས་སྒྱུ་རྩལ་པ་མིང་གྲགས་ཅན་ཞིག་གི་པུར་རྩེ་ནས་ཐོན་པ་དང་གཉིས་སུ་མ་མཆིས་པར་མཚེའུ་དེའི་འགྲམ་གཅིག་ན་བ་གམ་གྱི་ཁང་བརྩེགས་བགྲང་གིས་མི་ལང་པ་ཡོད་ལ། འགྲམ་ངོགས་གཞན་དག་རི་སྒང་ཆུང་བ་དང་གདོད་མའི་ནགས་ཚལ་གྱིས་ཀུན་ནས་བསྐོར་ཡོད། གནས་དེར་ད་དུང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གློག་བརྙན་བསྒྱུར་བསྐྲུན་ལྟེ་གནས་ཏེ་རྒྱལ་ཁབ་གསུམ་གྱི་གླིང(三国城)ཞེས་པ་ཡོད་ལ།  དེ་ནི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་དང་ཆུ་ངོགས་གཏམ་རྒྱུད་དེ་ཀྲུང་གོའི་སྒྲུང་རིང་ཆེན་མོ་སོགས་ཕབ་སྐྲུན་བྱེད་ས་ཡིན་པར་མ་ཟད།   ད་དུང་ཝའུ་ཏ་ལང་(武大郎)གི་ཁང་རྙིང་དང་ལོ་རྒྱུས་ཀྱི་རྗེས་ཤུལ་གང་མང་ཡང་མཐོང་རྒྱུ་ཡོད་ལ། ངག་རྒྱུན་དུ་ཝའུ་ཏ་ལང་དང་ཕན་ཅིན་ལན་(潘金莲)གཉིས་ནི་བཟའ་ཚང་ཡིན་པར་བཤད་ཅིང་ཆུ་ངོགས་གཏམ་རྒྱུད་དུའང་དེ་ལྟར་འཁྲབ་ཡོད་མོད། ལོ་རྒྱུས་དོན་དངོས་ལ་གཞིག་ན་ཕན་ཅིན་ལན་ལོ་བདུན་ཅུ་ལྷག་ཡིན་དུས་ཝའུ་ཏ་ལང་གི་ཆུང་མ་བྱས་པ་རེད།  ཁོང་གཉིས་ཀྱི་བར་ལ་ལོ་ལྔ་ཅུ་ལྷག་གི་ཁྱད་ཡོད་པས་ངག་རྒྱུན་དང་བསྟུན་ཐབས་མེད་མོད། འོན་ཀྱང་ལོ་རྒྱུས་སུ་ཝའུ་ཏ་ལང་གིས་ཆུང་མ་ཡག་མ་ཞིག་བསུས་པ་དང་ཕན་ཅིན་ལན་ནི་མཛེས་མ་ཞིག་ཡིན་པ་གཞི་བྱས་ཏེ་མི་རྣམས་ཀྱི་ངག་རྒྱུན་ལ་ཁོང་གཉིས་བཟའ་ཚང་ཡིན་པར་བསྙོན་བཏགས་པར་ཐེ་ཚོམ་མེད།  དེ་མིན་གནས་དེར་ཀྲུང་གོའི་གདོད་མའི་ཆོས་ལུགས་ཏའོ་ལུགས་དང་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཚོགས་མཉམ་གནས་ཀྱི་ཞི་བདེའི་ལྷ་ཁང་ཞིག་ཀྱང་བཞེངས་ཡོད་པ་རེད།
ཝའུ་ཞིས་མི་ཡུལ་དག་ཞིང་རིང་མོ་འདིར།།
ལྗོངས་རྒྱུའི་འགྲུལ་བ་རྨ་ཆུའི་རྒྱུན་ལ་བཏགས།།
རྒྱུ་དང་འབྱོར་བ་ཀླུ་རྒྱལ་མཛོད་ལ་འཁུ།།
