རྒྱང་རིང་གི་དྲན་པ།
ལོ་ཟླའི་ཆུ་བོ་ཆེན་པོ་འདི་སྐད་ཅིག་སྐད་ཅིག་གིས་མ་འོངས་པའི་རྒྱ་མཚོ་ཆེན་པོ་དེའི་ནང་དུ་བཞུར་དུས། དེ་རིང་དེ་རིང་ཟེར་བ་ནི་མི་འདོད་བཞིན་འདས་ཟིན་པའི་རྡོ་བ་སྐམ་པོ་རེ་རེར་གྱུར་འགྲོ་ཨང་། སྟོང་འདང་གང་རུང་གི་ཁྲོད་ནས་དུས་ཚོད་ཀྱི་བྲེལ་རྔམས་མཐོང་དུས། གྲམ་གཞུང་དུ་ལུས་ཏེ་ལོ་རྒྱུས་སུ་གྱུར་འགྲོ་གིན་པ་ནི་བྱམས་ལྡན་ཨ་མའི་གནག་སྣུམ་སྐྲ་ལོ་དང་རབ་དཀར་དུང་སོ་རེད།
དེ་རིང་ཉིན་རྒྱུན་ལྟར་ཡང་བསྐྱར་སྟོང་འདང་གང་ཞིག་གི་དབུ་རྩོམ་དུས། ཟླ་བའི་དྲོད་ཁོལ་དང་སྐར་མའི་ཁོག་འདར་མི་མཐོང་བའི་འཚང་ཁ་ཤིག་ཤིག་གི་གྲོང་ཁྱེར་འདིས་སྨུག་ནག་གི་ཁ་དོག་གྱོན་ནས་བདེ་བར་ངལ་གསོས་འདུག ནམ་རྒྱུན་ཁོར་ཡུག་འདི་ལྷིང་འཇགས་མཚོ་མོ་ལྟ་བུར་གྱུར་དུས། དྲན་པ་སྣ་ཚོགས་ནི་ད་གཟོད་རླབས་གཉེར་བཞིན་སིམ་སིམ་དུ་བརྡོལ་ཡོང་། སྐབས་རེར་གྲགས་ཅ་མང་བའི་ཕ་ཡུལ་གྱི་རི་ཆུ་དྲན་ཡོང་ལ། ལན་རེར་གསེར་ཆུས་བྲན་པའི་ནས་ཞིང་གི་རླབས་ཕྲེང་དྲན་ཡོང་། ད་དུང་མཐིང་མདོག་གི་ནམ་མཁའི་རྒྱ་ཁྱོན་དང ཤག་ཤག་གི་རྫ་ཆུ་བསིལ་མ ཅི་འདྲའི་བི་ཤྭ་ཀ་མའི་ཚོན་སྣ་ཟད་པར་བྱེད་པའི་མཚར་སྡུག་གི་ཡུལ་ལྗོངས་ཏག་ཏག་ཨང་། དེ་དག་ལས་ཀྱང་རྒྱུན་པར་བུ་ཆུང་ང་ཡི་སེམས་ཀྱི་བདག་ཉིད་དང་ངག་གི་རོལ་མཚོ་རུ་གྱུར་བ་ནི་བདུད་རྩི་བཞིན་སྐྱུར་ཟུག་གི་རོ་བྲོ་སྟེར་ཞིང་ཨེམ་ཆི་བཞིན་སེམས་ནད་ལ་གསོ་བཅོས་གཏོང་བའི་ཡིད་འོང་གི་མ་ལོ་རེད། མ་གཞིར ཨ་མའི་བརྩེངས་པའི་དྲན་ཤིང་དེ་ཇོ་མོ་གླ་རི་ལས་ཀྱང་མཐོ་བོ་འདུག ཨ་མའི་གནངས་པའི་དྲོད་ཁོལ་དེ་ཁྲིན་ཏུའི་དབྱར་གཞུང་ལས་ཀྱང་ཚ་བོ་འདུག གྱེས་བྲལ་གྱི་སྟོན་ཁ་སླེབས་ཐེངས་རེར་སེམས་ཀྱི་ཁྲུང་ཁྲུང་དཀར་མོ་ཁྱུ་འདི་ཨ་མའི་ལྷོ་ཕྱོགས་སུ་གཤོག་རྡེབ་ཀྱིས་འཕུར་འགྲོ། ངུ་ངག་འདོན་བཞིན་འཕུར་འགྲོ། ལྷགས་རླུང་དང་བསྡོངས་ནས་འཕུར་འགྲོ། ངང་གིས་འཕུར་འགྲོ།
