ཡིག་རྒྱུགས་ལམ་ལུགས།
གཞི་རིམ་ན་སློབ་མ་ནི་རྒྱུགས་ཀྱི་བྲན་གཡོག་རེད་ཞེས་པའི་སྐད་ཆ་དེ་ནི་ངོ་མ་སློབ་གསོའི་བྱ་བའི་ཁྲོད་ནས་དངོས་སུ་མཐོང་བའི་སྐད་ཆ་དྲང་པོ་ཞིག་རེད།
ཡིག་རྒྱུགས་ཀྱི་སྐར་གྲངས་དེ་ཕ་མ་ཚོས་སློབ་གྲྭའི་བཟང་ངན་གླེང་བའི་གཞི་རྩར་འཛིན་པ་དང་། གོང་རིམ་ནས་སློབ་གསོའི་སྤུས་ཚད་གླེང་བའི་རྒྱ་མར་ལྟ་བ། སློབ་གྲྭས་ཡིག་རྒྱུགས་དེ་སློབ་གྲྭའི་ཚེ་སྲོག་ལ་འཛིན་པ། དགེ་རྒན་གྱིས་ཡིག་རྒྱུགས་ནི་རང་གི་གྲུབ་འབྲས་ལ་བལྟ་བ་དེས་ད་ཆ་ཡིག་རྒྱུགས་ སྐར་གྲངས་ལ་རྩོད་ལེན་བྱེད་པ་ནི་སློབ་གྲྭའི་ལས་དོན་གྱི་སྙིང་པོར་གྲུབ་ནས་ཡོད།
སྤྱི་ཚོགས་ཀྱི་མི་སྣའི་དགོས་མཁོར་གཞིགས་ཏེ་བྱང་ཚད་སློབ་གསོ་བཤད་ནས་ལོ་ མང་པོ་དེ་འདྲ་འདས་ཀྱང་ཡིག་རྒྱུགས་ཁོ་ནར་ཕྱོགས་པའི་སློབ་གསོའི་ལམ་ལུགས་ལ་སྔར་ལས་ལྷག་པའི་མཐོང་ཆེན་བྱེད་སྟངས་ནས་བལྟས་ན། ཁ་བཤད་ཙམ་ལས་ དོན་དངོས་ནུས་པ་ལྡན་པའི་འགྱུར་བ་སོང་མེད་པ་ནི་ཟུར་བལྟས་ལེབ་མཐོང་རེད།
མིའི་བྱང་ཚད་ནས་བཤད་ན། སྐད་ཆ་ཤོད་པའི་བྱང་ཚད་དང་གནད་དོན་ལ་དབྱེ་ཞིབ་ཐག་གཅོད་བྱེད་པའི་བྱང་ཚད། བྱ་དངོས་ཀྱི་སྐྱོན་ཡོན་སྤང་བླངས་ཀྱི་བྱང་ཚད། རང་སྐྱ་འཕེར་བའི་སྒོ་ནས་བྱ་གཞག་གསར་གཏོད་དང་ལེགས་གྲུབ་བྱེད་པའི་བྱང་ཚད་སོགས་གལ་འགངས་ཧ་ཅང་ཆེ་བ་དང་། དེ་དག་ནི་མི་ཞིག་ཡོང་ན་ཆུང་ནས་ཡོང་། རྟ་ཞིག་ཡོང་ནས་རྟེའུ་ནས་ཡོང་ཞེས་པ་ལྟར་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་སྐབས་ནས་བསྐྱེད་བསྲིང་བྱ་དགོས་ཤིང་། ལྷག་པར་དུ་སློབ་ཁང་སློབ་ཁྲིད་སྐབས་བསམ་བློ་གཏོང་བའི་གོ་སྐབས་ཡོད་པ་དང་། ལག་པ་འགུལ་བའི་དུས་ཚོད་ཡོད་པ། རང་གི་བསམ་ཚུལ་ཤོད་པའི་དབང་ཆ་ཐོབ་པ་སོགས་དང་འབྲེལ་བ་དམ་ཟབ་ཡོད།
འོན་ཀྱང་དོན་དངོས་སློབ་ཁྲིད་ཀྱི་ཁྲོད་དུ། ཡིག་རྒྱུགས་ཀྱི་བཙན་དེད་འོག་སློབ་ཁང་ནང་ཡོད་ཚད་དགེ་རྒན་གྱིས་ཐད་ཀར་བསྟན་ནས་སློབ་མ་ཚོར་ངག་ལ་ཟིན་དུ་འཇུག་རྒྱུ་དེ། ཡིག་རྒྱུགས་སྐར་གྲངས་དུས་ཐོག་མཐོན་པོ་ལེན་པའི་ཐབས་ཤེས་ལེགས་ཤོས་དེ་ཆགས་པ་དང་། དགེ་རྒན་གྱིས་དུས་ཚོད་འཕྲོ་བརླགས་སུ་མ་བཏང་བར་དྲིས་ལན་དང་། སྟོང་ཆ་སྐོང་རྒྱུ། ཚིག་གྲོགས་སྦྱར་རྒྱུ། བརྗོད་པ་བཟོ་རྒྱུ་སོགས་སློབ་མའི་ལས་བྱ་མང་པོ་ཐད་ཀར་སློབ་ཚན་སྐབས་བཤད་ནས་སློབ་མར་ངག་ལ་ཟིན་དུ་འཇུག་གི་ཡོད། ཡིག་རྒྱུགས་ཁོ་ནར་དམིགས་ནས་བཙན་དེད་བྱས་པ་དེས་སློབ་མའི་རང་འགུལ་གྱི་མེ་སྟག་འབར་དུ་མ་བཅུག་པ་དང་། ཉིན་ལྟར་གཞན་སྐུལ་ཁོ་ནའི་འོག་སློབ་སྦྱོང་བྱེད་དགོས། གང་ལྟར་གོང་རིམ་གྱི་དམིགས་ཚད་དང་སློབ་གྲྭའི་མཚན་སྙན།ཕ་མའི་རེ་བ་དང་དགེ་རྒན་གྱི་མིང་གྲགས་སོགས་ཀྱི་ཆེད་དུ་སློབ་མ་ཚོས་ཞོགས་
