དཔེ་དེབ་ཀློག་རྒྱུ་ནི་ཡེ་གེ་ཤེས་མཁན་གྱི་འགན་འཁྲི་ཡིན།
ཡིག་རྨོངས་མང་བའི་རྒྱལ་ཁབ་དང་མི་རིགས་ཀྱི་སྤྱི་དམངས་བྱང་ཚད་དུས་རབས་ཀྱི་རྗེས་སུ་ལུས་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྟོབས་ཤུགས་ཀྱང་རྒྱལ་ཁབ་དང་། མི་རིགས་ཁྲོད་དུ་དམའ་རིམ་ལ་ལུས་སྲིད་པ་ནི་མ་ བཤད་ཀྱང་ཚང་མས་ཤེས་ཀྱི་རེད ། འོན་ཀྱང་ཡིག་རྨོངས་སེལ་བའི་ལས་དོན་སྤེལ་ནས་སྤྱི་དམངས་ཕལ་མོ་ཆེ། ཡི་གེ་ཤེས་ཀྱང་སྤྱི་ཚོགས་ཀྱི་ངོས་གང་དང་། ཟུར་ཅི་ལའང་དཔེ་དེབ་ཀློག་པའི་ཚ་རླབས་ཤིག་འཕྱུར་གྱི་མི་འདུག་པས། ངོ་མ་ང་ཚོ་ནི་དཔེ་ཆ་ལ་མི་དགའ་བའི་མི་རིགས་ཤིག་རེད་ཨང་སྙམ། གང་ལྟར་རྒྱལ་ཁབ་ཀྱི་ཡིག་རྨོངས་སེལ་བའི་དམིགས་ཡུལ་དང་། མི་ཚང་མས་ཡི་གེ་ཤེས་པའི་དགོས་པ་ནི་དཔེ་ཐོག་གི་ཤེས་བྱ་མང་པོར་ལྟ་ཀློག་དང་། སློབ་སྦྱོང་བྱས་ནས་རང་གི་བསམ་བློའི་གོ་རྟོགས་གོང་མཐོར་གཏོང་རྒྱུའི་ཆེད་དུ་ཡིན་པས། དཔེ་དེབ་མ་ཀློག་ན་སྔར་བཞིན་ཡིག་རྨོངས་པ་ཡིན་པ་ལས། བྱང་ཚད་ལྡན་པའི་སྤྱི་དམངས་སམ་མི་རིགས་ཤིག་རྩ་བ་ནས་མ་ཡིན། དེར་བརྟེན་རང་གི་མཐོང་ཐོས་ལ་བརྟེན་ནས་དཔེ་དེབ་ལྟ་ཀློག་ཐད་ཀྱི་སྐད་ཆ་ཁ་ཤས་ཟིན་བྲིས་སུ་ཕབ་པར་འདོད།
དང་པོ། སྤྱི་ཚོགས་ཐོག་གི་མཐོང་ཐོས།
ལས་ཁུངས་ཀྱི་འཆར་གཞི་དང་། ལས་ཀའི་ཕྱོགས་བསྡོམས། སློབ་སྦྱོང་སྣ་ཚོགས་བྱས་པའི་མྱོང་ཚོར་རམ་ཉམས་མྱོང་། གོང་རིམ་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པའི་ཟིན་ཐོ་སོགས། ཚང་མ་ཕར་བཤུ་ཚུར་བཤུ་དང་། དྲ་ཐོག་ནས་ཕབ་ལེན་སོགས་མིག་མདུན་གྱི་ཁུངས་འཁྱོལ་ཐབས་ཁོ་ནའི། བྱེད་སྟངས་དེས་ལས་བྱེད་པའི་དཔེ་དེབ་བལྟ་ཀློག་གི་བྱད་ཚད་ཧ་གོ་ཤིང་། དགེ་རྒན་གྱིས་ཁྲིད་ཟིན་ཐོག་དཔྱད་གཞི་བཤུ་འབྲི་དང་། དཔྱད་རྩོམ་ཕབ་ལེན་སོགས་ཕྲལ་མངོན་སླ་བཅོས་བྱ་བའི་བྱེད་སྟངས་དེས་དགེ་རྒན་གྱི་དཔེ་ཀློག་གནས་ཚུལ་ཤེས་ཐུབ། ཞིང་འབྲོག་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཡང་དག་ཀྱི་སྲིད་ཇུས་སོགས་མི་ཤེས་པར། ཚང་མ་ལྐུགས་པ་ཨུ་ཚུགས་ཁོ་ནས་འཚོ་བ་བསྐྱལ་སྟངས་འདིས་ཁོ་ཚོའི་བལྟ་ཀློག་གི་གནས་ཚུལ་ཡང་བལྟས་པ་ཙམ་གྱི་ཧ་གོ་མཐོང་གསལ་རེད།
