སེམས་ཀྱི་ཕྱི་ནང་།༡

གནུབས་ཁྲག་འཐུང་པད་མ་རིག་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-03

           རྣམ་ཤེས་དང་ཡེ་ཤེས།
  རྣམ་ཤེས་ནི་སེམས་ཅན་སྤྱིའི་རྟོག་བཅས་ཀྱི་བློ་ཡི་སྤྱོད་ཡུལ་ཡིན་ལ་ཡེ་ཤེས་ནི་དོན་དམ་གཟིགས་པ་ཁོ་ནའི་རྟོག་མེད་ཀྱི་གཞལ་བྱ་ཡིན།  རྣམ་ཤེས་ཉིད་ཡེ་ཤེས་སུ་གོ་འཕོས་པ་ནི་དམ་པའི་ཆོས་ཀྱི་སྙིང་བོའི་མཐར་ཐུག་ཡིན། རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱི་ཁྱད་པར་མ་ཤེས་ན་ཁྱོད་རང་མི་ཚེ་གང་བོར་མཚམས་སྒྲུབ་ལ་གཞོལ་ཀྱང་ཁྱིམ་ལས་ཐར་སྲིད་ཀྱི་མ་རེད།   རྣམ་ཤེས་ནི་སེམས་ཅན་སྤྱིའི་ཤེས་པ་གསལ་ཤིང་དངས་པའི་ཆ་སྒྲིབ་མ་བསྒྲིབས་ལུང་མ་བསྟན་གང་རུང་ཡིད་ཀྱི་ཀློང་དུ་མཆེད་པའི་ཡུལ་གོ་མ་འགགས་པར་བདག་འཛིན་གྱིས་བཅིངས་པ་ཞིག་གོ  དེ་ནི་ཡིད་ཀྱི་ཤེས་པ་ཕྱིར་ཡུལ་གྱིས་སྟེང་དུ་འཕྲོས་པ་ལས་སྒོ་ལྔར་རེག་བྱ་སྣ་ཚོགས་སྣང་བ་ཞིག་ཡིན།  དེའི་ཕྱི་ནང་གི་འདོད་ཡོན་གྱི་ཆ་ཐམས་ཅད་ཐ་དད་དུ་འཛིན་ཅིང་ཤེས་པས་ཉེར་ལེན་གྱིས་རྒྱུ་བྱས་ཏེ་ལས་སྣ་ཚོགས་འགྲུབ་པར་བྱེད་པའོ།  ཕྱི་རུ་གཟུང་འཛིན་གྱིས་སྣང་བར་ཞེན་པས་ཆགས་སྡང་གི་མཆེད་གཞི་བྱེད་ལ་ནང་དུ་བདག་འཛིན་གྱིས་སྣང་བར་ཞེན་པས་སེམས་རྟོག་གི་འཕྲོ་གཞི་བྱེད་ངེས།  དེ་ལས་མ་རིག་པའི་ལས་སྣ་ཚོགས་འབྱུང་ངེས་པས་བདག་འཛིན་དང་གཟུང་འཛིན་གྱི་ཞེན་ཡུལ་རྨང་ནས་མ་འགགས་ན་ཁྱོད་རང་མཐོན་པོ་གནམ་དུ་བཞུགས་རུང་སེར་པོ་གོས་གྱིས་བཏུམས་ཀྱང་རྣམ་པར་ཤེས་པ་གསལ་ཞིང་དངས་པའི་སེམས་ཅན་རྣལ་མ་ཞིག་ཡིན་པ་གོར་མ་ཆག    ཡེ་ཤེས་ནི་གཞིའི་ངང་མདངས་རྟོག་མེད་ཡེ་གནས་ཀྱི་ཤེས་པ་ཆེན་པོ་གསལ་ཤིང་དངས་པའི་ཆ་མུན་རུབ་ཀྱང་ནམ་མཁར་ཉི་མ་སྔར་ལྟར་གནས་པ་བཞིན་ནོ།   དེ་ཡང་ཅི་ཡང་མི་ཤེས་པ་ཅི་ཡང་མི་གསལ་བར་ནག་ཐོམ་མེར་བ་ཞིག་མ་ཡིན་པར་སྣང་བ་ཐམས་ཅད་རང་ཤེས་སུ་ཡོད་པ་གོ་མ་འགགས་པར་ཀ་དག་གདོད་མའི་གཤིས་ལུགས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བ་ཞིག་གོ   དེ་ནི་རིག་པ་ཡུལ་དང་མ་འདྲེས་པ་ཞིག་དང་།  ཡུལ་ལ་མི་འཇུག་པར་རང་བྱུང་གི་ཤེས་པ་སྒྲིབ་གཡོགས་དང་བྲལ་བ་སེམས་ཅན་ཡོད་དོ་ཅོག་གི་རྒྱུད་ལ་ཁྱབ་གདལ་ལྷུན་འབྱམས་སུ་གནས་པ་ཞིག་སྟེ་མེ་ཡོད་ཚད་ཀྱི་གཤིས་སུ་ཚ་བ་རང་ཆས་སུ་ཡོད་པ་ལྟར་རོ།   རྣམ་ཤེས་ཉིད་ཡེ་ཤེས་སུ་ཅི་ལྟར་གོ་འཕོས་པ་ཡིན་ཞེ་ན།   སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཐད་གཞིའི་གདོད་མའི་གནས་ལུགས་ཉིད་དུ་ཡེ་ཐོག་ཡེ་གྲོལ་གྱི་རང་གདངས་སུ་ཐག་ཆོད་པ་དང་།  ཆོས་སྐུ་གཞིར་གནས་ཀྱི་རིག་པ་རང་ངོ་འཕྲོད་དེ་ཆོས་ཉིད་ཀྱི་གཤིས་སུ་ལྷུན་གྲུབ་དུ་ཡོད་པ་རྟོག་མེད་རྒྱ་ཡན་ལྷུན་འབྱམས་སུ་གྱུར་བའི་ཚེ་ཡེ་ཤེས་སུ་གོ་འཕོས་པ་ཡིན་ནོ།  བདག་འཛིན་གྱིས་བྱེད་ལས་ལས་བདག་རྟོག་གི་ཆོ་འཕྲུལ་བྱུང་སྟེ་ཆུ་ལ་གཟུགས་བརྙན་ཤར་བ་བཞིན་འཁྲུལ་བར་བྱེད་པ་རྣམ་ཤེས་ཀྱི་རོལ་བ་ཡིན་ལ་བདག་མེད་ཀྱི་བྱེད་ལས་ལས་ཆོས་ཐམས་ཅད་ཀྱི་ག་ཤིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཤེས་ཤིང་ཤེས་པ་དེ་ཉིད་གཞི་ཡི་ངོ་བོར་དོམ་དམ་དབྱེར་མེད་དུ་གྲུབ་པ་ནི་ཡེ་ཤེས་ཀྱི་རོལ་བ་ ཡིན་ནོ།  སེམས་ཅན་དང་སངས་རྒྱས་ནི་རྒྱུད་ཀྱི་རྟོགས་པའི་རབ་དབྱེ་ཙམ་ཡིན་ལ་རྣམ་ཤེས་དང་ཡེ་ཤེས་ནི་རྟོག་པའི་རང་གདངས་གནས་འགྱུར་བ་ཙམ་ཡིན་ལ་ཡེ་ཤེས་ལ་ཁ་དོག་མེད་ཀྱང་ཡེ་ཤེས་ཀྱི་རྩལ་ལ་ཁ་དོག་ཡོད་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ལས་སེམས་ཅན་ཤི་བའི་རྗེས་སུ་སངས་རྒྱས་ཤིག་ལོགས་སུ་འབྱུང་རྒྱུ་མེད་ལ་རྣམ་ཤེས་དབྱིངས་སུ་འགགས་དུས་ཡེ་ཤེས་ཤིག་ལོགས་སུ་སྐྱེ་རྒྱུ་མེད་དེ་གོ་འཕོས་བ་ཡིན་ནོ།  སེམས་ཅན་ཚོགས་རྫོགས་པའི་སྟོབས་ཀྱི་སངས་རྒྱས་སུ་རུང་བ་ཆོས་ཀྱི་བདེན་པ་ཡིན་ཏེ་བདག་ཅག་གི་རྣམ་འདྲེན་བཞི་བ་བཞིན་དང་རྣམ་ཤེས་ཉིད་ཤེས་པ་དང་པོ་ཉིད་ནས་ཡེ་ཤེས་སུ་གོ་འཕོས་པ་ཡོད་དེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་བཞིན་ནོ། རྣམ་ཤེས་དང་ཡེ་ཤེས་གཉིས་གསལ་ཞིང་ རིག་པ་ཙམ་དུ་མཚུངས་ཀྱང་ཁྱད་ཆེན་པོ་ཡོད་པ་ཡིན་ལ་གཟུང་འཛིན་ཅན་གྱིས་རྣམ་ཤེས་ལྡོག་ཀྱང་ཡེ་ཤེས་མི་ལྡོག་པ་ཡིན་ནོ།  མདོར་ན་རིགས་དྲུག་གི་སྣང་མཆེད་བན་བུན་དང་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་བཅས་ལུང་མ་བསྟན་དང་བཅས་པ་རྣམ་ཤེས་ཡིན་ཞིང་གདོད་མའི་ཤེས་པ་གསལ་ཞིང་རྟོག་པ་དང་བྲལ་བ་ཉོན་མོངས་རང་གྲོལ་གྱི་དྭངས་ཆ་མ་བཅོས་ལྷུན་གྲུབ་ཀྱི་གནས་ལུགས་ཉིད་ཡེ་ཤེས་ཡིན་ནོ།། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ཕྱི་ནང་།༡

2012-06-03 གནུབས་ཁྲག་འཐུང་པད་མ་རིག་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།