ཀླུ་སྨྱོན་རྩོམ་རིག་བྱ་དགའ་ལས་འཕྲོས་པའི་གཏམ་འགའ།༡
རྒྱུ་མཚན་གསལ་བོ་མི་ཤེས་མོད།དེང་དུས་ཀྱི་མི་རྣམས་བྱ་དགའ་སྟེར་པ་དང་ལེན་པ་ལ་དགའ་ཞིང། ཕལ་ཆེར་ཉི་མ་རེ་ལ་བྱ་དགའ་སྟེར་པའི་བརྡ་སྤྱོར་དང།ཆེད་སྒྲོག་ཡི་གེ་མང་པོ་མཐོང་རྒྱུ་འདུག་པ་མ་ཟད། བྱ་དགའ་ཆེད་དུ་ཆེད་གཉེར་ལས་ཀ་བའང་མང་པོ་འདུག། ང་བརྒྱད་ཀྱི་སྐབས་སུ་ཞིང་དབུལ་དག་ལ་བྱ་དགའ་སྤྲོད་སྲོལ་འདུག་པ་དང། བདུན་ཅུའི་ནང་དུ་༼ཞིང་ལས་ཏ་ཀྲེན་ལ་སློབ་སྤྱོང༽བྱས་ནས་ཏ་ཀྲེན་གྱི་བྱ་དགའ་མང་པོ་སྤྲད་འདུག། དེའི་རྗེས་ཏིན་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྐབས་སུ།
འབྲོག་པ་དང་སོ་ནམ་པ་ཚོ་ལ༼ཕྱུག་འགྱུར་ལམ་དུ་ཞུགས་པའི་བྱ་དགའ༽ཡིན་ཞེས། བྲང་ལ་མེ་ཏོག་དམར་པོ་བཏགས། ཤོག་ཐུམ་དམར་པོ་ནང་དུ་སྒོར་དམར་འགའ་བཅུག་ནས་སྟེར་པའི་སྲོལ་ཡང་བྱུང། དེའི་རྗེས་རིམ་གྱིས་བོད་ཁམས་ཡོངས་སུའང་བྱ་དགའ་སྟེར་པའི་བཤིས་ལུགས་ཞིག་དར་ཁྱབ་བྱུང་སྟེ།བྱ་དགའ་མང་པོ་ཞིག་སྟེར་དང་སྟེར་བཞིན་འདུག། ད་ལྟ་ལོ་རེ་རྒྱབ་ཁབ། ཞིང་ཆེན། རྫོང།གྲོང་དང་།སྡེ་བའི་མིང་ཐོག་དང་བྱ་དགའ་མང་པོ་སྟེར་བཞིན་འདུག་པ་མ་ཟད།གྲོགས་པོ་ཕན་ཚུན་ཆེད་དུ་སྟེར་པའི་བྱ་དགའ་ཡང་མང་པོ་འདུག།་དེ་བཞིན་ཕལ་ཆེར་ཉི་མ་རེ་རེ་ཁ་པར་་སོགས་ཀྱི་ཐོག་ནས་བྱ་དགའ་སྟེར་པའི་བརྡ་འཕྲིན་མང་པོ་སྐྲུར་ཡོང་ཞིང་། ཞང་ཀང་དང་པེ་ཅིང་གི་ལས་ཁུངས་ག་གེ་མོས་ཁྱེད་ཉིད་དམིགས་འདེམས་ཀྱི་༼བྱ་དགའ་༽འདི་ཐོབ་པ་རེད་ཅེས། སྒོར་ཁྲི་ཕྲག་འགའ་ཤས་ཐོབ་ཚུལ་གྱི་ཁྱབ་བསྒྲགས་ཀྱང་བྱ་བཞིན་འདུག། ང་ལ་བརྡ་འཕྲིན་དེ་འདྲ་མང་པོ་འབྱོར་བྱུང་བ་མ་ཟད། ཕྲན་སྐྱེས་ཡུལ་གྱི་སྡེ་བའི་མི་ཞིག་ཁ་པར་ལས་བྱུང་བའི་བྱ་དགའ་བརྡ་འཕྲིན་ཞིག་ལ་ཡིད་ཆེས་ཀྱིས་ཀོང་ཀྲིག་ལ་སོང་ནས།ཚུར་སྐར་མ་ཅིག་ཀྱང་ལེན་མ་ཐུབ་པའི་ཁར་ཕར་སྒོར་ཁྲི་འགའ་ཤས་འགྲོ་གྲོན་བཏང་བའི་གཏམ་རྒྱུད་ཀྱང་གོ་རྒྱུ་འདུག། ངས་གོང་གི་བྱ་དགའ་སྤྲོད་པའི་ལོ་རྒྱུས་སྤྱི་ཁོག་ཙམ་ཞིག་གླེང་འདོད་པ་ནི། སྐུ་ཞབས་ཀླུ་སྨྱོན་ལགས་ཀྱི་༼ཀླུ་སྨྱོན་རྩོམ་རིག་བྱ་དགའ༽སྐོར་ལ་སྐད་ཆ་འགའ་བཤད་འདོད་པ་དེ་ཡིན།