ཨ་མ། ཞིང་གྲོང་གི་ནས་འཁུར་བུ་མོ། ལས་ཀའི་ཁྲོད་ནས་ལང་ཚོ་ཟད་པའི་ཨ་ཅེ་ལྷ་མོ། ལྷན་སྐྱེས་ཀྱི་འཇོན་ཐང་ཤིག་གིས་ཁྱེད་ཀྱི་ལག་མཐིལ་ཙམ་གྱི་ངོ་གདོང་དེ་དཀར་ཞིང་སྒོར་ལ། ཚད་དང་རན་པའི་ནོར་བུ་དགའ་འཁྱིལ་གྱི་མཚན་གཞིར་འོས་པའི་སྣ་དེ་ཉིད་ཡིད་སེམས་འགུགས་པའི་ལྕགས་ཀྱུ་ཞིག་དང་ཅིས་མི་མཚུངས། སྐྱེས་གཟུགས་ཁབ་ཀྱི་རྩེ་མོ་བཞིན་ཕུལ་དུ་སོན་པ་ཞིག་མིན་ཀྱང་། དཀར་གནག་དབྱེ་བ་གསལ་བའི་མིག་འབྲས་ཀྱི་སྟེང་དུ་རི་གཟར་བྲག་ན་འབབ་པའི་རྦབ་ཆུ་བཞིན་གནག་སྣུམ་སྐྲ་ལོ་དེ་རྒྱབ་གཞུང་ན་འཕྱོ་བས་ཕོ་སྐྱེས་གང་མང་ཞིག་གི་ཟུར་མིག་མདའ་མོ་མི་ཕོག་རང་ཕོག་གིས་ཆེས་ཤིན་ཏུ་ལྕི་བར་རྨས་མྱོང་ཨང་། གང་ལྟར་འབྲོང་སྟག་འཐབ་པའི་རྩྭ་ཐང་དེ་རུ། འཁྲུག་རྩོད་ཅིག་གི་ཤུལ་དུ་ལུས་པའི་རྒྱལ་ཕམ་གྱི་བདེན་དཔང་ལྟ་བུའི་རྐྱང་རྒོད་ནི་ཁ་སང་གི་མག་པ། དེ་རིང་གི་ཨ་ཕ་ལགས་རེད། ཨ་ཕས་རང་གི་གོ་མཚོན་ལ་བརྟེན་ནས་ཕ་རོལ་སྐྱེས་པོའི་དཔུང་ཚོགས་ཕམ་པར་བརྒྱབ་པའམ་ཡང་ན་ལས་དབང་ལྟ་བུའི་ཨ་མྱེས་ཀྱི་ཕྱག་གི་བཀོད་སྒྲིག་བྱས་པ་གང་ལྟར་ཀྱང་། ད་ལྟ་ཨ་ཕ་ཁོ་ན་ནི་འཁྲུག་རྩོད་དེའི་ཤུལ་དུ་ལུས་པའི་རྒྱལ་ཕམ་གང་གི་བདེན་དཔང་ཉག་གཅིག་རེད། ཨ་མ ཁྱེད་ནི་ངེས་པ་དོན་གྱི་མེ་ཏོག་ནང་གི་སེར་ཆེན་དང་རྟ་ཡི་ནང་གི་རྐྱང་རྒོད་དེ་རེད། དེ་ནི་ཨ་མའི་དབྱངས་ཅན་མའི་འཁྲིལ་བག་ལྡན་པའི་སྒྱུ་མའི་སྐུ་ལུས་རྐྱང་བའི་སྟབས་ཀྱིས་མ་ཡིན་པར། ཨ་མར་འོ་ཞོ་བསྙལ་བ་ལྟ་བུའི་དཀར་ལྷང་ལྷིང་གི་བསམ་པ་ཞིག་ཡོད་པས་རེད། ཨ་མའི་གདོང་གི་འཛུམ་མདངས་དེ་ཆུ་འཁྱག་བཞིན་ཉེ་འཁོར་སྐྱེ་བོ་སྐོམ་གདུང་ཅན་སུས་འཐུང་ཡང་ཚར་རྒྱུ་མི་འདུག