ཕུགས་བསམ།
ང་ཀོ་གྲུར་བསྡད་དེ་མཚོ་མོ་བརྒལ་གྱིན་ཡོད། བྱིས་པའི་སེམས་ཁམས་ལྟར་གར་འགྱུར་ལ་རྟག་བྱ་མེད་པའི་ནམ་མཁས་ཞལ་ངོ་ཡོངས་སུ་གནག་ནས་ཁམས་ཀྱིན་མི་འདུག ནམ་མཁའ་ན་སྤྲིན་པ་དང་དུད་སྨུག་གང་ཡིན་མི་ཤེས་པའི་པྲ་ཚག་དེ་ཚོ་ཞོགས་ལངས་འདུག་ལ། རྣག་ཁྲག་འདྲ་བའི་མཚོ་མོ་ལ་ཡང་སྔོ་བའི་ནང་དུ་ནག་ཞད་ཅིག་འདྲེས་ཤིང་ངོས་ཡོངས་སུ་ན་བུན་འདྲ་ལ་ཁུག་སྣ་དང་ཡང་མཚུངས་པ་ཞིག་གིས་གཡོགས་ཡོད་པས།ཀོ་གྲུ་བདེ་ལེགས་ངང་འཇུག་ངོགས་བདེ་བའི་རབ་ཁ་ལ་བསྐྱོད་པར་ཚད་བཀག་བྱེད་ཀྱིན་ཡོད།ཀོ་གྲུ་འགའ་རེ་ང་ཚོ་དང་ལྡོག་ནས་བསྐྱོད་ཅིང་། ཀོ་གྲུ་རེ་འགས་གདོལ་བ་བསྡུས་ཤིང་ གཏིང་རྡོ་ཆུ་རུ་འཕངས་ཏེ་ཁ་མལ་ན་བསྡད་འདུག ཕྱོགས་སྟོན་འཁོར་ལོ་ཡོད་པའི་མཉན་པ་ཁོ་ན་ད་གཟོད་སྔ་ས་ནས་མཚོ་མོ་བརྒལ་ཟིན། གློ་བུར་དུ་བར་སྣང་ནས་འཚེར་ལྷང་ལྷང་གི་རྟ་སྐད་ཅིག་གིས་འོད་ཀྱི་རལ་གྲི་བཞིན་མུན་པའི་ངོ་གདོང་ཡུག་གཅིག་ཏུ་གཏུབས་ཤིང་། སྐྱེ་འཆིའི་སྡུག་བསྔལ་གྱིས་བསླངས་པའི་ཙག་ཤེད་མ་བཟོད་པར་སྙིང་ཁར་ལག་སྙོབས་བྱེད་ཀྱིན་པའི་ཤ་དར་ཁྲག་དར་གྱི་ཕོ་གཞོན་ཞིག་གིས་འཕྲུལ་གྱི་རྟ་ལ་བཅིབས་ཏེ་གཉེན་ཉེ་ཚོའི་ཕྱིར་འབོད་གཏོང་བའི་ལག་པ་ཀེང་རུས་སུ་མཐོང་ཞིང་རིན་ཆེན་གྱིས་བརྩིགས་པའི་གསེར་ཁྲི་ཐལ་ཕུང་དུ་སེམས་ནས་བྲེལ་རྔམ་ཆེན་པོས་བྲོས་བྱོལ་བྱེད་ཅིང་ཕར་གའི་སྡོང་རྒན་སྐམ་པོ་དེའི་འོག་ནས་རླུང་གིས་འཁུར་བའི་སྐྲ་ལོ་ཆུ་མོའི་གཞུང་ལ་བསྐུར་ཏེ་དཀའ་བ་སྤྱད་བྱུང་། ཅུང་མ་འགོར་བར་ཆུ་མོས་མགྲོན་པོ་ལྟ་བུའི་སྐྲ་ལོ་དེ་དག་ང་ཚོའི་ཀོ་གྲུའི་ཉེ་འགྲམ་བར་སྐྱེལ་མ་བྱས་ཡོང་། གམ་གྱི་ཡུས་ཀོང་གིས་རྔུལ་ནག་ཤམ་ཤམ་གྱིས་སྤར་བའི་གཏོས་ཆེ་བའི་ས་འདོལ་གྱི་རི་བོ་དེའི་སྟེང་ན་སོ་ཁི་ར་ཐེས་རྒྱང་རིང་གི་གླིང་ཕྲན་ཞིག་ལ་གཟིགས་ཞོར་མིག་ལས་འཇིགས་དངངས་སྤུ་ཙམ་མེད་པའི་མདངས་ཤིག་ཕྱུངས་བཞིན་མདུན་གྱི་ཅོག་ཙེའི་སྟེང་གི་དུག་ཁུ་དེ་ཅི་མི་སྙམ་པར་རྔམ་འཐུང་བྱས། དོན་ལྔ་སྣོད་དྲུག་རུལ་ཆད་དུ་གྱུར་ཅིང་ལུས་ཀྱི་རྩ་ལམ་འགགས་ནས་བཟོད་དཀའ་བའི་ཟུག་གཟེར་ཆེན་པོ་ཞིག་བསླངས་སོང་ཡང་ཁོང་གི་སྤྱན་གྱིས་སྔར་ལྟར་རྒྱང་རིང་ལ་གཟིགས་ཏེ་གདོང་ཡོངས་བཅོས་མིན་གྱི་འཛུམ་གྱིས་འཁྱུད་འདུག
ཀོ་གྲུ་ནི་སྔར་ལྟར་མཐའ་ཡས་སྤང་ཐང་འགྲིམ་པའི་རླུང་བུ་བཞིན་མཚོ་མོའི་གཞུང་ན་ངེས་མེད་དུ་འཁྱམ་བསྐྱོད་བྱེད་ཀྱིན་ཡོད། གནམ་གཤིས་ཇི་ལྟར་རྩུབ་ལ་མཚོ་མོ་ཇི་ལྟར་རྙོགས་ཀྱང་ཀོ་གྲུའི་ཉེ་འཁོར་གྱི་ཐག་མི་རིང་ཞིང་གཏིང་མི་ཟབ་སའི་མཚོ་མོའི་ཁ་རུ་ཁའི་སྣང་བརྙན་དག་ང་ཚོས་རེས་གསལ་རེས་མུན་དང་ཅུང་རབ་རིབ་ཀྱིས་མཐོང་ཐུབ། གསེར་ཉ་འདི་ཤར་ཕྱོགས་སུ་བསྐྱོད། དངུལ་ཉ་འདི་བྱང་ཕྱོགས་སུ། ཉ་ཆེན་འདི……ཉ་ཆུང་འདི…… ཉེའུ་འདི …… ཡོད་ཚད་ངེས་ཤེས་ཆེན་པོས་རང་རང་གི་བསྙེགས་ཡུལ་གང་ལ་བསྐྱོད་པ་དང་འདྲ། ངས་སྐབས་ཤིག་ལ་ལག་ཟུང་ཀོ་གྲུ་ལས་ཐུར་དུ་བསྣར་ཏེ་ཆུར་བསྒྲེས་པ་ན། དེ་ཚོས་ལྕགས་ཀྱུའི་སྟེང་གི་མར་མཐོང་བ་བཞིན་དེ་མ་ཐག་རང་གི་དེ་སྔའི་ཁ་ཕྱོགས་བསྒྱུར་ནས་ངའི་ལག་པའི་གམ་དུ་བྲེལ་སྟབས་ཀྱིས་རྒྱུགས་ཡོང་། ངས་ད་སོ་མའི་དཀྱོག་འཁོར་བྱས་ནས་ཐོན་པའི་ཉ་དེ་དག་གི་མུག་མུག་བྱེད་པའི་ཁ་རུ་སྣབས་ལུད་ཅིག་ཁྱོད་ཚོར་དགོས་ན་གན་ཞེས་ཡིད་ཚིམས་པར་འཕངས། ད་དུང་ཁ་