ནུབ་རི་ནས་ཕ་ཡུལ་དྲན་པ།
དེ་རིང་ཟི་ལིང་གྲོང་ཁྱེར་གྱི་ནུབ་རི་ལ་འགོས་ཏེ་རྒྱང་ལྟ་བྱས་ཚེ། གྲོང་ཁྱེར་ལས་ཅུང་རིང་དུ་གནས་པའི་རི་སྒང་འདིའི་སྟེང་དུ་མིས་བཟོས་ནགས་ཚལ་སྟུག་པོ་ཞིག་ཆགས་ཡོད་ལ། གཞུང་ལམ་གྱ་གྱུ་ངང་རི་འགོར་ཟུག་ཡོད་པ། མི་རྣམས་ག་ས་གང་ན་རི་སྒང་འདིར་འགོས་ཡོང་གིན་འདུག ང་རང་རི་སྒང་འདིའི་རྩེ་མོ་རུ་འགྲེང་ནས་ཐག་རིང་གི་ཡུལ་ཁམས་གང་སར་མིག་ཉུལ་བྱས་པ་ན། ཡ་ཆུང་གི་སེམས་སུ་དབང་མེད་དུ་འདི་ནས་རྒྱང་ཐག་རིང་བའི་དབེན་འཇགས་ཀྱི་རི་གྲོང་ཞིག་ག་ལེར་ཡིད་ངོ་རུ་འཆར་འོང་བ་རེད། དེ་ནི་གནས་འདི་ནས་ཆེས་རྒྱང་ཐག་རིང་བའི་ང་ཕ་ཡུལ་དབེན་ལྗོངས་དེ་རེད། གནས་འདི་དང་བསྡུར་ན་དོན་ངོ་མའི་ངའི་ཕ་ཡུལ་ནི་མ་བཅོས་རང་བྱུང་ལྷུན་གྱིས་རྫོགས་པའི་ཁོར་ཡུག་ལེགས་པོ་ཞིག་མ་ཡིན་ནམ། སྐྱ་ཐེར་ཐེར་གྱི་རི་སྒང་འདི་ལ་མིའི་རྩོལ་བ་དང་རྒྱུ་ཤུགས་གྲངས་མེད་ཀྱིས་ཡུལ་ལྗོངས་ནགས་ཚལ་ཐ་ཐོར་ཞིག་ཏུ་བསྒྱུར་ཡོད་ནའང་། ལྟད་མོ་བ་དང་སེམས་ཁམས་གཡེང་བའི་མི་ཚོགས་མང་པོ་མ་བོས་མགྲོན་དུ་འགུགས་བཞིན་པའི་ངང་ཚུལ་འདི་ཅི་ཡིན་ནམ།
མ་བཅོས་རང་བྱུང་གིས་གྲུབ་པའི་ཕ་ཡུལ་གྱི་ནགས་ཀླུང་ཕྱུག་མོ་དང་། ཕ་ཡུལ་གྱི་རི་ཆུ་ལུང་གསུམ་ལ་མི་རྣམས་ཀྱི་མིག་གིས་ཀྱང་མི་ལྟ་དོན་ཅི་ཡིན་སྙམ་པའི་དྲི་བ་ཞིག་རང་གིས་རང་ལ་དྲིས། མི་ཚོགས་ཀྱི་འདུ་འཛི་དང་། རླངས་འཁོར་གྱི་འཛེར་སྒྲ་དང་། མི་གཙང་བའི་མཁའ་དབུགས་མང་པོ་བཅས་ཀྱིས་གཡོགས་པའི་ནུབ་རི་འདི་ལ་སྔར་ལས་གསོན་ཤུགས་ཤིག་རྒྱས་ཏེ། གྲོང་ཁྱེར་འདིའི་ནུབ་ཕྱོགས་ན་རྣམ་ཀུན་ས་སྲོད་ཀྱི་ཉི་ནུབ་དང་འགྲོགས་ནས་གྲོང་ཁྱེར་གྱི་འདུ་འཛི་ལ་ལྟད་མོ་གཡེངས་ནས་བསྡད་འདུག