ངའི་རྣ་ལམ་དུ་མིག་བཙུམ་པ་ཙམ་གྱིས་དགོད་སྒྲ་དེ་འཁོར་ཡོང་། གསེང་ཤིན་ཏུ་མཐོ་བའི་དགོད་སྒྲ་དེ་ནི་མུ་ཏིག་སླང་ན་འཕྱོ་བ་ལྟར་འཇམ་མཉེན། སྙན་འཇེབས། ལྷང་ལྷིང་། གོར་ཀྱུག་གིས་མིའི་རྣ་ལམ་དུ་ལྷུང་ཡོང་བ་ཞིག་རེད། དེ་ནི་མི་སེམས་དང་ཐག་ཉེ་ཞིང་། བདེན་པ་དང་རྒྱབ་གཏུགས་ལ། རང་བྱུང་དང་བར་མི་ཤོད་པ་ཞིག་རེད།
ད་ལྟ་ཁྱེད་ཀྱི་དབྱར་ཁའི་ཚ་གདུག་གིས་ངའི་ལུས་པོ་སྦོས་ཏེ་སྨི་གཅིག་ཚེག་བདུན་ལ་ཐོན་འདུག བསམ་གཞིག་གི་ཁོར་རྒྱ་བསྐྱེད་ཅིང་འཚོ་བ་ལ་སྙིང་བོ་ལེན་པའི་དུས་ལ་ཐོན་འདུག ཁྱེད་ཀྱིས་ཁྱེད་ཀྱི་ལང་ཚོའི་དབྱར་གཞུང་གི་ཚ་དྲོད་ཡོད་ཚད་བུ་ཆུང་གི་བསིལ་གྲིབ་དུ་གཏོར་བས་ཁྱོད་ཀྱི་ཡུལ་ལྗོངས་དེ་མ་ཐག་དགུན་གཞུང་དུ་ལྷགས་ཤིང་ཁ་བའི་འདབ་མ་རེ་རེས་ཁྱེད་ཀྱི་སྐྲ་ལོ་སྣུམ་པོ་དཀར་བོར་བསྒྱུར། སིལ་བུར་གཏོར། ནམ་ཡང་ཁྱེད་ཀྱིས་ང་ཚོའི་ཆེད་དུ་ཁ་བཙུམ་ཡང་འུར་རྒྱག་གིན་འདུག ཉམས་ཆུང་ཡང་ཤུགས་འདོན་གྱིན་འདུག དཀར་གཙང་གི་ངོ་གདོང་ལ་ཟབ་གསལ་གྱི་གཉེར་རིས་ཕབ་སྟེ་གནའ་ཁང་ཞིག་ལྟར་རྒུད་དྲག་དུས་སུ་ཞིག་གི་ཁ་བའི་སེམས་པ་དེ་གཞུ་ནས་སྤྱན་ཆབ་དུ་མི་འཇོ་འམ། བྲང་ཁོག་གི་དྲོད་སྐྱིད་དང་བྲལ་ཏེ་རྒྱང་རིང་གི་ས་མཐའ་རུ་ལྷུང་དུས་སུ་ཞིག་གི་ཁྱེད་རང་དྲན་པའི་གདུང་བ་དེ་མཁའ་རུ་མི་འཕྱོ། བྲལ་གདུང་འདི་དཀའ་ཚེགས་མེད་པར་རང་བྱུང་གིས་དགུང་ལ་འཕྱོ་དུས་ཨ་མ་ནི་ཆེས་ཁ་ལྕེ་བདེ་བའི་ལྷད་མེད་ཀྱི་གནའ་གཏམ་མཁན་པོ་ཞིག་རེད། ནམ་རྒྱུན་ཀྱག་ཀྱོག་ཞན་པའི་ཞིང་གྲོང་གི་གཏམ་རྒྱུད་ཀྱིས་བྱིས་པའི་འཆར་ཡན་གྱི་འགུ་ཁ་མི་གང་དུས་ཨ་མས་མཚན་རེ་བཞིན་ཆགས་མེད་དུ་བདག་གི་རྣ་ལམ་དུ་གཏམ་རྒྱུད་མཚར་བོ་རེ་སྐྱོར་ཡོང་། དེ་ནི་བྱིས་དུས་ཀྱི་ཆེས་སྤྲོ་སྣང་ལྡན་པའི་གསོལ་སྟོན་ཞིག་ཅི་ལ་མིན། ངལ་དུབ་ཀྱིས་དཔེ་ཁུག་ཁུར་ཏེ་ཁྱིམ་ལ་ཐོན་དུས་ཨ་མས་སྔ་མོ་ནས་ལས་ཀའི་ཁྲོད་ནས་གནའ་གཏམ་རེ་གྲ་བསྒྲིགས་བྱས་ཡོད། མཚན་མོར་མགོ་བོ་སྔས་ལ་བཞག་ནས་ཨ་མའི་གནའ་གཏམ་ཐོག་མར་ཉན་ཚར་དུས་ནམ་གུང་ཡོལ་འདུག