མདོ་མེད་རྩྭ་གཟུགས་ཀྱི་མི་དེ་དག
དེ་རིང་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་སྐབས་བཞི་བའི་རྟིང་རྩོད་འགྲན་བསྡུར་གྱི་ཟེ་སྡེར་བརྒྱུད་དེ། ངས་རང་རེའི་རྡུང་ལེན་པར་ཁས་འཆེས་པའི་སྐྲ་ལོ་རིང་བོ་ཅན་དང་མཆུ་སྒྲོས་ཚོས་ཁ་ཅན་གྱི་གླུ་བ་གླུ་མ་དག་ནི་མདོ་མེད་རྩྭ་གཟུགས་ཀྱི་རྩམ་གཟན་རྐྱང་བ་ཡིན་པ་རྟོགས་སོང་།
གངས་ཅན་རྒྱལ་བ་ཡབ་སྲས་དང་མཁས་པ་མི་གསུམ་གྱི་མཚན་མིང་ཙམ་ཡང་འདྲེན་མི་ནུས་པའི་ཁོང་ཅག་ནི། ནང་བཅུད་རིག་གནས་ཀྱིས་མ་ཕོངས་པའི་མི་རིགས་ཤིག་གི་མགྲིན་ཚབ་ཏུ་ལངས་ཏེ།དུས་རབས་གསར་བའི་རོལ་མོའི་གར་སྟེགས་ཀྱི་སྒང་ནས་ཧ་ཧ་ཧོ་ཧོའི་ཆོ་ངེ་ཚོད་མེད་དུ་སྒྲོགས་པར་གུས་པོ་ཞེ་བློ་གཏིང་ནས་མ་མགུ།ད་བར་དུ་གངས་རི་དང་རྩྭ་ཐང་། མི་རིགས་ཀྱི་ལ་རྒྱ་དང་མི་རབས་ཀྱི་དར་རྒུད་ཅི་ལྟར་ངག་ལ་གྱེར་ནས་དབྱངས་སུ་བཀུགས་པ་རེད་ལགས། ཟང་ཟིང་ཁྲོམ་ལ་ཐོན་དུས་ཧ་ཅང་སྒམ་པོའམ་རབ་ཏུ་གྲུང་བོ་ཡིན་མདོག་གིས། བསྟན་པའི་ཆོས་ཀྱི་སྙིང་དོན་ཟབ་ཚུལ་དང་བོད་ཀྱི་རིག་གནས་རིན་བྲལ་ཡིན་རབས་བླངས་ནས་མི་ཚོགས་ཀྱི་མགོ་རྨོངས་པར་བྱས། ཏག་ཏག་གལ་ལ་ཐུག་ཏེ་གནད་དང་འཕྲད་དུས། རང་གི་ལག་ཏུ་བཟུང་བའི་སྒྲ་སྙན་གྱི་དཀྲོལ་སྟངས་ཙམ་ཡང་བློ་ལ་ངེས་མེད་པ་ནི་ཤིན་ཏུ་ཁྲེལ་བའི་གནས་མིན་ནམ།
ཁ་ནས་སློབ་དཔོན་ཐོན་མི་བཀའ་དྲིན་ཆེ་ཚུལ་དང་སྔོན་བྱུང་རྒྱལ་རབས་དྲན་ཚུལ། པོ་ཏ་ལ་མཐོང་ན་མིག་ཆུ་འཆོར་ཚུལ། ཡར་ཀླུང་གི་རི་ཆུ་དྲན་ནས་རྨི་ལམ་འཁྲུགས་རབས་བཤད་མོད། དོན་དུ་སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་མཛད་སྐབས་དཀའ་བའི་རྔུལ་ཆུ་ཅི་ཙམ་བཏོན་པ་དང་། སྔོན་བྱུང་རྒྱལ་རབས་སྟོབས་དང་ལྡན་དུས་མཐའ་བཞིའི་མངའ་དབང་ཇི་ལྟར་བསྐྱངས་ཚུལ། པོ་ཏ་ལའི་ཡ་ཁོག་སྙིང་ལ་མདའ་གྲི་མདུང་གསུམ་གྱིས་ཅི་ཙམ་བསྣུན་པ་ཁྱོད་ཚོས་ཤེས་སམ། དེ་ནི་བདེ་མོ་ངག་ལ་གྱེར་ནས་སྐྱིད་པའི་གཞས་སུ་གཏོང་བའི་ལས་མིན་ནོ། ། དེ་ནི་ལོ་ཟླའི་མཇིང་ལ་བརྩེགས་པའི་སྡུག་བསྔལ་གྱི་ཕུང་བོ་གཏོས་ཆེ་བ་ཞིག་གོ །
