རྒྱུ་ནོར་དང་དབང་ཆ།
༡
རྒྱུ་ནོར། ཁག་གཅིག་གི་རྒྱུ་ནོར་ནི་ཙི་ཙིས་མུན་ཁུང་དུ་འབྲུ་གསོག་བཞིན་ལྐོག་ལྐོག་ བསྲུས་བསྲུས་ཀྱིས་གསགས་ཡོད། ཡིན་ན་ཡང་མི་བུ་མང་ཆེ་བའི་རྒྱུ་ནོར། དཀའ་ངལ་ ཡོད་ཚད་རང་ཉིད་ཀྱི་ཕྲག་པར་འཁུར་ཏེ་གྲོན་ཆུང་སྲི་ཚགས་ཀྱིས་གསོག་འཇོག་བྱས་ཡོད་པ་ང་ཡིད་ཆེས་ཡོད། ཨ་ཅང༌། དབང་ཆ་ཡང་དེ་ལྟར་རེད། ཁ་ཅིག་གི་དབང་ཆ་ནི་ཤེས་རྒྱ་འཇོན་ཐང་ཅི་ཡང་མེད་ཀྱང་རྒྱུ་ནོར་གྱི་ལྕགས་ཀྱུ་དེས་ཕ་རོལ་གྱི་དབང་ཆས་རང་ཉིད་ཀྱི་རྐུབ་སྟེགས་རྫུས་མ་དེ་ཁུགས་པ་བྱས་ཡོད། ཡིན་ན་ཡང༌། མི་བུ་མང་ཆེ་བའི་དབང་ཆ་ནི་དེ་ལྟར་མིན་པ་སྨོན།
༢
རྒྱུ་ནོར་དང་དབང་ཆ་གང་ཞིག་ཐོག་མར་བྱུང་ངམ་ཞེ་ན། དེ་ནི་བྱ་དེ་དང་སྒོ་ང་གཉིས་གང་ཞིག་ཐོག་མར་བྱུང་ངམ༌། ཞེས་པའི་འདྲི་བ་དང་འདྲ་མཚུངས་ཡིན་པས་ཐག་གཅོད་ཀྱི་ལན་ཞིག་ཧ་ལམ་རྙེད་རྒྱུ་མེད། ཡིན་ན་ཡང༌། དྲང་བཞག་གི་སྤྱི་ཚོགས་ཞིག་ནང་རང་ཉིད་ཀྱི་འཇོན་ཐང་ལས་དབང་ཆ་ཐོབ་སྲིད་ལ། དབང་ཆ་ལས་དབང་ཆར་གཞིགས་ཏེ་གླ་ཕོག་ཀྱང་ཐོབ་སྲིད་པས། དབང་ཆ་ལས་རྒྱུ་ནོར་ཡོང་སྲིད་པ་ཡིན། འོ་ན་མི་སྲིད་པ་ནི་རྒྱུ་ནོར་ལས་དབང་ཆ་ཞིག་རྩ་བ་ནས་ཐོབ་མི་སྲིད། གལ་ཏེ་དྲང་ བཞག་གི་སྤྱི་ཚོགས་དེ་མེད་པར་རྒྱུ་ནོར་ལས་དབང་ཆ་ཞིག་ཉོ་ཐུབ་ན། གོང་གི་འདྲི་ བ་དེར་ང་ཚོས་ནམ་ཡང་གནད་ལ་འཕིགས་པའི་ལན་ཞིག་རྙེད་ཐབས་མེད། དེ་ནི་ དྲང་བཞག་མེད་པའི་སྤྱི་ཚོགས་ཤིག་གིས་སྟབས་བདེ་བའི་འདྲི་བ་ཞིག་རྙོགས་རྫིངས་ཆེ་རུ་གཏོང་གི་ཡོད་པ་ལས། རྒྱུ་ནོར་ཡོད་ན་དབང་ཆ་ཡོད་ངེས་པའི་མཚུངས་རྟགས་ཤིག་གསར་བསྐྲུན་བྱེད་ཀྱིན་མེད་པས་ཡིན།
༣