སང་ཉིན་ལས་ཀ་མང་ལ་ལྕི། ཡིན་ཡང་ངས་དབུགས་ཀྱི་རྒྱུ་བ་དང་ལྡན་པའི་གནའ་གཏམ་གསོན་པོ་དེ་དག་ལ་ད་རུང་ཉན་འདོད་ཀྱིས་ཞུ་བ་མི་བྱེད་ག་མེད་བྱུང་དུས། ཨ་མས་གཉིད་ཀྱི་རྟ་ཕོར་མ་ཞོན་དབར་ང་རང་ལ་གནའ་གཏམ་ལྷག་མ་དག་ཚེགས་མེད་དུ་བཤད་འགྲོ། ང་རང་ལ་ཉམས་མྱོང་ཞིག་ཐོབ་པ་ནི་གནའ་གཏམ་ཡོངས་སུ་ཉན་འདོད་ན་སྔོན་ནས་ཨ་མའི་མིག་བཙུམ་རྒྱུ་དེ་འགོག་དགོས་པར་འདུག དེ་བས་ངས་རྒྱུན་དུ་རིག་པ་ལྕགས་སྐུད་ལྟར་བསྒྲིམ་ནས་ཨ་མའི་སྐད་གདངས་ཇེ་དམའ་རུ་འགྲོ་དུས་ཤུགས་ཀྱིས་སྒུལ་སྒུལ་བཏང་བ་ཡིན། ཡིན་ཡང་ཨ་མའི་བཤད་ཚར་བའི་གནའ་གཏམ་གཉིས་པ་དེ་ངའི་དྲན་པའི་ཁྲོད་ན་ཤིན་ཏུ་ཉུང་། ཨ་མའི་སྟེང་ནས་ངས་ངལ་དུབ་དང་རྔུལ་ཆུ་དེ་གཉིད་ཀྱི་རྣམ་པས་ཕྱིར་ཟགས་ཀྱིན་པ་མཐོང་ཐུབ། སྐབས་དེར་ཨ་མ་ནི་ནམ་ཡང་སད་མི་སྲིད་པའི་ཏེན་མའི(丹麦)འཇིམ་བརྙན་གསོན་པོ་ཞིག་ཏུ་འཕོས་ཚར་ཡོད་ཨང་།
ཨ་མ་ནི་ངེད་ཚང་ལ་མཚོན་ན་སྐྱེས་མ་གཅིག་པུ་ཡིན། བཟའ་མི་ཉི་ཤུ་ལྷག་གི་ནང་དུ་ཨ་མ་གཅིག་པུས་འཁོར་བ་སྐྱོང་གིན་འདུག འཁོར་བ་ནི་སྡུག་གི་རང་བཞིན་ཅན་ཞིག་ཡིན་པ་དོན་གྱིས་ཨ་མ་ཁྱོད་ལས་སུ་ཞིག་གིས་ཟབ་པར་རྟོགས་ཡོད། ཨ་མས་ཐོ་རངས་སྐར་ཆེན་ཐོད་ལ་བཏེགས་ཏེ་མལ་ལས་ལྡང་ཞིང་ནམ་སྨད་ཟླ་བ་སྔས་སུ་བྱས་ནས་གཉིད་དུ་རོལ། ཨ་མ་ནམ་ཡང་སྨུག་ནག་ཁྲོད་ནས་ཆས་ཏེ་སྨུག་ནག་ཁྲོད་ན་གཟིམས། ཨ་མའི་ལག་པ་གཅིག་གིས་ཁང་ཁྱིམ་གན་ཚོ་རྩིག་པ་ལ་རྩིག་པ་བཞག་ནས་སླས་ཡོང་། ཀ་རྡོ་ལ་ཀ་བ་བཙུགས་ནས་བསླངས་ཡོང་། ད་ལྟ་ཁང་བ་དེ་དག