མདོར་ན་ལས་བྱེད་པས་མྱོང་ཚོར་ཤོ་ལོ་གཅིག་གཉིས་འབྲི་མི་ཤེས་པ་དང་། དགེ་རྒན་གྱིས་ཁྲིད་ཟིན་ཡག་པོ་ཞིག་རྒྱག་མི་ཤེས་པ། ཞིང་འབྲོག་པས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡང་མི་ཤེས་པ་སོགས་ཚང་མ། བལྟ་ཀློག་མ་བྱས་པའི་འཇུག་འབྲས་རེད་ཅེས་བཤད་ན་མ་འགྲིག་པ་མེད། བལྟ་ཀློག་གིས་རྩོམ་ཡིག་འབྲི་བའི་བྱང་ཚད་དང་། སྐད་ཆ་ཤོད་པའི་ནུས་པ། ཤེས་བྱ་སྣ་ཚོགས་བློ་ངོར་འཆར་ཐུབ་པའི་ནུས་པ་མང་པོ་མཁོ་སྤྲོད་ཐུབ་པ་ནི། གནའ་དེང་གི་དཔེ་དེབ་མང་པོའི་ནང་གསལ་པོ་གསུངས་འདུག་པ་མ་ཟད། ང་རང་ཉིད་ཀྱི་དཔེ་ཀློག་གནས་ཚུལ་ལས་ཀྱང་ར་སྤྲོད་གསལ་པོ་བྱུང་། གོང་གསལ་གནས་ཚུལ་དེ་དག་ལ་རྒྱུ་རྐྱེན་མང་པོ་གླེང་རྒྱུ་ཡོད་མོད་ངས་བྱས་ན་གཙོ་བོ་ནི་དཔེ་ དེབ་ལྟ་ཀློག་མ་བྱས་པའི་རྐྱེན་གྱིས་ཡིན་པར་འདོད།
གཉིས་པ། དཔེ་ཁང་ནང་གི་མཐོང་ཐོས།
ང་རང་རྒྱུན་དུ་དཔེ་ཁང་ནང་འགྲོ་རྒྱུ་དེ་གོམས་གཤིས་སུ་གྱུར་ཟིན་པ་དང་། དཔེ་ཆ་གསར་པ་རེ་མཐོང་ན། ལེགས་པས་རང་ལ་ཟད་མཐའ་མེད་པའི་སེམས་ཀྱི་རྒྱགས་ཕྱེ་རེ་སྦྱིན་ཐུབ་པ་དང་། འབྲིང་གིས་རང་ལ་རྩོམ་ཡིག་འབྲི་བའི་སྐུལ་མ་དང་ཐབས་ཤེས་རེ་བསྟན་ཐུབ་ཅིང་། མ་མཐར་ཡང་རྩོམ་པ་པོའི་རྔུལ་ཁྲག་ཆུད་ ཟོས་སུ་མ་བཏང་བར། མགོ་མཇུག་ཚང་བའི་བལྟ་ཀློག་རེ་བྱེད་ཆེད་རིན་གོང་སྒོར་རྡོག་བཅུ་གྲངས་ལ་མི་འཛེམས་པར། ཉོ་རྒྱུ་དེ་ངའི་ཡི་གེ་ཤེས་པའི་དོར་མེད་ཀྱི་འགན་འཁྲི་ཞིག་ལ་བརྩི་བཞིན་ཡོད།
དཔེ་ཁང་ནང་ཕེབས་མཁན་ཕལ་ཆེ་བ་ནི། ཕྲུ་གུའི་ཡིག་རྒྱུགས་ལ་དམིགས་པའི་བསྐྱར་སྦྱོང་སྣ་ཚོགས་གཟིགས་མཁན་ཡིན་པ་དང་། དེ་དག་ལའང་རིན་གོང་མཐོ་བའི་དབུགས་རིང་འདོན་མཁན་ཉུང་ཉུང་མ་རེད།