 བདག་ཡིད་སྨོན་པའི་མཆི་མ་ཡང་ཡང་འཁྱིལ།།

  སུའུ་ཀྲིག་གྲོང་ཁྱེར་ཆེན་མོ།(苏州市)  2011.12.10
  ཉིན་གསུམ་པར་སུའུ་ཀྲིག་གྲོང་ཁྱེར་གྱི་ས་མཐའ་ནས་བཟུང་བ་ན་མཚོ་དང་མཚོའུ་མང་པོ་སྐར་ཚོགས་བཞིན་འཚེར་བའི་གསེབ་ཏུ་དཀྱུས་རིང་བའི་ཏ་ཡོན་མིས་བཟོས་གཙང་བོ་(京杭大运河)གཡུ་འབྲུག་ལྟར་མཁྱིལ་ཡོད་ལ། དེའི་འགྲམ་ངོགས་སུ་གནའ་བའི་ཁང་རྙིང་མང་བོ་སོར་གནས་བྱས་པར་ལྟད་མོར་སོང་ན་རང་ཉིད་ནི་གནའ་བའི་སྐུ་དྲག་ཁྱིམ་རྒྱུད་ཀྱི་སྐུ་སྲས་ཤིག་ཡིན་པར་རློམ་པའི་སྣང་བ་དབང་མེད་དུ་སྟེར་ངེས་རེད། དེ་ནས་ང་ཚོ་རྒྱ་ནག་གི་སྒྲུང་རིང་ཆེན་མོ་ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ་གློག་བརྙན་དུ་ཕབ་སྐྲུན་བྱེད་ས་ཧན་ཧྲན་དགོན་(寒山寺)ཡོད། དགོན་པ་དེར་རྒྱ་ནག་གི་ལུགས་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འབག་སྐུ་མཐོན་པོར་བཞེངས་ཡོད་པ་དང་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ནི་བོད་མིའི་བློ་ངོར་དེ་འདྲ་འཚམ་པོ་ཞིག་མ་རེད། རྒྱུ་མཚན་ནི་རྒྱ་ནག་གིས་བཞེངས་པའི་སྟོན་པའི་བྲང་ན་གཡང་དྲུང་ཕབ་ཡོད། བདག་གིས་སྣེ་ཤན་པར་སྟོན་པའི་བྲང་གི་གཡང་དྲུང་ནི་ཧྥ་རན་སིའི་ཞི་ཐི་ལིའི་དམག་གི་དཔུང་རྟགས་གཉིས་མཚུངས་པའི་རྒྱུ་མཚན་དྲིས་ཙ་ན།  སྣེ་ཤན་པས་དེ་གཉིས་ཀྱི་གཡང་དྲུང་གི་ཁ་འཁོར་ཕྱོགས་མི་འདྲ་བའི་ཁྱད་ཡོད་པར་བཤད་པ་ལས་འགྲེལ་བཤད་གཞན་ཅི་ཡང་མི་འདུག   དེ་མིན་རྒྱ་ནག་གི་སྤྱན་རས་གཟིགས་ནི་མོ་སྐུ་ཡིན་ཞིང་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་ཤིང་བྱམས་དང་སྙིང་རྗེ་ཡི་བདག་མོ་ཡིན་པས་དེ་ལྟར་བཞེངས་སྐད།   དེའི་མུར་ང་ཚོ་ཧྲི་ཙི་ལན་སྤྱི་གླིང་(狮子林)དུ་སོང་བ་ན་མིས་བཟོས་བྲག་རི་འདྲ་མིན་སྣ་ཚོགས་དང་མཚོའུ་ཆེ་ཆུང་གང་མང་བསྐྱིལ་ཅིང་། ཁང་རྙིང་རྩ་ཆེན་མང་བོ་གྲལ་སྒྲིག་ནས་གནའ་མིའི་འབྱོར་ལྡན་ཁྱིམ་ཚང་གི་བག་མེད་རྒྱས་སྤྲས་ཀྱི་འཚོ་བའི་རྣམ་པ་སྔར་བཞིན་སོར་བཞག་བྱས་ཡོད།