ལྷིང་འཇགས་དང་དྭངས་གཙང་གི་གནས་ན་ངའི་ཕ་ཡུལ་གྱི་ནགས་ཀླུང་དང་རི་ཆུས་བྱ་བྱིའི་སྣ་ཚོགས་ཀྱི་སྐད་སྙན་ལོངས་སུ་སྤྱོད་བཞིན། མི་རྣམས་ཀྱི་མི་མངོན་པའི་མཛེས་པ་བསྣམས་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ལ་སྡང་མིག་ལྟ་བཞིན་ད་ལྟ་ད་དུང་གདོད་མའི་ནགས་ཚལ་གྱི་རྣམ་ཤེས་གསོན་པོ་རུམ་ནས་བསྡད་ཡོད། མི་རིགས་ཀྱིས་ཧམ་སེམས་ཀྱིས་ཕ་ཡུལ་གྱི་ནགས་ཚལ་ལ་སྔར་མེད་ཀྱི་གཏོར་བརླག་ཚབས་ཆེན་བཏང་མྱོང་ན་ཡང་། དུས་དེ་རིང་ཕ་ཡུལ་གྱི་ནགས་ཀླུང་སྔར་བཞིན་གསོན་སྟོབས་ཀྱི་ངར་ཤུགས་རྒྱས་ཤིང་། ཚང་ཚིང་གི་གཡུ་ལོ་ཐགས་སུ་བཀྲ་ནས་དབྱར་དགུན་སྟོན་དཔྱིད་མེད་པར་སྔོ་ལྗང་ལྗང་གི་ན་བཟའ་བསྣབས་ནས་གདའ་ཡོད། འདབ་ཆགས་མང་པོའི་གནས་གཞི་དང་། རི་དྭགས་གླ་བ། འཕར་སྤྱང་། ཝ་སོགས་གཅན་གཟན་རི་དྭགས་མང་པོ་འཁོར་སའི་གནས་ཡུལ་དུ་ཡང་གྱུར་ཡོད།
མི་རྣམས་དེ་འདྲ་རི་ཆུ་ནགས་གསུམ་ལ་དགའ་བོ་ཡོད་ན་ངའི་ཕ་ཡུལ་གྱི་ནགས་ཀླུང་ཕྱུག་མོ་དང་། རི་ཆུའི་མཛེས་པ་མིག་གིས་གང་ནས་མཐོང་རྒྱུ། རྣ་བས་ཀྱང་ཐོས་ཚོད་དུ་གྱུར་མེད་དོན་ཅི། ཐ་ན་ཡུལ་མི་རྣམས་ཀྱང་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་དགའ་བོ་མེད་པར་སུན་སྣང་གིས་ངང་ནས་ཕྱོགས་ཡར་མར་དུ་བྲོས་འགྲོ་བ་རེད། དུས་དེ་རིང་ངའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་སྔར་ལས་ལྷིང་འཇགས་དང་། དྭངས་གཙང་། བདེ་འཇགས། བག་ཕེབས་སོས་དལ་གྱི་ངང་ན་ཕ་ཡུལ་ལ་མཛེས་སྡུག་མི་དམན་པ་བསྐྲུན་དང་བསྐྲུན་ནས་གདའ་ལགས།
ཕ་ཡུལ་གྱི་རི་ཆུ་ནགས་གསུམ། ནམ་ཞིག་ལ་ཁྱེད་ཀྱི་ཁོར་ཡུག་ན་ཡང་ཟི་ལིང་གྲོང་ཁྱེར་གྱི་ནུབ་རི་བཞིན་མི་ཚོགས་བརྒྱ་འདུས་སྟོང་འདུས་ཀྱི་འདུ་འགོད་འཁྲིགས་པ་ན། ངས་དག་གཙང་གི་སེམས་པ་དམར་པོ་ལེགས་སྐྱེས་སུ་ཁྱེར་ནས་ཁྱེད་ཀྱི་གཞི་མགྲོན་གྱི་ཐོག་མར་བྱེད་རྒྱུ་ཡིན། དེ་རིང་ངས་ཟི་ལིང་གྲོང་ཁྱེར་གྱི་ནུབ་རི་རྩེ་ནས་ཁྱེད་རང་དྲན་པའི་གདུང་བ་ཡིས་མ་བཟོད་པར་ཀི་རིང་ལན་གསུམ་བཏབ་པ་ཡིན། དེ་དུས་ངས་ཁྱེད་ཀྱི་ཡུལ་ལྗོངས་ཕང་བ་ནས་དགའ་བ་དང་སྐྱོ་བའི་ཀི་རིང་ལན་བརྒྱ་འདེབས་ངེས་ཡིན།
༢༠༡༢ལོའི་ཟླ༡༠བའི་ཚེས༢ཉིན་ནུབ་རི་རྩེ་ནས་དབང་མེད་དུ་ཕ་ཡུལ་དྲན་པས་གང་ཤར་བྲིས།
རྩོམ་ཁུངས། ངེད་དྲ་བ།