གདངས་ནས་སུ་ཞིག་གིས་རང་ཉིད་ལ་དེ་ལྟ་བུའི་གནང་སྦྱིན་ཞིག་བྱེད་པར་རེ་སྒུག་བྱས། ངོ་མ་གནང་སྦྱིན་བྱས་བྱུང་། དེ་ནི་མི་ལ་རས་པ་རེད། ཁོས་རྡོ་ཁང་ཞིག་ན་སྒོམ་རྒྱག་བཞིན་པའི་སྒང་རེད། “སྐྱིད་རེ་སྡུག་རེ།ལ་རེ་ཐུར་རེ།”ཡིན་ནའང་ཐུར་ལམ་ཏག་ཏག་དང་སྡུག་བསྔལ་རྐྱང་རྐྱང་ཁྲོད་ནས་བདེ་བ་རེག་པ་དེ་སུ་རེད། ཁོ་ཆུ་བའི་ཕར་འགྲམ་གྱི་ལུང་ཀོག་ཅིག་ནས་རེད། ཁོ་ཐོས་པ་དགའ་ཡིན་པས་ནང་མིའི་འགལ་རྩོད་ཅིག་ལས་སྡིག་ལས་ཀྱི་མི་མགོ་སོ་ལྔ་རྒྱབ་དུ་འཁུར་ཏེ་སྡུག་བསྔལ་གྱི་དམྱལ་ཟངས་ཡང་ཡང་འགྲིམས་ལ། ཁོ་མི་ལ་རས་པ་ཡིན་པས་བོང་བུས་ཀྱང་སྲས་མཁར་བརྩིགས་པའི་དཀའ་བ་དང་ཟྭ་ཚོད་བརྟེན་པའི་སྡུག་བསྔལ་མ་བཟོད་པར་ངུ་སྐད“བོང་བོང་”དུ་ཤོར་མྱོང་། མི་དག་གིས་ཚ་ཡེར་ཡེར་གྱི་མལ་རྟེན་ཐོག་ན་ལུས་པོ་སློག་པས་གཅུད་དེ་ཁ་རླངས་འཐུལ་འཐུལ་གྱི་འོ་ཇ་སྒོག་འཐུང་བྱེད་ཀྱིན་ལུས་འདར་རྒྱག མི་ལ་རས་པས་ཕོལ་མིག་བརྡོལ་བའི་རྨ་སྟེང་ལ་འཁྱག་སིབ་སིབ་ཀྱི་རྡོ་ལེབ་བརྩིགས་ཏེ་ཀེང་རུས་ཀྱི་རྐང་བ་ནར་མོ་སྔུན་དུ་སྤོ། སྐབས་རེར་གས་ཆག་ཤོར་བའི་ལག་པའི་རུས་གོག་ཁངས་ནང་དུ་བསྒྲེས་ནས་ས་ས་དང་རྡོ་རྡོར་དགར་བར་བྱེད། ཁོའི་མིག་གིས་ནམ་ཡང་སོ་ཁི་ར་ཐེ་ལྟར་རྒྱང་ལ་བལྟས་འདུག ཀོ་གྲུ་ནི་སྔར་ལྟར་མཚོ་ངོས་ན་ཡོམ་ཡོམ་བྱེད། ངས་ཕྱིར་བྲོས་པའི་ཉ་དེ་དག་དང་འདྲ་བར་ངེས་གཏན་ཆེ་བའི་རྒྱང་རིང་གི་རབ་ཁ་དེ་མཐོང་གིན་མེད། གྲུ་ཁེམ་གྱིས“སྙོགས”སེར་ཆུ་ནང་ལ་རྐང་འཛུགས་དུས་མཐའ་འཁོར་ནས་ཐོལ་གྱིས་བརྡོལ་བའི་ཁྲེམ་གཉེར་དེ་དག་ངེས་གཏན་ཀྱག་ཀྱོག་གིས་ཕྱོགས་སུ་མཆེད་འགྲོ། བར་ཞིག་ནས་དེ་ཚོ་གར་སོང་ཆ་མེད་དུ་ཡལ་འགྲོ་ཡང་དེ་ཚོས་ང་ཚོ་ལྟར་གནས་ཤིག་ནས་ཕྱོགས་མེད་དུ་ཡོམ་འཁྱོམ་བྱེད་མི་སྲིད། དེ་ཚོ་མཚོ་འགྲམ་གྱི་རབ་ཁའི་ཕྱོགས་ལ་མཐའ་གཅིག་ཏུ་ཤོར་འགྲོ། ཀོ་གྲུ་འདི་མཚོ་ཁར་གཡེང་ནས་ཡུན་རིང་འགོར་ཡང་མདུན་ལྗོངས་སྔར་བཞིན་མག་མོག་གིས་གཅུད་འདུག ང་ནི་ལྷགས་རླུང་ལྟ་བུའི་སྟོན་ལོ་བཞིན་འདི་ལྟར་འཁྱམས་ཏེ་ཟད་རྒྱུ་ཡིན་ནམ། གློ་བུར་དུ་འཚུབ་རླུང་ཞིག་ལྡང་ཞིང་ང་དང་ངའི་ཀོ་གྲུ་སྟོན་ལོ་བཞིན་གཞོགས་ཤིག་ཏུ་འཁུར་སོང་། དེ་ནི་གླིང་མ་ཞིག་རེད། རྡོ་ཟེགས་ཀྱིས་གྲུབ་པའི་བྱེ་གླིང་ཞིག་བརླན་ཤིག་གེར་ངའི་མཐོང་ལམ་དུ་མངོན་ཡོང་། བྱེ་གླིང་འདིའི་སྟེང་ན་མི་མང་བོ་ཞིག་གིས་རྣ་བ་གཏད་ནས་ཉན་ཡོད་ལ། སྐར་མ་འདྲ་བའི་མིག་དག་ཀྱང་ད་ནི་སུ་ཞིག་གིས་རི་མོར་བྱས་པ་བཞིན་འཛུམ་འཛུམ་བྱེད་རྒྱུ་མི་འདུག ལིན་ཁིན་གྱིས་ཨ་རིའི་ཙུང་ཐུང་བདམས་རྩོད་སྟེང་གཏམ་བཤད་ཀྱིན་འདུག ཁོས་བྲན་གཡོག་མི་ནག་བཅིང་འགྲོལ་དགོས་པའི་གཏམ་བཤད་ཀྱིན་འདུག ལན་གཅིག་ཕམ། ལན་གཉིས་ཕམ། ལན་གསུམ་ཕམ། ཡིད་གཅིག་ཆད། ཡིད་གཉིས་ཆད། ཡིད་གསུམ་ཆད། ངས་ཀོ་གྲུ་གཞན་པའི་སྟེང་གི་མི་དེ་དག་ལྟར་མགོ་བོ་འཕྲེད་དུ་གཡུགས་ཤིང་ཡིད་ཆད་ཀྱི་དབུགས་རིང་སྐྱོ་ཤུར་ཤུར་དུ་འབྱིན་བཞིན་ཁ་ནས་མཉམ་གཅིག་ཏུ“ཅི་འདྲའི་ཨུ་ཚུགས་ཆེ་བའི་བླུན་པོ་ཞིག་རེད”ཅེས་བཤད། མཐའ་མར་ལིན་ཁིན་ཙུང་ཐུང་ལ་བསྡད་དེ་བྲན་གཡོག་མི་ནག་བཅིང་འགྲོལ་བཏང་བྱུང་། ངས་ཁོག་ནས“ཅི་འདྲའི་རླབས་ཆེ་བའི་སྐྱེས་བུ་དམ་པ་ཞིག་རེད་ཨང་”སྙམ་ལ་མིག་རྒྱང་རིང་བོས་རང་ཉིད་ཀྱི་དམིགས་འདུན་ཞིག་ལ་གཞོལ་ན་རྒྱལ་ཁའི་ཕྱོགས་སུ་གོམ་ཁ་འཆོལ་མེད་དུ་བགྲོད་ཐུབ་པའི་གནས་ལུགས་ཀྱི་ངོ་གདོང་མག་མོག་ཅིག་ཀྱང་རབ་རིབ་དུ་མཐོང་བྱུང་།