འདི་ན་མཚེའུ་ཡི་ཕྲ་ཚོམ་མེ་ཏོག་གི་ཕྲེང་བ་ནོར་འཛིན་བུ་མོའི་ལྟོ་བར་འཁྱིལ།།
འདི་ན་མིས་བཟོས་གཙང་བོའི་དགུ་ཚིགས་ཀྱི་རྒྱལ་མོ་ས་ལ་ལྷུང་ནས་འགྲོ་བར་རྩོམ།།
འདི་ན་རྒྱལ་ཁམས་ཆོས་ཀྱིས་བསྐོར་བའི་ཧྭ་ཤང་གི་རྣམ་ཐར་སྒྱུ་འཕྲུལ་ཐབས་ཀྱིས་ངོམས།།
འདི་ན་ངོ་མཚར་སྟོང་གི་གཞིས་ཀའི་ལྟད་མོ་རྒྱལ་ཁམས་པ་ཡི་ཡིད་དབང་འཕྲོག།
 
   ཧང་ཀྲིག་གྲོང་ཁྱེར།(杭州市) 2011.12.11
  ཉིན་བཞི་བར་རྒྱའི་ཁ་དཔེ་ལ་སྟེང་ན་ལྷ་ཡུལ་དང་ཐོག་ན་སུའུ་ཧང་གྲོང་ཁྱེར་(上有天堂,下有苏杭。)ཟེར་བའི་ཧང་ཀྲིག་གྲོང་ཁྱེར་ལ་སླེབས་བྱུང་། དེ་ནས་ང་ཚོ་ཐོག་མར་གྲུ་གཟིངས་འབྲུག་མགོ་མ་ཞིག་ལ་བསྡད་དེ་ཞི་ཧོ་མཚོའུ་(西湖)ལ་ལྟད་མོར་གཡེང་སྐབས་མཚོའུའི་འགྲམ་དུ་ཟམ་པ་རིང་མོ་ཞིག་མཐོང་ཐུབ།  དེ་ནི་བརྩེ་དུང་གི་གཏམ་རྒྱུད་རིང་མོ་ཀླུ་མོ་དཀར་མོའི་སྒྲུང་ལས་གླང་རྫི་དང་ཀླུ་མོ་དཀར་མོ་གཉིས་ཐེངས་དང་པོར་ངོ་འཕྲད་ས་ཡིན་པར་བཤད། བདག་གིས་ཀྱང་ཟམ་ཁ་འདི་ནས་བསླུ་བྲིད་ཀྱི་བརྩེ་དུང་འབའ་ཞིག་ལ་ཉིས་ཤད་འཇོག་ཞོར་རླབས་ཆེ་བའི་བརྩེ་དུང་ངོ་མ་ཞིག་ལ་དབུ་ཁྱུད་བྲིས་ཏེ་མ་འོངས་བདེ་སྐྱིད་ཀྱི་འཚོ་བར་རྨང་གཏོང་བའི་སྨོན་ལམ་འདེབས་བཞིན་ཅུང་རིང་བའི་ས་ལ་ལྟ་དུས་མཆོད་རྟེན་གྱི་རྩེ་མོ་དགུང་ལ་ཟུག་པ་ཞིག་མཐོང་བ་ནི་ཀླུ་མོ་དཀར་མོའི་སྒྲུབ་སྦྱངས་བྱེད་ས་ལིས་ཧྥན་མཆོད་རྟེན་(雷峰塔)རེད་ཟེར། མཚམས་དེར་ཡང་བདག་འཚར་སྣང་ཞིག་དང་བསྡོངས་ནས་ཀླུ་མོ་དཀར་མོའི་གློག་བརྙན་ལས་མཐོང་བའི་ཞི་ཧོ་མཚོའུ་དང་ལི་ཧྥན་མཆོད་རྟེན་གྱི་སྣང་བརྙན་དང་དེ་ལས་རླབས་ཆེན་གྱི་བརྩེ་དུང་གི་ལེའུ་གང་མང་རང་དབང་མེད་པར་མིག་ལམ་དུ་བཀྲམ་ཞིང་རང་ལུས་བེམ་པོ་བཞིན་ལུས་པའི་མོད་ལ། སྣེ་ཤན་པས་ང་ཚོ་མཚོའུའི་འགྲམ་ངོགས་གཅིག་ན་མི་དམངས་ཤོག་སྒོར་གཅིག་ཅན་གྱི་རྒྱབ་ལྗོངས་ཀྱི་རི་མོ་དེའི་ཡུལ་དངོས་ཡོད་པ་ལ་ལྟ་རུ་འགྲོ་ཟེར་ནས་གཙང་འགྲམ་ཏུ་ལོག་བྱུང་།   དེའི་མུར་ང་ཚོ་གོང་མའི་དཔོན་རིམ་ལ་རྒྱུགས་ལེན་སའི་རྒྱུགས་རར་ལྟ་སྐོར་དུ་སོང་བ་ཡིན། བདག་གིས་གནས་དེའི་ཚད་འབྱེད་རྒྱུགས་ལེན་ལམ་ལུགས་ཀྱི་རྣམ་པའི་ལྡེབས་རིས་བརྒྱུད་དེ་འདྲ་མཉམ་དང་དྲང་བཞག  རང་ཉིད་ཀྱི་ནུས་པ་ཁོ་ནར་བརྟེན་ནས་དཔོན་ས་ལེན་པའི་སྣང་བརྙན་གསོན་པོ་ཞིག་ཀྱང་མཐོང་བྱུང་།
  ཉིན་དེའི་ཕྱི་དྲོ་ང་ཚོ་སུང་རྒྱལ་རབས་ཀྱི་མཁར་(宋城)ནང་ལ་སོང་བ་ཡིན། མཁར་སྒོ་སུང་དམག་གི་ལྭ་བ་གྱོན་པའི་དམག་མི་བཞི་ཙམ་གྱིས་སྲུང་ཁུལ་བྱས་ཤིང་། མཁར་ནང་དུ་སུང་རྒྱལ་རབས་ལས་ཀྱང་རྙིང་བའི་རོལ་དབྱངས་ཞིག་དང་འགྲོགས་པའི་ཚོང་གཉེར་བ་དང་ལས་བཟོ་བ་ཚང་མས་གནའ་བོའི་སུང་རྒྱལ་རབས་ཀྱི་འབངས་མིའི་ཆ་བྱད་བྱས་ཏེ་དཔལ་འབྱོར་གཉེར་བཞིན་ཡོད་པར་མ་ཟད། དེ་ན་དངོས་སུ་འཁྲབ་གཉེར་བྱེད་པའི་འཁྲབ་སྟོན་པ་མང་བོ་མངགས་གཏོང་བྱེད་པར་བལྟོས་པ་ཙམ་གྱིས་ང་ཚོ་འགྲུལ་བ་རྣམས་ཀྱང་གནའ་བོའི་སུང་རྒྱལ་རབས་ལ་སླེབས་བྱུང་བའི་ཚོར་སྣང་ཞིག་དབང་མེད་དུ་སྟེར།   ད་ལྟ་ང་རང་ཞི་ཧོ་མཚོའུའི་དྭངས་གཙང་གི་ཁ་དབུགས་དང་དྲོད་གྲང་སྙོམས་པའི་ནམ་གཤིས། དེ་མིན་སྣུམ་ཚོན་པུར་གྱི་སྒྱུ་རྩལ་ལས་འཁྲུངས་བའི་ཧང་ཀྲིག་གི་མཛེས་མའི་བསླུ་བྲིད་ཀྱིས་དྲངས་ནས་རང་ལུས་ཕ་ཡུལ་དུ་ལོག་རུང་སེམས་པ་ད་དུང་ཧང་ཀྲིག་ན་ལུས་ཡོད།
 དྭངས་གསལ་ཞིས་མཚོ་ལས་འཁྲུངས་པའི་ཡིད་འོང་གི་ཀླུ་མོ་དཀར་མོ་འདི་ན་སྒེག།
འཁོར་བའི་འདུ་འཛི་ལ་ཆགས་པའི་བརྩེ་དུང་གི་གཏམ་རྒྱུད་རིང་མོ་འདི་ནས་མཆེད།།