་ལས་ཚོར་སྣང་ཡ་མཚན་ཞིག་དང་རོ་བྲོ་ཁྱད་མཚར་ཞིག་མྱོང་ནུས་པ་ནི། ས་རྡོ་དེ་དག་གི་གསེབ་ན་ཨ་མའི་ཁྲག་ཐིགས་ཀྱིས་སྦགས་པའི་བ་ཚྭའི་བྲོ་བ་ཅན་གྱི་རྔུལ་ཆུ་དག་ཟགས་ཡོད་པས་ཡིན་ནམ། ཡང་ན་རྔུབ་ཚད་འབྱིན་ཚད་ལས་དལ་དེ་སེམས་ལ་སྐྲག་སྣང་སློང་བའི་རབ་ཏུ་འཚང་བའི་དབུགས་དག་བར་སྟོང་འདིར་སིབ་སིབ་ཏུ་གཏོར་བས་ཡིན། ཨ་མས་ཁྱིམ་ཚང་འདིའི་རྒུད་པའི་སྣེ་མོ་དར་བའི་རྩེ་མོ་རུ་མཐུད་ཅིང་སྡུག་གི་མུན་པ་སྐྱིད་ཀྱི་འོད་སྣང་དུ་སྦྲན། ཨ་མ་ནི་རྣམ་ཀུན་ལས་ཀའི་ཁྲོད་ན་འདུར་རྒྱུགས་བྱེད་པའི་ཅང་ཤེས་ཤིག བཟའ་མང་ཁྲོད་ན་མ་གཅིག་པུས་ཟ་འཐུང་གཡོ་བསྐོལ། ཕྲུ་གུ་གཉོར་སྐྱོང་། ཁང་བ་གསར་ལས། ལུད་འཁུར། ཞིང་འབྲེག ཐག་འཐག ཡོས་བསྔོ། རྫི་བྱེད། ཤིང་འཐུ། ཁྱེད་ནི་ལས་ཀའི་རི་རབ་ཀྱིས་གཅིར་བའི་ཉམས་ཆུང་གི་སྤྲེའུ་ཞིག་རེད། ཁྱེད་ཀྱིས་འཁོར་བ་འདིའི་དོན་དུ་འགྱོད་གདུང་མེད་པར་རང་ཉིད་ཀྱི་ཡོད་ཚད་བསྟིམས། ལན་རེར་ངས་ཁྱེད་ལའང་ཕུགས་བསམ་ཡོད་མྱོང་ངམ། ཕུགས་བསམ་དེ་ནི་ཇི་འདྲ་ཞིག་ཡིན་སོགས་ལ་སྟོང་འདང་བརྒྱབ་མྱོང་། ཡིན་ཡང་དེ་དག་ནི་ད་ལྟ་མེ་ཡིས་འཚིག་པའི་ས་བོན་ལ་མྱུ་གུ་སྔོན་པོ་མི་སྐྱེ་བ་བཞིན་ནོ། ནམ་རྒྱུན་ཁྱེད་ཀྱི་ཚིགས་འཁྲོགས་པའི་ལག་པ་དེ་མཐོང་དུས་ངས་རང་ཉིད་སྐྱེས་མ་ཞིག་ཡིན་ན་བསམ་བྱུང་། ཁྱེད་ལ་ངལ་གསོ་ཐེངས་ཤིག་བརྒྱབ་ཏུ་བཅུག་ན་བསམ་བྱུང་། ད་ལྟ་སྙིང་ཉེ་བའི་མ་ཡུམ་ཁྱོད་ན་སོ་རྒས་འདུག ལོ་འདི་དག་གི་རིང་ལ་ངས་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་ལ་རོལ་མྱོང་བྱེད་ཀྱིན་ཡོད། དེ་ནི་པེ་ཏོ་ཧྥུན་གྱི་ལས་དབང་མཉམ་སྒྲོག་རོལ་དབྱངས་ལྟར་གདུང་བ་སྟེར་བའི་ལྗིད་ཏིག་ཏིག་གི་རོལ་དབྱངས་ཤིག་སྟེ་ཁྱེད་ཀྱིས་ངས་དེ་དུས་སློག་བརྩེགས་རལ་པོ་ཞིག