ཡང་གཅིག་བཤད་ན། ད་ལྟའི་དཀྲོལ་ལེན་རྡུང་གསུམ་གྱི་རྣམ་འགྱུར་འུ་ཐུག་པ་དང་བསྐྱར་བཤུས་ཡང་བཤུས་བརྒྱབ་པའི་གླུ་ཚིག་དག་གི་བརྗོད་བྱས་མི་ཞིག་ལ་ཆགས་སྡང་སྐྱེད་པ་ཕར་ཟད། དེ་ལས་ལྡོག་སྟེ་གཏི་མུག་གི་ཁམས་སུ་ཤེད་ཀྱིས་འདྲུད་པར་བྱེད། རྡུང་ལེན་པ་ལ་ལར་ལྷན་སྐྱེས་ཀྱི་གྲེ་བ་བདེ་མོ་ཡོད་ཀྱང་སྲིད་མོད། ཁེངས་རློམ་དང་ང་རྒྱལ། བླུན་རྨོངས་ཀྱི་སྤྱོད་པ་གཟར་བོས་ལྷན་སྐྱེས་ཀྱི་མགྲིན་ངག་དེའང་ནེ་ཙོའི་སྨྲ་ལྕེ་རུ་བསྒྱུར་འདུག།
ང་དང་འཚོ་བའི་རུ་ཐག་ཨེན་ཙམ་ཉེ་བའི་གླུ་བ་ཚོ། ཁྱེད་ཅག་གིས་མི་ལ་སློབ་གསོ་གཏོང་བའི་ལས་དེ་ཅུང་ཙམ་ཕྱི་འགྱང་བྱས་ནས་རང་ལ་རྒྱགས་བྲོ་སྒྲིག་པའི་སྟ་གོན་སྔ་སྣུར་བྱོས། གལ་སྲིད་ད་དུང་སྣང་བ་སྐྱིད་པའི་གླུ་བླངས་ཏེ་རང་སེམས་བདེ་བའི་ཐབས་བཙལ་ན། ཁྱེད་ཚོའི་ལག་གི་སྒྲ་སྙན་ལ་མེ་གཡོག་གི་སྤྱོད་སྒོ་ཙམ་ཡང་མེད་པའི་དུས་ཤིག་ཐོན་པར་འདང་རྒྱག་གང་ཡང་མེད་དོ། །
སྣ་མང་གྲ་རྒྱས་ཆེ་བའི་འཛམ་གླིང་རོལ་མའི་སྡིངས་ཆ་ནས་བོད་ཀྱི་གླུ་བ་ཞིག་ལ་ཨག་རྒྱངས་ཐེངས་གཅིག་རྒྱག་པའི་སྐལ་བ་མ་རེག་པ་ནི། རང་རེའི་གླུ་བ་ཚོས་ཡིག་རྨོངས་པའི་སྤྱན་ཤེལ་བསྣབས་ཏེ་ད་བར་དུ་རང་གི་ངོ་གདོང་མ་མཐོང་བའི་སྐྱོན་རེད་ལ། སྒྱུ་རྩལ་སྒྱུ་རྩལ་དུ་མ་སེམས་པར་སྒྱུ་རྩལ་ངོམ་སོ་རུ་འདོད་པའི་ཕམ་ཁའང་རེད། ལས་དཀའ་འདིའི་རིགས་ལ་དགའ་བ་ཙམ་གྱིས་མི་ཆོག་པར་འགན་ཁུར་གྱི་འདུ་ཤེས་དང་གོང་བཀུར་ཀྱི་སྤྱོད་པ་ཤུགས་དྲགས་དགོས་ངེས་རེད། སྒྱུ་རྩལ་གྱིས་ཁྱོད་གཅིག་པུའི་ཚབ་མི་བྱེད་པར་མི་རིགས་ཤིག་གམ་དུས་རབས་གཅིག་གི་འཚོ་བ་དང་རིག་གནས་ཀྱི་སྣང་བརྙན་བརྗོད་ཀྱིན་ཡོད། དེ་བས་དེ་ལ་དང་དོད་དང་འབད་འབུངས་བླ་ལྷག་ཏུ་བགྱི་དགོས་སོ། །
༢༠༡༡ལོའི་ཟླ༡༢པའི་ཚེས༢༠ལ།
རྩོམ་ཁུངས། ངེད་དྲ་བ།