ང་མུ་མཐུད་དུ་ཀོ་གྲུར་བསྡད་ནས་གང་སར་གཡེངས་ཀྱིན་ཡོད། ངས་སྨུག་པའི་སེང་རས་ཀྱི་གསེང་ནས་མཚོ་ལེ་འགའི་ཕར་འགྲམ་ན་གླིང་ཕྲན་ཞིག་ཡོད་པ་རིག གླིང་ཕྲན་དེའི་སྟེང་ན་རྟའི་རྒྱལ་བོས་ཆུ་འཐུང་གིན་ཡོད་ལ་སྲིན་མོ་མང་བོས་རྗེས་འདེད་གཏོང་བའི་ཚོང་དཔོན་ནོར་བཟང་གིས་ཚོང་ཕྲུག་ལྔ་བརྒྱ་ཁྲིད་དེ་རྟའི་རྒྱལ་བོ་ལ“ང་ཚོ་ལྷ་ཡུལ་དུ་ཁྲིད་རོགས་གནོངས། ང་ཚོ་ལྷ་ཡུལ་དུ་འགྲོ་བའི་དམིགས་འདུན་གསལ་བོ་ཡིན”ཞེས་ཟེར་བ་འདྲ་ལ། རྟའི་རྒྱལ་བོས་ཀྱང་“འོ་ན། ཁྱོད་ཚོ་ངའི་ལུས་སྟེང་དུ་ཞོན་དང་ངས་ཁྱོད་ཚོ་ལྷ་ཡུལ་དུ་ཁྲིད་ཆོག ཡིན་ཡང་ཁྱོད་ཚོས་དམིགས་འདུན་མ་བརྟན་པར་ཕྱིར་མིག་བལྟ་མི་རུང་། ཕྱིར་མིག་བལྟས་ན་སྲིན་མོའི་ཁ་ཟས་སུ་གྱུར་འགྲོ”ཟེར་བ་དང་ཡང་འདྲ། ཁོ་ཚོ་འགྲེ་ལོག་ལན་གསུམ་བརྒྱབ་པའི་རྟའི་སྒལ་གཞུང་དང་རྔ་རྔོག་གང་རུང་དུ་འཐམས་ནས་བར་སྣང་དུ་འཕུར་སོང་། བར་སྣང་ནས་སྲིན་མོའི་བསླུ་བྲིད་མ་བཟོད་པའི་ཚོང་ཕྲུག་ཚོས་ཕྱིར་མིག་བལྟས་པས་ཁོ་ཚོ་སར་“གཅལ་གཅལ”དུ་ལྷུང་ཞིང་ཡོད་ཚད་སྲིན་མོ་ཚོའི་ཁ་ཟས་སུ་གྱུར་སོང་། ངས་སྐྱི་ཡ་བའི་ས་ཡི་སྣང་ཚུལ་དེ་མཐོང་འཕྲལ་ལུས་ལ་ཤ་འདར་ཞིག་བརྒྱབ་ཅིང་ཁ་ནས་ཨ་ཙ་མ་ཟེར་བཞིན་གཉིད་ལས་སད། གྲིམ་རིལ་ཞིག་བརྒྱབ་ནས་མལ་ལས་ལྡངས་ཏེ་ལྷམ་གཉིས་ལག་ཏུ་བཟུང་ནས་དེ་མ་ཐག་སེམས་ཐག་ཆོད་པའི་དམིགས་འདུན་གཅིག་ཏུ་གཏད་དེ་རྒྱང་རིང་གི་རབ་ཁ་དེར་ལྷ་ཡུལ་དུ་བགྲོད་པའི་ནོར་བཟང་ལྟར་འཕུར་འདོད་སྐྱེས།།
རྩོམ་ཁུངས། ངེད་དྲ་བ།