་གོན་ཡོད་ལ། ཁྱེད་ཚོ་རུམ་དུ་བཟུང་ཞིང་རྒྱབ་དུ་འཁུར་བས་མཐར་སློག་རྩེག་གྱོང་བོ་ལའང་བསྐྱེད་ཆེན་པོ་བཏོད་དེ་མདུན་རྒྱབ་གཉིས་སུ་རབ་ཏུ་བརྒྱངས་འདུག་ཟེར། འདི་ནི་ཁྱེད་ཀྱི་སེམས་སྒྲ་རེད། ཆུ་ཕྲན་ཞིག་གི་མ་བཅོས་སེམས་ཀྱི་བཞུར་སྒྲ་རེད། ངས་འདི་ལས་ཁྱེད་ཀྱི་ཡོད་ཚད་རྟོགས་འོང་།
ཁ་པར་ལས་ཨ་མ་ལ་ཁ་བརྡ་བྱེད་པ་ནི་ཆེས་སྟབས་བདེ་ཞིག་ཡིན། ཁ་པར་ལས་ཁྱེད་ཀྱིས་ཨ་མའི་ནམ་རྒྱུན་གྱི་རྦབ་ཆུ་བཞིན་བྲུགས་ནས་ཡོངས་པའི་བཤད་ཤོམ་དེ་མཐོང་མི་ཐུབ། སྒྲ་ལེན་འཕྲུལ་ཆས་ལས་བསྐྱར་གཏོང་བྱེད་པ་བཞིན་གྱི་ཚིག་འདི་ལྟ་བུ་མ་ཡིན་པའི། “ལུས་པོ་བདེ་ཐང་ཨེ་ཡིན། ཟ་མ་དུས་ལྟར་ལ་ཟ་གིན་ཨེ་ཡོད། ནད་མ་བྱུང་ངམ། འགྲོ་དུས་སེམས་ཆུང་བྱོས”སོགས། འདི་ནི་ཨ་མའི་སེམས་ཀྱིས་ཡུན་རིང་ལ་བསྙལ་བའི་ཕབ་རྩི་དང་སྦང་མ་དོར་ཤུལ་གྱི་ཆང་གི་དྭངས་མ་རེད། དད་སེམས་རྩེ་གཅིག་གིས་ངག་ཏུ་ཡང་ཡང་བགྲང་གིན་པའི་ཁ་བཏོན་རེད། ཆེས་ཚིག་རྒྱན་གྱིས་ཞན་པའི་མིང་ཚིག་འདི་དག་གིས་ཁྱེད་ཀྱི་འཇིག་རྟེན་རྣམ་པ་དྲུག་ཏུ་གཡོ་བར་བྱེད་ངེས། དབུས་མཐོ་ལ་མཐའ་དམའ་བ། ཤར་མཐོ་ལ་ནུབ་དམའ་བ……
འཇིག་རྟེན་འདི་ན་ཆེས་དཀོན་པ་ཨ་མ་ལས་ཨུ་དུམ་ཝ་ར་ག་ལ་ཡིན། ཆེས་ཉུང་བའང་དེ་བཞིན་རེད། ཨ་མ་མང་བའི་འཇིག་རྟེན་ནི་ད་གཟོད་དག་ཞིང་རེད། ད་ལྟ་བརྙན་འཕྲིན་ལས་གླིང་གི་ཕྱོགས་སོ་སོར་འཁྲུག་རྩོད་བྱེད་ཀྱིན་པ་མཐོང་ཐུབ། མི་མང་ན་ཟུག་གིས་གཟིར་གྱིན་པ་མཐོང་ཐུབ། སློབ་གསོ་བ་དང་བསམ་བློ་བ་དག་གིས་འཁྲུག་རྩོད་ལངས་པའི་འབྱུང་རྐྱེན་ལ་བློ་ཞིབ་མོས་དཔྱད་དུས་དོན་འདི་འབྱུང་བའི་རྩ་བ་ནི་ཁྱིམ་ཚང་རེད་ཟེར། མི་ཞིག་ལ་ཁྱིམ་ཚང་གི་དྲོད་ཁོལ་དེ་མ་འཛོམས་དུས་དེས་ད་གཟོད་འཁྲུག་རྩོད་སོགས་སྤྱི་ལ་གནོད་པའི་བྱ་ངན་བསྟར་ཡོང་ཟེར། ཁྱིམ་ཚང་གི་དྲོད་ཁོལ་ནི་ཚད་ངེས་ཅན་གྱི་སྟེང་ནས་བཤད་ན་མ་བུའི་དབར་གྱི་འབྲེལ་བ་མ་ཡིན་ནམ། ཆོས་ལུགས་ལས་མར་ཤེས་བ་ཞེས་བྱང་ཆུབ་སེམས་དཔའི་སྔོན་འགྲོ་ནི་གཞན་དག་རང་གི་མ་རུ་འཛིན་རྒྱུ་དེ་ཡིན་ཟེར། གཞན་དག་རང་གི་མ་རུ་བཟུང་དུས་རང་ཉིད་གཞན་གྱི་མ་རུ་གྱུར་སོང་ངམ། དེ་བས་ཁྱེད་ཀྱིས་ཆེས་གཏོང་མི་ཕོད་པ་དེ་གཏོང་ཕོད། ཆེས་འདོར་མི་ནུས་པ་དེ་འདོར་ནུས། ཁྱེད་ཀྱི་ལྷག་བསམ་དེའང་གསེར་མདོག་གིས་འཁུ་ཞིང་ཆུ་ཤེལ་ལྟར་དྭངས་ཡོང་། གལ་ཏེ་ཁྱེད་ལ་མ་ཡི་བརྩེ་བ་དེ་དང་གཏོང་ཕོད་ཀྱི་སྙིང་སྟོབས་དེ་མི་ལྡན་ན་ཁྱེད་ནི་བྱང་ཆུབ་སེམས་དཔའི་མཐོ་ཚད་དེ་ལས་ཅིག་ཅར་དུ་ལྟུང་འགྲོ་ཨང་། དེ་མིན་ནགས་ཚང་ཞི་ལུའི་སྐྱིད་སྡུག་ལྟ་བུའི་འཚོ་བའི་དངོས་བྲིས་ལས་ཀྱང་ཁྱེད་ཀྱིས་མ་ཡིས་བུའི་དོན་དུ་ཚེ་སྲོག་བཏང་བའི་བླ་མེད་ཀྱི་མཛད་པ་མང་བོ་མཐོང་ཐུབ། “ཁོག་སྨད་སྤྱང་ཚོགས་ཀྱིས་ཟས་ཚར་ལ་ཉེ་བའི་མ་དེས་དྲན་པ་རབ་རིབ་ཀྱི་ཁྲོད་ནས་ད་རུང་བུ་ཕྲུག་དེ་རུམ་དུ་བཅུག་ནས་བསྲུང་ཞིང་མཐའ་མར་ལམ་འགྲོ་བ་དག་ལ་གཏད་དེ་བསྐྱབ་པ……” ལྟ་བུ་ནི་མིག་མཐོང་ལག་ཟིན་གྱི་མ་ཡུམ་གྱིས་མི་སེམས་མིག་ཆུས་བརླན་ཚུལ་རེད། དག་ཞིང་ལག་པས་བསྐྲུན་ཚུལ་རེད། མ་ནི་དོན་གྱིས་འཇིག་རྟེན་གྱི་སྐྱོབ་དཔོན་དེ་མ་ཡིན་ནམ། འཁོར་བ་འདི་མ་ཡུམ་གྱི་རྨང་གཞིའི་སྟེང་ནས་འཁོར་ཞིང་། མ་ཡུམ་མེད་ཚེ་འཁོར་བ་འདི་རྒྱུག་ཆུ་ཆད་པའི་ཟོ་ཆུན་ལྟར་འཁོར་ཚར། འཚོ་བ་དང་བདེ་སྐྱིད་བསྐྲུན་ན་ཐོག་མར་མ་ཡུམ་གསོ་སྐྱོང་ནས་འགོ་རྩོམ་དགོས་ཨང་།