དེ་ནས་གྲྭ་པ་དང་ཨ་ནི་ལགས་ཡིན་ཅིང་། ཁོང་རྣམས་པས་དཔེ་ཆ་ཉོ་སྐབས་རང་རང་གི་སྒྲུབ་མཐའ་དང་། བླ་མའི་བཀའ་སློབ་བཞིན་ཆོས་ཕྱོགས་ཀྱི་དཔེ་རྩ་ཆེན་ཁ་ཤས་
གཟིགས་པ་ལས། བསམ་བློ་གསར་པའི་དཔེ་ཚོགས་དང་། གནད་ལུགས་ཀྱི་ཕྱུག་པའི་འཇིག་རྟེན་པའི་གནད་དོན་གླེང་བའི་དཔེ་ཆ་ག་ལ་ཉོ། དེ་ནས་ཡང་མི་རེ་ཟུང་ཡོད་པ་དེ་དག་ཕལ་ཆེར་སློབ་གྲྭའི་དགེ་རྒན་དང་།དཔེ་དེབ་ལ་ཅུང་ཟད་བལྟ་མཁན་དེའདྲ་ཡིན་པར་རློམ་ཀྱང་། མིང་གྲགས་ཅན་གྱི་མཁས་པ་དང་། གོ་མྱོང་ཡོད་པའི་རྩོམ་པོ་རེ་ཟུང་གི་དཔེ་དེབ་ཁོ་ནར་བལྟ་བ་ལས། གཞན་རྣམས་ལ་དོ་སྣང་དེ་ཙམ་མི་བྱེད། དེ་བས་དཔེ་དེབ་གཟིགས་རྒྱུ་དེ་ཕལ་ཆེར་གོང་ཚད་མཐོ་དྲག་འདུག་སྙམ་པའི་བསམ་རྒྱ་ལས་མི་ཐར་བར། རིན་གོང་བྲིས་པའི་བརྒྱབ་ཤོག་ལ་བལྟ་གིན་དུ་དཔེ་ཁང་ལས་ཐོན་འགྲོ་གི་འདུག
ད་དུང་མི་རེ་ཟུང་ཡོད་པ་ནི་རྩོམ་པ་པོ་ཡིན་སྲིད་ཅིང་ཁོ་ཚོའི་ངོ་གདོང་ལས། རང་ཉིད་ཀྱིས་ལོ་མང་བསམ་གཞིགས་དང་སྨྱུག་རྩེ་འགུལ་ནས་བྲིས་པའི་སྐད་ཆའི་ མར་ཁུ་རེ་རེ། ཀློག་པ་པོའི་མིག་ཟུང་ལས་སྣང་མེད་དུ་དོར་བ་མཐོང་དུས། ཡིད་ཆད་ཀྱི་དབུགས་རིང་ནར་ནར་དུ་འཐེན་བཞིན་དཔེ་ཁང་ལས། རང་ཁྱིམ་གྱི་ཕྱོགས་སུ་དལ་བུས་ལོག་འགྲོ་གིན་འདུག གསན་དང་ཀློག་པོ་ལགས། ཤོ་སྦག་རྒྱན་འགྱེད་ཀྱི་རྭ་བ་ན། ཐོབ་ཤོར་སྟོང་ཕྲག་ལ་མགོ་མི་སྒུར་བའི་དཔའ་བོ་ཚོ། ཆང་རག་ཆགས་སྤྱོད་ཀྱི་གཡུལ་ས་ན་སྟོང་ཕོད་ཁོག་ཡངས་ཀྱི་རླབས་ཆེན་ཚོས། དཔེ་ཁང་ནང་སྐད་ཆའི་ལང་འཚོ་འཚར་བའི་བང་མཛོད་རེ་རེ་ལ། སྒོར་ཉི་ཤུ་སུམ་ཅུའི་རིན་ཡང་སྤྲོད་ནུས་ཀྱི་མི་གོང་གསལ་གནས་ཚུལ་དེ་དག་ལ་གཞིགས་ན། ང་ཚོའི་དཔེ་ཀློག་གི་གནས་ ཚུལ་ངོ་མ་ནི། ཡིག་རྒྱུགས་ལ་དམིགས་པའི་སློབ་མ་དང་། དགེ་རྒན་རེ་ཟུང་།ཆོས་ལུགས་ལ་སྦྱོང་བའི་གྲྭ་བཙུན་ཁ་ཤས་ལས། དོན་དངོས་སུ་མེས་རྒྱལ་དང་མི་རིགས་ཀྱི་དོན་དུ་དང་། ལས་ཁུངས་དང་ལས་དོན་གྱི་ཆེད་དུ་དཔེ་དེབ་ལ་བལྟ་མཁན་མེད་ལ། ཚོང་པ་དང་ཁེ་ལས་པ། ཞིང་པ་དང་འབྲོག་པ་ཚོས་ཞིང་ལས་ཀྱི་བསྐོར་དང་། ཕྲུགས་གསོ་ཚགས་ཀྱི་བསྐོར། ཚོང་རྒྱག་སྟངས་དང་ཁེ་ལས་གཉེར་སྟངས་སོགས་འཐུས་སྒོ་ཚང་
བའི། དཔེ་ཐོག་གི་ཤེས་བྱ་དེ་དག་ཀློག་གི་མེད་པ་དེ་བས་ཀྱང་ཧ་གོ་བ་མིན་ནམ། མ་ཟད་རྒྱལ་ཁབ་ཀྱི་ཡང་དག་པའི་རྩ་ཁྲིམས་དེ་དག་ཀྱང་བལྟ་གི་མེད་པ་རེད། དེ་ལྟར་ང་ཚོ་བོད་རིགས་ཀྱི་བསམ་བློའི་གོ་རྟོགས་རྗེས་ལུས་ཡིན་པའི་གྲུབ་བྱེད་མང་པོ་ཤོད་དགོས་དོན་མེད། གཙོ་བོ་དཔེ་དེབ་མ་ཀློག་པས་གནད་ལུགས་མང་པོ་ཞིག་རྩོམ་པ་པོས་
ཡིག་ཐོག་ནས་གསལ་བཤད་དང་། ངོ་སྤྲོད་གསལ་པོ་བྱས་ཡོད་རུང་དཔེ་དེབ་མ་ཀློག་པའི་མི་རིགས་ཤིག་ལ། གནད་ལུགས་ཀྱི་བམ་པོ་རི་ ལྟར་རྩིག་ཀྱང་དགོས་པ་གང་ཡང་མེད་དོ།
གསུམ་པ། རྩོམ་ཡིག་ནི་གནད་ལུགས་ཀྱི་བང་མཛོད་རེད།
རྩོམ་པ་པོ་ནི་དུས་རབས་ཀྱི་མགྲིན་ཚབ་པ་ཡིན་ཞེས་པ་ལྟར། འཚོ་བའི་ནང་གི་ལེགས་ཉེས་དང་། དུས་རབས་ཀྱི་འགྲོ་ཕྱོགས། སྤྱི་ཚོགས་ཀྱི་འཕོ་འགྱུར།རྒྱལ་ཕྱི་རྒྱལ་ནང་གི་འཕེལ་རིམ། མེས་རྒྱལ་གྱི་གནས་བབ།མི་རིགས་ཀྱི་ལས་དབང་སོགས་ཚང་མ་ཡིག་ཐོག་ནས་གླེང་གི་ཡོད་པས། རྩོམ་ཡིག་ནི་ངོ་མ་འཚོ་བའི་མཚོན་ཚུལ་ཅི་ལ་མིན། དཔེ་དེབ་མང་པོ་ཞིག་གིས་གནད་ལུགས་རྒྱུ་མཚན་མང་པོ་གསལ་བཤད་བྱས་ནས། ཀློག་པ་པོའི་གོ་རྟོགས་མཐོ་རུ་འགྲོ་ཐབས་བྱས་ཡོད་པ་དང་། དཔེ་དེབ་མང་པོ་ཞིག་གིས་སྤྱི་ཚོགས་ཀྱི་སྐྱོན་ཡོན་ལ་དབྱེ་ཞིབ་དང་། ཐབས་ཤེས་བཟང་པོ་རེ་རེ་ངོ་སྤྲོད་བྱས་ནས། འཕྱིས་འབྱུང་གི་མདུན་ལམ་ཡག་པོ་ཞིག་བསྟན་ནས་ཡོད།མདོར་ན་དཔེ་དེབ་ནི་རྩོམ་ཡིག་ལས་གྲུབ་པ་དང་། རྩོམ་ཡིག་ནི་གནད་ལུགས་ཀྱི་བང་མཛོད་དང་འདྲ། ང་ཚོ་དཔེ་དེབ་ལ་མི་དགའ་བ་དེས། ང་ཚོ་ལ་གནད་ ལུགས་ཀྱི་གཞུང་ལུགས་མེད་པ་དང་། གནད་ལུགས་ཀྱི་གོ་ཆ་མེད་པས་རྒྱུ་མཚན་དང་། ལས་དོན་གང་ཞིག་སྤྱི་ཚོགས་ཀྱི་འགྲོ་ལུགས་ལྟར། ལེགས་གྲུབ་ལྡན་ཞིག་སྒྲུབ་མི་ཐུབ། དེ་ལྟར་སྒྲུབ་མ་ཐུབ་པས་
ང་ཚོ་སྔར་བཞིན་རྗེས་སུ་ལུས།
བཞི་པ། དཔེ་དེབ་ཀློག་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་ལས་འགན་ཡིན།