སྤྱིར་བཏང་ཀུན་གྱིས་ཤེས་བ་ལྟར། ངས་འདིའི་སྐོར་ལ་སྔོན་ཆད་སྐད་ཆ་གཅིག་ཀྱང་བཤད་མེད། དེ་ཡང་རང་ལ་དྲན་ཚུལ་མེད་པ་དང་ལྟ་ཚུལ་མེད་པར་མ་ཡིན་པར། བསམ་བཞིན་དུ་སྐད་ཆ་མ་བཤད་པ་དེ་ཙམ་ཡིན། ཡིནའང་ད་ལོ་ ༼ཀླུ་སྨྱོན་རྩོམ་རིག་བྱ་དགའ༽དོ་སྣང་ཅུང་ཙམ་བྱུང་བ་དང། སྐད་ཆ་འདྲ་མ་བཤད་མཐུ་མེད་བྱུང་སོང། ཅི་ཕྱིར་ཞེ་ན། ཀླུ་སྨྱོན་བྱ་དགའི་བརྡ་སྤྱོར་ལས་༼ལོ་སྔོན་མ་དང་ཅུང་མི་འདྲ་བར། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་སྟེང་བོད་ཀྱི་ཆོས་སྲིད་དཔལ་འབྱོར་རིག་གཞུང་སོགས་ཕྱོགས་གང་རུང་ཞིག་ཏུ་མི་སྒེར་བའི་བརྩམས་ཆོས་དཔེ་དེབ་པར་སྐྲུན་གྱིས་ཀློག་པ་པོའི་ཁྲོད་ཤུགས་རྐྱེན་དང་གདེང་འཇོག་མི་དམན་པ་ཐོབ་པའི་རྩོམ་པ་པོ་ཞིག་གི་རྩོམ་དེབ་འདེམ་སྒྲུག་བྱེད་རྒྱུ་ཡིན་ཞིང་།༽ཞེས་ད་ལོ་བྱ་དགའ་རྟགས་མ་འདི།ལོ་དང་པོའི་ཀླུ་སྨྱོན་བྱ་དགའི་རྟགས་མ་དང་མི་འདྲ་བར། “བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་སྟེང་བོད་ཀྱི་ཆོས་སྲིད་དཔལ་འབྱོར་རིག་གཞུང་སོགས་ཕྱོགས་གང་རུང་ཞིག་ཏུ་མི་སྒེར་བའི་བརྩམས་ཆོས་དཔེ་དེབ་པར་སྐྲུན་གྱིས་ཀློག་པ་པོའི་ཁྲོད་ཤུགས་རྐྱེན་དང་གདེང་འཇོག་མི་དམན་པ་ཐོབ་པའི་རྩོམ་པ་པོ་ཞིག”ལ་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག།
སྤྱིར་བཏང་བརྡ་སྤྱོར་འདིའི་ནང་དུ་མི་རིགས་སུ་ཡིན་དགོས་བ་དང། དུས་རབས་གང་གི་མི་ཡིན་དགོས་བ་དང། ལོ་ཡི་ཆེ་ཆུང་དང། དཔེ་དེབ་ཀྱི་དཔར་གྲངས། དཔར་པའི་དུས་ཚོད་གསལ་བོ་བཀོད་ན་ལེགས་ལམ་དུ་མཐོང་མོད། དེ་དག་གཅིག་ཀྱང་མི་འདུག་པ་མ་ཟད། ཉི་མ་ག་དུས་ཞིག་ལ་སྟེར་རྒྱུ་ཡིན་པ་དང། བྱ་དགའི་ཐོབ་དངུལ་སོགས་ཀྱང་གཅིག་ཀྱང་བཀོད་མི་འདུག་པས། མི་མང་པོ་ཞིག་ཅལ་འགྲོགས་བྱ་བཞིན་འདུག་མོད། བྱ་དགའ་དངོས་གནས་ཇི་འདྲ་ཞིག་སུས་ཀྱང་ཤེས་ཀྱིན་མེད་པའི་ཚོད་དུ་འདུག། དེ་ལས་ཀྱང་བརྡ་སྤྱོར་འདི་ལས་དོ་སྣང་ཆེན་པོ་ཞིག་བྱུང་བ་ནི། ༼བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་སྟེང་བོད་ཀྱི་ཆོས་སྲིད་དཔལ་འབྱོར་རིག་གཞུང་སོགས་ཕྱོགས་གང་རུང་ཞིག་ཏུ་མི་སྒེར་བའི་བརྩམས་ཆོས་དཔེ་དེབ་པར་སྐྲུན་གྱིས་ཀློག་པ་པོའི་ཁྲོད་ཤུགས་རྐྱེན་དང་གདེང་འཇོག་མི་དམན་པ་ཐོབ་པའི་རྩོམ་པ་པོ་ཞིག༽སྐད་ཆ་འདི་ཡིན། ཅི་ཕྱིར་ཞེ་ན། ཐོག་དང་པོ་༼བོད་ཕྱི་ནང༽ཞེས་བོད་ནང་གི་བོད་མི་ས་ཡ་ལྔ་ཙམ་གྱི་མི་ཚད། ད་དུང་བོད་ཕྱིའི་ས་ཆ་གང་སར་དང་འདོར་ན་འཛམ་གླིང་གི་ཁྱོན་ཡོངས་སུ་གནས་བའི་བོད་མིའི་འདུས་སྡེ་ཁྲོད། ཆོས་དང་སྲིད་། དེ་བཞིན་དཔལ་འབྱོར། རིག་གཞུང་སོགས་གང་རུང་གི་ཐད་ལ།
༼ཤུགས་རྐྱེན༽མི་དམན་པ་བཞག་པའི་རྩོམ་པ་པོ་ཞིག་ཡིན་དགོས་ཞེས་དམིགས་འཛུགས་བྱས་འདུག། ང་ལ་མཚོན་ན་ཤུགས་རྐྱེན་ཟེར་པའི་ཚིག་འདི་གལ་ཆེན་པོ་ཞིག་རེད། བོད་ཀྱི་རྒྱུན་སྲོལ་དུ། འདི་ལ་ཆེད་དུ་སློབ་གཉེར་དང་ཞིབ་འཇུག་བྱས་བ་དང། དཔེ་དེབ་བྲིས་བ་སོགས་ཡོད་མེད་མ་ཤེས་མོད། ནུབ་ཀྱི་མིའི་རིགས་རིག་པའི་གཞུང་ལུགས་ནས་བཤད་ན་ཤུགས་རྐྱེན་ཟེར་པ་འདིའི་དོན་དངོས་སྤྱོར་གསུམ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཆགས་བསྡད་ཡོད། ཆབ་སྲིད་དང། དཔལ་འབྱོར། རིག་གཞུང་སོགས་ཀྱི་ཤུགས་རྐྱེན་གླེང་དུས། གཞུང་ལུགས་རྒྱ་ཆེན་པོ་དང། ཨང་གྲངས། དཔང་རྟགས་ཆེན་པོ་ཞིག་བཀོལ་ནས་ཞིབ་དཔྱད་དང། སྡོམ་ཚིག་འགོད་དགོས་བ་ཞིག་རེད། དེ་བས་སྤྱིར་བཏང་གི་བཤད་ན་༼ བོད་ཕྱི་ནང་གཉིས་ཀྱི་་་ཤུགས་རྐྱེན་དང་གདེང་འཇོག་མི་དམན་པ་ཐོབ་པའི་རྩོམ་པ་པོ་ཞིག༽ཟེར་དུས་རྒྱ་ཆེན་པོའི་རིག་གཞུང་དང་ཨང་གྲངས་སོགས་ཀྱི་ཐད་ནས་རྒྱ་ཆེན་པོ་ཞིག་གླེང་དགོས་བ་རེད་མོད། ཀུན་གྱིས་ཤེས་གསལ་ལྟར། གཅིག་ཀྱང་གླེང་མི་འདུག། དེ་ལས་ཀྱང་ཡ་མཚར་པ་ཞིག་ནི། བརྡ་སྤྱོར་ནང་གི་ཚིག་འདི་དག་ཡིན། ༼བོད་ཕྱི་ནང་གི་སྨྱུག་ཐོགས་པའི་སྡེ་རུ་གྲགས་འགུལ་ཆེན་པོ་བཟོས་པའི་དཔེ་དེབ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་ཚ་བ་མདའ་སྨྱུག ཞོགས་དུང་དང་འཇམ་དབྱངས་སྐྱིད། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བན་ཤུལ་དཔའ་མཁར་རྒྱལ། སེང་རྡོར་དང་ཤེས་རབ་དར་རྒྱས། ཨ་འཇམ་དབྱངས་ཚུལ་ཁྲིམས་དང་ནགས་ཚང་ནུས་བློ་སོགས་འདིར་མིང་བརྗོད་པ་དང་མ་བརྗོད་པའི་རིགས་གང་ཞིག་གི་རྩོམ་དེབ་ལ་ཉིད་ཀྱིས་གཟུ་བོའི་བློས་བརྟག་དཔྱད་ཀྱིས་འོས་ཤོག་འཕེན་དགོས་ཤིང་།༽ སྤྱིར་བཏང་བརྡ་སྤྱོར་ཅིག་གི་ནང་དུ། གོང་གི་མི་དེ་དག་དང། དེ་དག་གིས་བྲིས་བའི་དཔེ་དེབ་དག་གིས་༼ གྲགས་འགུལ་ཆེན་པོ་བཟོས༽བའི་ལོ་རྒྱུས་ཆ་ཚང་བ་ཞིག་བཀོད་མི་ཐུབ་ནའང། མ་མཐའ་ཡང་ཇི་ལྟར་བཟོས་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་ཞིག་འགོད་དགོས་བར་མཐོང། རྒྱུ་མཚན་ཅི་ཡིན་ཞེ་ན།
འདི་ལ་་མ་མཐའ་ཡང་འགྲེལ་བཤད་ཙམ་དགོས་བ་དང། དེ་མིན་ཡང་གུས་ཞབས་ཙམ་ཞིག་མཚོན་ཕྱིར་ཏུ། གསལ་འདེབས་ཙམ་ཞིག་བྱེད་དགོས་བར་སྙམ། འདི་ནི་ཁོ་ཚོར་ཆེད་བསྟོད་དང་གུས་སྲོལ་ཞིག་ཡིན་པ་མ་ཟད། མི་མང་ལ་གསལ་སྟོན་ཙམ་ཞིག་རེད། བརྡ་སྦྱོར་དེ་ལ་དེ་ལྟ་བུ་གུས་ཞབས་ཞིག་ཀྱང་མི་འདུག་ཁར། ཆེས་འཇིགས་སུ་རུང་བ་ཞིག་ལ། དཔེ་དེབ་འདི་དག་གིས་༼ བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་སྟེང་བོད་ཀྱི་ཆོས་སྲིད་དཔལ་འབྱོར་རིག་གཞུང་སོགས་ཕྱོགས་གང་རུང་ཞིག་ཏུ་མི་སྒེར་བའི་བརྩམས་ཆོས་དཔེ་དེབ་པར་སྐྲུན་གྱིས་ཀློག་པ་པོའི་ཁྲོད་ཤུགས་རྐྱེན་དང་གདེང་འཇོག་མི་དམན་པ་ཐོབ་པའི༽དཔང་རྟགས་ཏིལ་འབྲུ་ཙམ་ཡང་མི་འདུག། ཅིའི་ཕྱིར་ཞེ་ན། ༼༡༽སྔོན་ཆད་མི་སུས་ཀྱང་འདིའི་སྐོར་ལ་ཞིབ་འཇུག་སོགས་བྱས་མེད་ཕྱིར། དཔེ་དེབ་འདི་དག་ལ་ཤུགས་རྐྱེན་དང་གདེང་འཇོག་མི་དམན་པ་ཐོབ་ཅེས་སྡོམ་ཚིག་བཞག་པ་ནི་མ་བརྟག་མ་དཔྱད་པའི་སྡོམ་ཚིག་ཅིག་རེད། ༼༢༽སྤྱིར་བཏང་ནུབ་ཕྱོགས་ལ་མཚོན་ན། དཔེ་དེབ་དཔར་པའི་གྲངས་ཀ་དང། དེ་དག་ཀློག་མཁན་གྱི་མི་གྲངས། དེ་ལས་འཕྲོས་བའི་བགྲོ་གླེང། དོགས་དཔྱོད་སོགས་ལས་དཔེ་དེབ་དེའི་ཤུགས་རྐྱེན་སོགས་གླེང་ཚུལ་ཡོད་མོད། ད་ལྟའི་བར་ཏུ་བོད་ཀྱི་དཔེ་དེབ་ཁྲོད་དུ། གོང་བཤད་ལྟར་། ད་ལྟའི་བར་ཏུ་བོད་དུ་དེ་འདྲ་གོམས་སྲོལ་ཞིག་མི་འདུག་པའི་ཁར། དཔེ་དེབ་དཔར་པའི་གྲངས་ཀ་དང། ཀློག་པ་པོའི་གྲངས། དེ་ལས་འཕྲོས་བའི་བགྲོ་གླེང་སོགས་གྱི་སྡོམ་ཚིག་དང།གྲངས་ཀ་གཅིག་ཀྱང་མཐོང་མ་བྱུང་ཞིང།བོད་མི་གཞན་གྱིས་ཀྱང་དེ་ལས་དོ་སྣང་བྱེད་ཡོད་བསམ་མ་བྱུང། ༼༣༽དཔེ་དེབ་འདི་དག་ལས།ཞོགས་དུང་གི་༼བག་ཆགས་དོང་སྤྲུགས།༽་བཙོང་ཆེ་བར་གྲགས་ཞིང། ཐེངས་གཉིས་ཙམ་དཔར་པ་དང། ཐེངས་རེ་སྟོང་གསུམ་ཙམ་དཔར་པའི་དབང་དུ་བྱེད་ན། ཁྱོན་སྟོང་དྲུག་ཙམ་དཔར་པར་ངོམ། དེ་མིན་དཔེ་དེབ་དེའི་སྙིང་གཏོར་གྱི་སྐོར་ལ། བགྲོ་གླེང་དང་དོགས་དཔྱོད་མང་ཙམ་བྱུང་ཡོད་པར་ངེས་པར་ཏུ་བདེན་་མོད། འདི་ཡང་རིག་གནས་དང་ཆབ་སྲིད་དོ་རྭ་རྒྱ་ཆེན་པོ་ཞིག་གི་འོག་ནས་བྱུང་བ་ཞིག་རེད། དཔེར་ན་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་བཤད་པ་ལྟར་ན། ཞོགས་དུང་ཁོ་རང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་པ་མ་ཟད། ཁོའི་ལྕམ་མོའི་དཔེ་ཁང་ཞིག་བཙུགས་ཡོད་པར་བརྟེན། ཁོས་དཔེ་དེབ་ཀྱི་ཚོང་རྒྱག་སྟངས་དང། ཆབ་སྲིད།ལམ་ལུགས་སོགས་ཆ་ཚང་བ་ཧ་གོ་བ་མ་ཟད། བརྒྱུད་ལམ་ཁག་ཀྱང་གསལ་ཆ་ཡོད་པ་ནི་ཏན་ཏན་རེད། དོ་རྭ་དེ་འདྲ་ཞིག་གི་འོག་ནས་དཔེ་དེབ་ཅིག་བྲིས། ཆེད་དུ་བཙོང་བ་ཡིན་ན།དཔེ་དེབ་བཙོང་བ་ལ་ཆ་རྐྱེན་ཡག་པོ་ཞིག་ཡོད་པ་ནི་མངོན་གསལ་རེད། དེ་བས་དཔེ་དེབ་དེ་མང་པོ་བཙོང་སྲིད་ཀྱང། དེ་ནི་ཤན་ཞུགས་དང་དགའ་མོས་མཚོན་མི་ཐུབ་པར། ཚོང་རྭའི་བརྒྱུད་ལམ་དང། དཔེ་ཚོང་རྒྱག་པའི་ལམ་ལུགས་ཡག་པོ་ཤེས་ནས། ཁྲོམ་རྭ་ཡག་པོ་བཀོལ་སྤྱོད་བྱས་བ་དེ་ཙམ་ཞིག་རེད། ༼༤༽དེ་མིན་གཞན་རྣམས་ནི། རང་གི་ངོ་ཤེས་བ་དང། གྲོགས་པོ་ཚོ་དང། ལྷག་པར་ཏུ་འུར་རྒྱག་པར་དགའ་བའི་སྐྱ་མིན་སེར་མིན་གྱི་གྲྭ་བ་རང་ཚུགས་མེད་པ་འགའ་ཤས་དང། གསར་བརྗེ་སྙིང་གཏོར་པ་ཁ་ཤས། དེ་མིན་ཀློག་ཀླད་ཙམ་བཀོལ་སྤྱོད་བྱེད་ཤེས་བའི་བོད་མི་འགའ་ཤས་ཀྱི་ཁྲོད་དུ་འུར་ཆེ་བ་ལས། དགེ་བའི་བཤེས་གཉེན་རྣམས། གྲྭ་མང། དེ་མིན་དོན་ལྡན་གྱི་བློ་ལྡན་གྱི་དག་གི་ཁྲོད་དུའང། ཁོ་ཚོ་ཤེས་བ་ནི་ཆེས་ཉུང་ཉུང་རེད། དཔེར་ན་ཕྲན་གྱིས་སྐུ་འབུམ་དགོན་པ་དང། ལྷ་ས་སོགས་ནས། དགེ་བའི་བཤེས་གཉེན་འགའ་དང། གཞན་མཁས་བ་འགའ་ཤས་དེའི་སྐོར་བཀའ་འདྲི་ཞུས་བ་ཡིན་མོད། མིང་ཙམ་ཡང་གོ་མི་འདུག། གསར་བརྗེ་ཅན་གྱི་གྲྭ་བ་དང་སློབ་གྲྭ་བ་རྣམས་ནི། བོད་ཀྱི་མི་གྲངས་དང་བསྟུར་ན།ཤིནཏ་ཏུ་ནས་ཉུང་ཉུང་རེད། བརྒྱ་ཆའི་ཡང་ཆའི་གཅིག་ཙམ་ཡང་ཟིན་སྲིད་དམ། དེ་བཞིན་ཁོ་ཚོའི་དཔེ་དེབ་ཀྱི་གྲངས་ཀའང། ཆེས་མང་ན་སྟོང་གསུམ་ཙམ་ལ་དཔར་མི་འདུག། དེ་བས་འདི་རྣམས་ཀྱི་༼བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་སྟེང་བོད་ཀྱི་ཆོས་སྲིད་དཔལ་འབྱོར་རིག་གཞུང་སོགས་ཕྱོགས་གང་རུང་ཞིག་ཏུ་མི་སྒེར་བའི་བརྩམས་ཆོས་དཔེ་དེབ་པར་སྐྲུན་གྱིས་ཀློག་པ་པོའི་ཁྲོད་ཤུགས་རྐྱེན་དང་གདེང་འཇོག་མི་དམན་པ༽གླེང་ན། བསམ་བཞིན་དུ། བོད་ཀྱི་མཁས་བ་རྣམས་དང།
བོད་མི་མང་ལ་བརྙས་བཅོས་བྱེད་པ་མིན་ན། དོན་མེད་ཀྱི་ལབ་བརྡོལ་ཙམ་ཞིག་རེད། ནུབ་དུ། བྱ་དགའ་ནི་ལྟ་བ་གསར་པ་ཞིག་དང། ཡང་ན་གནས་ཚུལ་གསར་པ།ཡང་ན་གནད་དོན་ཆེན་པོ་ཞིག་དོགས་སེལ་བྱེད་པ་ལ་བྱ་དགའ་སྤྲོད་སྲོལ་འདུག། དེ་བས་མི་འདི་དག་གི་ལྟ་བ་གསར་པ་ཞིག་དང་། ཡང་ན་གནས་ཚུལ་གསར་པ་ཞིག ཡང་ན་དོན་གནད་ཆེན་པོ་ཞིག་སེལ་བ་ལ་དཔེ་དེབ་དེ་དག་བྲིས་ནས། བྱས་རྗེས་ཁྱད་པར་ཅན་ཞིག་བཞག་པ་ཡིན་ན། བྱ་དགའ་ནི་སྤྲོད་འོས་དང་འོས། ཡིནའང་དཔེ་དེབ་འདི་དག་གིས་དམིགས་གསལ་ཅི་ཞིག་འདུག་གམ་ཟེར་ན། རྩོམ་པ་པོ་རང་ལ་བཤད་རྒྱུ་ཅི་ཡང་མི་འདུག་པ་མ་ཟད། དེ་དག་འུར་སྒྲོག་མཁན་དག་ལ་དེ་བས་ཀྱང་བཤད་རྒྱུ་མི་འདུག། ཞོགས་དུང་སོགས་ཀྱི་་ལྟ་བ་ནི་དམར་སྲུང་དམག་གི་རྙིང་གཏོར་གྱི་ལྟ་བ་རང་རེད། ཚ་བ་མདའ་སྨྱུག་གི་རྙིང་གཏོར་གྱི་རྙིང་གཏོར་གྱི་སྐད་ཆ་དེ་ལ་ཆོས་གྲྭའི་སྐད་བསྲེས་བ་ཙམ་དང། གཞན་ཐམས་ཅད་འུར་རྒྱག་པ་ཙམ་ཞིག་རེད།གསར་པ་ཞིག་དང། གནད་དོན་སེལ་བའི་ལྟ་བ་གསར་པ་ཅི་ཡང་མི་འདུག། འདིའི་སྐོར་ངས་གཞན་དུའང་མང་པོ་བཤད་ཡོད་པས། དོན་གཉེར་ཅན་རྣམས་ཀྱི་དེ་ལ་བལྟ་བར་བྱའོ།། སྐད་ཆ་འདི་ལྟར་བཤད་ནས་མཐའ་སྡོམ་ནི་ཅི་ཞིག་ཡིན་ཞེ་ན། ༼ཀླུ་སྨྱོན་བྱ་དགའ་༽ལས་འཕྲོས་བའི་སྐད་ཆ་འགའ་ཡིན། བྱ་དགའ་ཟེར་པ་ཅི་ཡིན་པ་དང། དེའི་དམིགས་ཡུལ་དང། སྟེར་པའི་རྒྱུ་མཚན་ཅི་ཡིན་པ་དེ་རེད། ང་ངའི་གྲོགས་པོ་ཀླུ་སྨྱོན་ལགས་ཀྱི་ཀུན་སློང་བཟང་བ་ལ་དོགས་པ་གཅིག་ཀྱང་མེད། རིག་གཞུང་སྒྲུབ་པ་ལ་ཀུན་སློང་བཟང་བ་ཞིག་དང་དམིགས་ཡུལ་བཟང་བ་ཞིག་གིས་ཆོག་གིན་མ་རེད། དེའི་ཕན་གནོད་སོགས་ལ་སྙིང་ཐག་པ་ནས་ཞིབ་དཔྱོད་ཀྱིས་གཏན་འབེབས་བྱ་དགོས་བ་ཞིག་རེད།དེ་བཞིན་ཀླུ་སྨྱོན་བྱ་དགའ་འདི་བརྡ་སྤྱོར་འདི་ནང་བཤད་པ་ལྟར། བོད་ཕྱི་ནང་གཉིས་དང་བོད་ཀྱི་ཆོས་སྲིད་དཔལ་འབྱོར་རིག་གཞུང་སོགས་ལ་འབྲེལ་བ་ཡོད་ཕྱིར། འདིའི་ཐད་སྐད་ཆ་མི་བཤད་ཐབས་མེད་བྱུང་བ་དེ་རེད།ཉན་འདོད་ཡོད་ན་འཕྲོས་མོལ་རྗེས་མའི་ནང་ཀླུ་སྨྱོན་བྱ་དགའ་འདི་སུ་ལ་སྤྲད་དགོས་མིན་གྱི་སྐད་ཆ་ཞིག་བཤད་པར་འདོད་ཅིང།ཞིབ་ཕྲ་དེ་རུ་གླེང་བར་འཐུས།
རྩོམ་ཁུངས། ངེད་དྲ་བ།