སྐབས་འདིར་ས་མཐའི་ཁང་མིག་དོག་པོ་ཞིག་ཏུ་ང་ལ་ཨ་མའི་སྐོར་གྱི་དྲན་པ་མང་བོ་དགུན་གྱི་བུ་ཡུག་བཞིན་འཚུབ་ཡོང་། མལ་གྲོགས་དག་གི་སྔུར་སྒྲ་དང་རྨི་ལམ་ལས་འཚུབ་ཡོང་། སྐད་ཅིག་གིས་འཚུབ་སྟེ་ཡུན་རིང་དུ་སྡོད་པའི་དྲན་སྣང་ཁྲོད་ཀྱི་ཨ་མས་དུས་འདིར་ང་ལ་སྐྱེལ་མ་བྱེད་ཀྱིན་འདུག དེ་ནི་རླངས་འཁོར་གྱི་འུར་སྒྲ་སྒྲོག་པའི་རྨ་ལྷོ་ཁུལ་ཐོག་གི་སྲང་གི་བཞི་མདོ་ཞིག་རེད། ཤར་ལ་མཆོངས་པའི་ཅང་ཤེས་ཀྱི་འགྱིང་ཉམས་གསོན་པོའི་ཉེ་གམ་ཞིག་རེད། ལག་ཏུ་ངའི་ལག་སྐྱོར་འདྲུད་སྒམ་བཟུང་བའི་ཨ་མས་སྟོད་དུ་ཚི་ལེན་དམར་བོ་ཞིག་མནབས་ནས་ང་ལ་སྐྱེལ་མ་བྱེད་ཀྱིན་འདུག གནམ་ངོ་ནི་རྒྱུན་མིན་དུ་བཙོག་ལ། ཕར་བལྟས་ན་ཁངས་ཆེན་འབབ་འདོད་ཀྱི་ངན་སེམས་འཆང་ཡོད་པ་འདྲ། ལམ་གྱི་འགྲམ་ངོགས་ནས་སིལ་འཚོང་རྒན་མོ་དག་གི་མགྲོན་འབོད་གཏོང་བའི་སྒྲ་དང་རླངས་འཁོར་གྱི་དུང་སྒྲ། མི་ཚོགས་ཀྱི་ལབ་གླེང་བྱེད་པའི་སྒྲ་སོགས་དུས་གཅིག་ཏུ་འུར་ཆིལ་ལེར་ང་ཚོ་ལ་ཕྱོགས་ཡོང་། ཡིན་ཡང་སྐབས་འདིར་ཁྱེད་ཀྱིས་གང་ཡང་ཐོས་མེད་ལ་ཅི་ཡང་མཐོང་མེད་དམ། ཁྱེད་ཀྱིས་འཛུམ་མདངས་མོག་པོ་ཞིག་སྟོབས་ཀྱིས་བསྡུས་ནས་ང་རང་ལ་ཡང་བསྐྱར་སྔོན་འདིར་བཤད་མ་ཐག་གི་སྐད་ཆ་དག་བསྐྱར་བཤད་བྱས། ཟ་མ་ཟོ། སྨན་འཐུང་སོགས། ངའི་ལག་པ་དེ་ཁྱེད་ཀྱིས་མི་འདོད་བཞིན་ཀབ་ཀོབ་ཏུ་གཏོང་དུས་རླངས་འཁོར་དུ་བུད་མ་ཐག་པའི་ངས་ཁྱེད་ཀྱི་མིག་ན་འཚེར་བའི་འོད་སྣང་དེ་མཐོང་བྱུང་། འོད་སྣང་ལས་ཁྱེད་ཀྱིས་སྔོ་དྲེག་ཆགས་པའི་ལག་པ་ཟུང་གིས་རང་གི་མིག་གཡས་གཡོན་གཉིས་ལ་ཕྱིས་ཕྱིས་རེ་བཏང་རྗེས་ཡང་བསྐྱར་ལག་པ་ཡ་གཅིག་ཐོད་ལ་བཙུགས་ཏེ་ངའི་རྗེས་སུ་མིག་ཟིམ་ཟིམ་དུ་བལྟ། དེ་དུས་ས་རྡུལ་སྤོང་བའི་ལམ་འགྲམ་ནས་རྡུལ་འཚུབ་ཅིག་ལངས་ཏེ་ཁྱེད་ཀྱི་དཀར་བོར་གྱུར་བའི་སྐྲ་ལོ་ཟད་པོ་རླུང་ལ་བསྐུར་བྱུང་ལ། གཞི་ནས་ངའི་མཐོང་ལམ་འང་མོག་པོར་གྱུར།།
༢༠༡༢ལོའི་ཟླ་ག་གེ་མོར་དམྱལ་ཁམས་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།