རྒྱུ་ནོར། རྒྱུ་ནོར་ཡོད་པ་ཐམས་ཅད་ཕྱུག་པོ་ཡིན་ན། རུལ་བསུང་གི་འདྲེ་ལག་གཉིས་པོ་ད་དུང་ཡང་མི་དམངས་ཀྱི་རྔུལ་ཁུག་དང་རྒྱལ་ཁབ་ཀྱི་བང་མཛོད་དུ་བརྐྱངས་པ་ཅི་ཞིག་གིས་ཆེད་དུ་ཡིན། དབང་ཆ། དབང་ཆ་ཡོད་པ་ཐམས་ཅད་དྲང་བཞག་ཡིན་ ན། དབང་ཆ་ཡོད་པའི་མི་བུ་དེ་ཚོའི་སྤུན། ཉེ་དུ། གྲོགས་པོ། གྲོགས་པའི་གྲོགས་པོ་ སོགས། ཡོད་ཚད་ཐག་འཁྱུད་མེ་ཏོག་བཞིན་གཅིག་གིས་གཅིག་ལ་འཁྱུད་དེ་གོང་ ནས་གོང་དུ་འགྲོ་ཐུབ་པ་ངོ་མཚར་ཆེ། རེད་ཡ། དེས་རྐྱེན་པས། ནར་མ་ལོངས་པའི་ གཞོན་སྐྱེས་མང་པོས་རྒྱུ་ནོར་ཡོད་ན་དབང་ཆ་ཡོད་ངེས། དབང་ཆ་ཡོད་ན་རང་ཉིད་ཀྱི་སྤུན་ཉེ་དུ་ཡོད་ཚད་རྫོགས་ལྡན་གྱི་ལྷ་ཡུལ་དུ་འཁྲིད་ཐུབ་སྙམ་པར་ལོག་རྟོགས་སྐྱེས་ཏེ། དངུལ་གྱི་ཆེད་དུ་རང་གཤིས་བརླག་ཀྱིན་ཡོད་ལ། དངུལ་གྱི་ཆེད་དུ་ཕ་ནོར་ཡང་གཞན་ཡུལ་དུ་འདྲེན་པའི་ལས་ཀ་བསམ་དཀའ་བ་དག་ཀྱང་བྱེད་ཀྱིན་ཡོད། དེ་ནི་རྒྱུ་ནོར་དང་དབང་ཆ་གཉིས་མཚུངས་རྟགས་སུ་བཀོད་པའི་ངན་འབྲས་ཡིན་ལ། རྒྱུ་ནོར་དང་དབང་ཆ་གཉིས་ནམ་ཡང་སོ་སོ་ཡིན་པར་ངོ་སྤྲོད་བྱེད་ཀྱི་ཡོད་པ་ཡིན།
༤
རྒྱུ་ནོར་དང་དབང་ཆ། བྱུང་ན་ང་ཚོ་ཐམས་ཅད་ལ་དགོས་ངེས། ལྷག་པར་རྒྱུ་ནོར་ལ་མི་དགའ་བའི་མི་བུ་མེད་ལ། དབང་ཆར་མི་སྤྲོ་བའི་མི་བུ་ཡང་མེད། ཡིན་ན་ཡང༌། རྒྱུ་ནོར་གསོག་པར་རང་ལག་ཟུང་ལ་བརྟེན་དགོས་ལ། དབང་ཆ་ཡང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་དགོས། གཡོ་ཁྲམ་གྱིས་ཐོབ་པའི་རྒྱུ་ནོར་ནི་ཁྱེད་རང་གིས་ བེད་སྤྱོད་བྱས་ཀྱང་ནམ་ཡང་ཁྱེད་རང་གི་མ་ཡིན། དེ་ནི་གཞན་གྱི་རྔུལ་ཆུའི་ཐིགས་པ་དང་ཐ་ན་ཁྲག་ཐིགས་ཀྱང་འདྲེས་ཡོད་པ་ཡིན། གལ་ཏེ་ཨུ་ཚུགས་ཀྱིས་ཁྱེད་རང་གི་ ཡིན་ཟེར་ན། གཞན་གྱི་སྐྱག་གཅིན་ཡང་ཁྱེད་རང་གི་ཡིན་པས་ཁྱེད་རང་གིས་ཉར་ ཚགས་བྱས་ན་ཆོག། ཨ་ཅང༌། རྒྱུ་ནོར་གྱིས་ལྕགས་ཀྱུས་ཁུགས་པའི་དབང་ཆ་གོག་ཏོ་ཡང༌། རང་རྐུབ་རུལ་ཡང་རང་ཉིད་ཀྱིས་མི་འཚོར་བའི་སྟེགས་བུ་རྫུས་མ་དེ་ཡིན་པས། དེས་ནམ་ཡང་ཁྱེད་ལ་གནས་བཟོད་བདེ་བའི་ཁོམ་པ་ཞིག་སྟེར་མི་སྲིད། གལ་ཏེ་སྟེར་ན། ཁྱེད་རང་ཕལ་ཆེར་གཟིག་ཚང་སྒོ་ཁར་གླ་བའི་འཕག་འཚག་གི་དཔེ་བཞིན་རླུང་རྟ་བཞུད་པའི་ཉིན་མོ་དེ་སླེབས་གྲབས་ཡོད་པས་ཐུགས་འཇག་འཚལ་བར་མཁྱེན།
༥
རྒྱུ་ནོར་ཡོད་པའི་མི་བུ་ཚོ། རང་ལག་ལ་བརྟེན་ནས་ཐོབ་པའི་རྒྱུ་ནོར་ནི་ཁྱེད་རང་གི་གཟི་བརྗིད་རེད་ལ། ནང་མི་སྤུན་མཆེད་ཚོའི་སྤོབས་པ་ཡང་རེད། གཡོ་ཁྲམ་དང་རུལ་བསུང་ལས་ཐོབ་པའི་རྒྱུ་ནོར་ནི། གཞན་བརྟེན་གྱི་འཚོ་བའི་སྲིན་འབུ་སྐྱུག་བྲོ་དེ་ཚོའི་འཚོ་སྟངས་དང་འདྲ་བས། སུ་ཞིག་གིས་ཀྱང་ཁྱེད་ཚོའི་རྒྱུ་ནོར་ལ་སྨོན་མི་སྲིད་ལ། དེ་ལས་ལྡོག་ཏེ་ཁྱེད་རང་ཚོའི་ཕ་ཚ་བུ་རྒྱུད་ཀྱི་ཞབས་འདྲེན་ཁོ་ན་ཡིན། ད་དུང་དབང་ཆ་ཡོད་པའི་མི་བུ་ཚོ། ཁྱེད་རང་གི་དབང་ཆ་ཁྱེད་རང་གི་ཤེས་བྱ་དང་འབད་བརྩོན་ ལས་ཐོབ་ན། དེ་ནི་ཁྱེད་རང་གི་འཇོན་ཐང་རེད། ཡིན་ན་ཡང་ཁྱེད་རང་གི་དབང་ཆས་ཚུལ་མིན་གྱི་རྒྱུ་ནོར་གསོག་པ་ནི། དལ་བའི་རང་བཞིན་གྱི་རང་ཤི་རྒྱག་མཁན་ དང་གཉིས་སུ་མེད་པས་ནམ་ཡང་མ་མཉེས་པར་གནང༌། གལ་ཏེ་ཁྱེད་རང་རྒྱུ་ནོར་དང་དབང་ཆའི་དོན་དུ་ཤི་འདོད་ཡོད་ན། དེ་ནི་ཁྱེད་རང་གི་བསམ་བློ་རེད། ང་ཡང་དོན་མེད་ཁྱེད་ལ་དྲན་སྐུལ་ཞུ་འདོད་རྩ་བ་ནས་མེད། །
ཤོ་ཤར་ཚེ་རིང་རྒྱལ་པོས། ༢༠༡༡ལོའི་ས་ག་ཟླ་བའི་དཀར་ཚེས་དགོང་མོ་རྒྱ་ཚྭ་རྫོང་ལོག་གླེན་ཤང་དུ།
རྩོམ་ཁུངས། ངེད་དྲ་བ།