དཔེ་དེབ་མ་ཀློག་པའི་གྱོང་གུན་མང་པོ་ཞིག་གོང་དུ་བཤད་ཟིན་ཀྱང་། ང་ཚོས་ཇི་ལྟར་བྱས་ཏེ་དཔེ་དེབ་ཀློག་དགོས་མིན་དེ། ད་དུང་ཡང་གསལ་པོ་ཞིག་ཆགས་ ཐུབ་མེད། དེས་ན་ང་ཚོས་མི་རིགས་གཞན་གྱི་དཔེ་དེབ་ཀློག་པའི་གནས་ཚུལ་ཁ་ ཤས་དཔེ་རུ་དྲངས་པ་ཡིན་ན། ང་ཚོ་དང་འདྲེས་འདྲིས་ཆེ་ཆོས་ནི་རྒྱ་མི་རིགས་ཡིན་པ་དང་། ཁོ་ཚོའི་དཔེ་ཀློག་གི་གོམས་གཤིས་ནི་ངོ་མ་ཡག་པོ་ཞིག་ཡོད་པ་སྟེ། ལྷམ་འཚེམ་རྒྱུ་མེད་པའི་བར་གསེང་དང་། རླངས་འཁོར་ཁ་བཀག་པའི་དུས་ཚོད་ཕྲན་བུ། ཚལ་ཉོ་མི་མེད་པའི་བར་གསེང་ཅུང་ཟད་སོགས་ལའང་ཚགས་པར་དང་། དཔེ་དེབ་བལྟ་ཀློག་བྱེད་ཀྱི་འདུག དེ་ལྟར་བྱས་པའི་རྐྱེན་གྱིས་ཁོ་ཚོའི་གོ་རྟོགས་མཐོ་བ་དང་། ལས་ཁུངས་ནང་གི་དབུ་ཁྲིད་དང་། ལས་རིགས་ཁག་གི་གཙོ་ཤུགས། འཛུགས་སྐྲུན་ཚོགས་པའི་ཚོགས་གཙོ་དང་། ཚོང་ལས་ཐོག་གི་ ལེགས་གྲུབ་པ་མང་པོ་ཞིག་བྱུང་བ་རེད། མ་ཟད་ཞིང་པ་ཚོས་ཀྱང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པར། ཁེ་འབབ་ཡོད་པའི་ལས་པ་མང་པོ་ཞིག་བྱེད་ཤེས་ཀྱི་འདུག དེ་དག་ནི་ཁོ་ཚོས་དཔེ་དེབ་ཀློག་པས་ཤེས་ཡོན་གྱིས་འཇོན་ཐང་བསྐྱེད་བསྲིང་ཐུབ་པ་ལས། དམིགས་བསལ་དབང་ཆ་སྤྲད་ནས་གང་བྱུང་བྱས་པ་ཞིག་མིན་པས། ང་ཚོས་མ་འཇོན་ན་ཁ་རོག་སྡུག་རྒྱུ་ལས་ཅི་ཡང་ཤོད་ས་མེད།
དེར་བརྟེན་ང་ཚོས་ད་ནས་བཟུང་། ཞིང་པ་དང་འབྲོག་པ། ལས་བྱེད་དང་ཚོང་པ་སོགས་དབྱེ་བ་མེད་པར། ཡེ་གེ་ཤེས་མཁན་ཚང་མས་དུས་ཚོད་ཀྱི་ཁོམ་པ་མང་པོ་སྟོང་ཟད་མ་བཏང་བ་དང་། དཔེ་དེབ་གྱི་རིན་འབབ་ཅུང་ཟད་ལ་མ་ གཡོལ་བར། དཔེ་དེབ་ཉོས་ནས་བལྟ་ཀློག་བྱ་རྒྱུ་ནི། རྒྱལ་ཁབ་ཀྱི་ཡིག་རྨོངས་ སེལ་བ་ཆུད་ཟོས་སུ་མི་འགྲོ་བ་དང་། མི་རིགས་ཀྱི་འཕེལ་རྒྱས་དང་མདུན་ལམ་དེ་ དུས་རབས་ཀྱི་རྗེས་སུ་མ་ལུས་པར། མི་རིགས་གཞན་ལྟར་རང་སྐྱ་འཕེར་བ་ཞིག་ཡོང་ཆེད། དཔེ་དེབ་ཀློག་རྒྱུ་ནི་དོར་ཐབས་མེད་པའི་བླ་མེད་ཀྱི་འགན་འཁྲི་ཞིག་ ཡིན་པ་ཤེས་དགོས་སོ།
རྩོམ་ཁུངས། ངེད་དྲ་བ།