ཅི་སྲིད་འཚོ་བ་ལ་འཁྲེང་བའི་བརྩེ་དུང་གི་གར་སྟེགས་ཆེན་མོ་འདི་ན་ངོམས།།
ཅི་བསམ་འདོད་མགུ་ལ་འདྲེན་པའི་བརྩེ་དུང་གི་དན་རྟགས་སྲ་མོ་འདི་ན་བརྗིད།།
འཇིག་རྟེན་མི་ཡུལ་ལ་བཞག་པའི་བརྩེ་དུང་གི་སྣང་བརྙན་ཟབ་མོ་འདི་ན་གསལ།།
ངོ་མཚར་སྟོང་ལྡན་གྱིས་ཕྱུག་པའི་སྒྱུ་འཕྲུལ་གྱི་ཟློས་གར་ལྟད་མོ་འདི་ནས་འཁྲབ།།

  ཧྲང་ཧེ་གྲོང་ཁྱེར།   上海市2011.12.12
  ཕྱི་ཉིན་ས་སྲོད་ཀྱི་མཚམས་སུ་ཧྲང་ཧེ་གྲོང་ཁྱེར་ཆེན་མོར་ཐོན་དུས་བ་གམ་མཐོན་པོ་དགུང་ལ་ཟུག་པའི་ཁང་བརྩེགས་རིམ་པ་བརྒྱ་ཅུ་གྱ་བརྒྱད་ཀྱི་སྟེང་དུ་འཛེགས་པ་ཡིན། བདག་གི་བསམ་ཚོད་དུ་ཁང་བརྩེགས་འདིས་ཡང་སྟེང་ལ་འགྲོ་ན་དུས་ཚོད་མི་ཉུང་བ་ཞིག་དགོས་པར་བསམ་ཡང་དེང་རབས་ཚན་རིག་གི་ལག་རྩལ་མཐོ་བས་བརྩེགས་རིམ་པ་བརྒྱ་ཅུ་གྱ་བརྒྱད་ལ་ཆུ་ཚོད་སྐར་ཆ་བཞི་ཅུ་ཞེ་ལྔ་མ་གཏོགས་མ་འགོར་བར་གློག་སྐས་ལ་བསྡད་དེ་བདེ་ལེགས་ཀྱིས་ཡང་རྩེར་སླེབས་བྱུང་། བདག་གིས་ཁང་བརྩེགས་འདི་ནི་ཧྲེང་ཧེ་གྲོང་ཁྱེར་གྱི་ཆེས་མཐོ་བ་ཡིན་པར་རློམ་པའི་མོད་ལ་དེའི་འགྲམ་ངོགས་སུ་དེ་ལས་ཀྱང་མཐོ་བའི་ཁང་བརྩེགས་ཤིག་མཐོང་བྱུང་། སྣེ་ཤན་པས་བཤད་པ་ལྟར་ན་དེ་ནི་ཉི་ཧོང་རྒྱལ་ཁབ་ཀྱིས་བརྩིགས་པའི་ཧྲང་ཧེ་ན་ཆེས་མཐོ་བའི་ཁང་བརྩེགས་ཏེ། ཁང་བརྩེགས་རིམ་པ་བརྒྱ་དང་གཅིག་ཡོད་ལ།  བཟོ་དབྱིབས་ནི་ཉི་ཧོང་གི་རལ་གྲི་ས་ལ་བརྡབ་པ་དང་ཀུན་ནས་མཚུངས་ཟེར། ཡང་ཧོང་ཕོའུ་གཙང(黄浦江)འགྲམ་ན་ནུབ་ཕྱོགས་ལུགས་ཀྱིས་བརྩིགས་པའི་ཁང་བརྩེགས་མང་བོ་མཐོང་ཐུབ་པ་ནི་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་མི་སེར་སྤེལ་ཡུལ་བྱེད་དུས་བསྐྲུན་པར་བཤད། ད་དུང་ཡང་དེ་ན་ཕྱི་གླིང་བ་གཞི་སྡོད་བྱས་ཡོད་པ་གང་མང་ཞིག་མཐོང་ཐུབ་པ་རེད།   