སྔ་ལངས་དང་དགོངས་ཕྱི་ཉལ་གིས་ཡིག་རྒྱུགས་ལ་ཁ་གཏད་བཅག་རྒྱུའི་འབད་བརྩོན་བྱེད་དགོས་ཤིང་དུས་ཁོམ་ཡོད་ཚད་ཡིག་རྒྱུགས་ནང་ཐོན་ངེས་པའི་སྦྱང་གཞི་མང་པོས་སྡུག་པོ་གཏོང་གི་ཡོད་པས། སློབ་གྲྭའི་ནང་བློ་བདེ་བག་ཕེབས་ཀྱིས་སློབ་སྦྱོང་བྱེད་པའི་གོ་སྐབས་ཧ་ལམ་མེད། དེས་རིམ་བཞིན་སློབ་མའི་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཆག་འགྲོ་བ་དང་། ཤེས་རིག་སྣ་ཚོགས་སྦྱོང་བའི་སྤྲོ་སེམས་བོར་འགྲོ་གི་ཡོད།
དོན་དུ་སློབ་གསོ་སློབ་ཁྲིད་ཀྱི་འབྲས་བུ་ཡོད་ཚད་ཡིག་རྒྱུགས་ཁོ་ནས་ཚད་ལེན་བྱེད་ཐབས་མེད་དེ། བསམ་བློ་ཀུན་སྤྱོད་ཀྱི་འབྲས་བུ་དང་། བསམ་གཞིགས་བྱེད་པའི་གོམས་གཤིས། སྐད་ཆ་ཤོད་པའི་སྤོབས་པ། གནད་དོན་སྣ་ཚོགས་ལ་དབྱེ་ཞིབ་ཐག་གཅོད་བྱེད་པའི་ནུས་པ། བྱ་བཞག་གསར་གཏོད་བྱེད་པའི་སྙིང་སྟོབས་དང་ཐབས་ཤེས་སོགས་སློབ་གསོའི་དམིགས་ཡུལ་ངོ་མ་མཚོན་ཐུབ་པའི་འབྲས་བུ་མང་པོ་ཞིག་ཡིག་རྒྱུགས་ཁོ་ནས་ཚད་ལེན་ག་ལ་བྱེད་ཐུབ།ཡིག་རྒྱུགས་ཀྱི་ཐོབ་སྐར་ལེགས་པའི་སློབ་མ་ཚོས་དོན་དངོས་བྱ་བའི་ནང་ ནུས་པ་ལྷག་པོ་འདོན་མ་ཐུབ་པ་དེས་ཡིག་རྒྱུགས་ལམ་ལུགས་ལ་དེ་ཙམ་དོ་གལ་བྱ་མི་རུང་བའི་ར་སྤྲོད་གསལ་པོ་བྱས་ཡོད། གོང་འོག་ཚང་མས་མིག་བཙུམ་ནས་གཞན་རྗེས་སུ་མ་འབྲངས་པར་སློབ་གསོའི་ཐབས་ལམ་ལེགས་པོ་ཞིག་ཏུ་འགྲོ་ཐུབ་ རྒྱུར་ནུས་པ་ལྡན་པའི་བསམ་འཆར་གང་མང་འདོན་དགོས་ཤིང་། གལ་ཏེ་ཡིག་རྒྱུགས་རྩ་བ་ནས་མེད་པ་ནས་བཟོ་ཐབས་མེད་ཀྱང་ཡོད་ཚད་ཡིག་རྒྱུགས་ཁོ་ནར་ལྟ་བའི་ཕྱོགས་ལྷུང་གི་སློབ་གསོའི་ནོར་འཕྲུལ་ལ་ངོས་འཛིན་ཡང་དག་པ་བྱས་ཏེ། སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་མཐོར་འགྲོ་ཐུབ་པ་དང་། སློབ་མས་ཤེས་རིག་སྦྱོང་འདོད་ཀྱི་རང་འགུལ་བསམ་པར་སྐུལ་འདེད་ཐུབ་པའི་ལམ་ལུགས་ བཟང་པོ་ཞིག་གང་མགྱོགས་བྱུང་ཐུབ་པ་བྱ་རྒྱུ་ནི། མིག་སྔའི་སློབ་གསོའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་ཤེས་དགོས་སོ།།
རྩོམ་ཁུངས། ངེད་དྲ་བ།