ཉིན་གཉིས་པར་ང་ཚོ་གྲོགས་པོ་འགའ་ས་འོག་ལྕགས་ལམ་ལ་བསྡད་དེ་ཁྲོམ་རར་འགྲོ་བའི་ལམ་མ་ཤེས་པར་མགོ་ཐོམ་པའི་དུས་དེར་གསར་བུ་ཆུང་ཆུང་ཞིག་ང་ཚོའི་གམ་དུ་ཡོང་ནས་ངག་འཇམ་གྱིས་གར་འགྲོ་དྲིས་བྱུང་། ང་ཚོས་འགྲོ་བསམ་པའི་ས་མིང་བཤད་པ་ན་ཁོས་ང་ཚོ་འགྲོ་ཟེར་ནས་ཕྱོགས་སུ་བུད་སོང་།   ང་ཚོའང་ཁོའི་རྗེས་དེད་དེ་སོང་རྗེས་ཁྱོད་ཚོ་ལྕགས་ལམ་ས་ཚིགས་འདི་ནས་འགྲོ་དགོས་ཟེར་བཞིན་ཁོ་རང་ང་ཚོ་ཡོང་སའི་ལམ་བརྒྱུད་ནས་ཕྱིར་ལོག་སོང་། དེ་ནས་ང་ཚོ་ཡིད་ཆེས་ལ་མི་ཆེས་པའི་ངང་ས་འོག་ལྕགས་ལམ་དེར་བསྡད་ནས་སོང་བ་ན་ངོ་མ་ས་ཆ་དེ་ལ་ཐོན་བྱུང་། ཁོས་ང་ཚོ་ལྟོས་མ་ཐག་ནས་ཞིང་གྲོང་ནས་ཡོང་བའི་མགྲོན་པོ་ཡིན་པ་སྔོ་མོ་ནས་ཚོར་ཏེ་ཆེད་དུ་ང་ཚོ་རོགས་བྱེད་དུ་ཡོང་བ་ཤ་སྟག་རེད། རྗེས་སུ་སྣེ་ཤན་པས་བཤད་པ་ལྟར་ན་ཧྲེང་ཧེའི་སྐྱེས་པ་ནི་ཀྲུང་གོ་ན་མིང་གྲགས་ཆེ་བའི་བུད་མེད་ལ་གཅེས་མཁས་པའི་མཚན་དཔེ་ཡིན་ཟེར། དེ་མིན་ཧྲེང་ཧེ་ཡི་ཁྲོམ་ར་གང་ལ་སོང་ནའང་ཚོང་བ་རྣམས་ནི་སྐད་གཉིས་སྨྲ་བ་རྐྱང་རྐྱང་ཡིན་སྟབས་ཧྲེང་ཧེ་ན་དབྱིན་སྐད་བཤད་མི་ཤེས་པའི་ཚོང་བ་མེད་བཅས་བརྗོད་ནའང་མི་ཆོག་རྒྱུ་མེད། གང་ལྟར་ཧྲེང་ཧེ་ནི་འཛམ་གླིང་གི་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཡིན་པས་རིག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་རེད།
སྒྲོ་བཏགས་རྒྱན་གྱི་ཚུལ་འཆོས་མ་སྤྲོས་ཤིང་།།
ཤེས་དམན་ཤེས་འདོགས་བྱས་པ་དེ་བས་མིན།།
ཕྱི་རོལ་ཡུལ་ནས་ཚུར་སྣང་བྱས་པ་གང་།།
ཇི་བཞིན་བློ་ནས་ཤོག་ངོར་ཕབ་པར་དགེ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧྭ་ཤར་གྱི་གྲོང་ཁྱེར་ཆེན་པོ་ལྔར་ལྟ་སྐོར་དུ་ཕྱིན་པའི་ཟིན་ཐོ།

2012-06-10 བསེ་མགོན་པོ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།