ཁྲིམས་ལ་མི་རྟོན་པའི་རིགས་ནི་ཀླ་ཀློ་ཡིན།
ཁྲིམས་དང་ཁྲིམས་ལུགས། ཚུལ་ཁྲིམས། སྒྲིག་ཁྲིམས། སྒྲིག་ལམ་སོགས་སྤྱི་དོན་གཅིག་པའི་མིང་གི་རྣམ་གྲངས་རེ་རེ་རེད། དེ་དག་ནི་འགྲོ་བ་མིའི་རིགས་ཀྱི་དངོས་ཡོད་འཚོ་བའི་གཞི་ནས་བོར་མི་ཐུབ་པའི་རྒྱུ་འབྲས་བློ་མིག་དང་། སྤྱི་སྙོམས་དྲང་བཞག རང་དབང་རང་སྲུང་། རང་ཐོབ་རང་དབང་། རང་ཉིད་རང་བདག འངྲ་མཉམ་དོ་མཉམ་མཚོན་པའི་སྐད་བརྡ་རེ་རེ་ཡིན། ད་དུང་ཆོས་ཉིད་ཀྱི་རང་དོན་མངའ་ཞིང་། གཏན་ཚིགས་ཀྱི་རིགས་དོན་ལྡན་པའི་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་ཀྱི་མིག་འབྲས་མཚོན་པའི་མིང་ཚིག་རེ་རེའང་རེད། འདི་ནི་ཀུན་གྱི་མགོ་ཐོག་ན་འགྱིང་བའི་དཀོན་མཆོག་དང་། སེམས་ཁོང་ན་བཞད་པའི་ཨ་མ་ལྟ་བུ་ཡིན། འཇིག་རྟེན་རྒན་པོའི་འབེལ་གཏམ་དུ”རྟ་སྒ་འོག་ནས་སྐྱིད། མི་སྒྲིག་འོག་ནས་སྐྱིད”ཅེས་བརྗོད་ཡོད་ལ། དམངས་གཙོའི་ཀ་བ་གསུམ་ལས་གཉིས་ནི”ཁྲིམས་བཟོ”དང”ཁྲིམས་འཛིན”གཉིས་ཡིན། སྲོལ་རྒྱུན་རིག་གནས་སུ་”ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།།” ཞེས་པས་ཁྲིམས་ནི་ཡོན་ཏན་གྱི་གཞི་མར་བསྟན་པས་ན་གཏིང་ཟབ་ས་དང་། དཔངས་མཐུག་ས་ནས་ཚད་མས་བཀོད་པའི་སྡོམ་ཚིག་ལ་མིའི་མཚན་ཉིད་ཚང་ན་ཡིད་ཆེས་རྙེད་དགོས་མོད། ཡིན་ནའང་། འདིའི་ལྡོག་ཟླར་ལངས་པའི་རྒྱལ་ཁབ་དང་། ཚོགས་སྡེ། ཐ་ན་མི་སྒེར་སོགས་མང་པོ་ཡོད། ཡོངས་ཁྱབ་རིན་ཐང་ཅན་གྱི་ལུགས་མཐུན་ལམ་སྲོལ་གཅེས་འཛིན་བྱེད་པར་རྨོངས་ཏེ་ཀུན་སྤྱོད་མ་རུང་བས་མི་དྲན་དགུ་དྲན་དང་། མི་ལས་དགུ་ལས་ཀྱིས་བདག་གཞན་དབྱེ་མེད་དུ་འཚོ་བ་བསྐྱལ་བཟོ་མི་བདེ་བ་དང་། ཚེ་སྲོག་གནས་བཟོ་མི་བདེ་བ་བྱས་ཏེ། ཚོད་དང་ཚད། མཚམས་དང་ཚིགས་མ་བསྲུང་ཞིང། སྐྱི་གཡའ་བ་དང་། སྐྱུག་བྲོ་བའི་དུད་འགྲོའི་རང་དབང་གི་བྱེད་སྒོ་འཇིགས་ཡེར་བ། ཞེ་མེར་བ་འདྲ་མིན་སྤེལ་བཞིན་མཆིས།
རྒྱལ་ཁབ་དང་ཚོགས་སྡེ། སྒྲིག་འཛུགས། ཐ་ན་མི་སྒེར་ཡན་ཆད་ཁྲིམས་ལུགས་ཡང་དག་པ་གང་གི་འོག་ཏུ་གནས་མི་ཐུབ་ན་ཀླ་ཀློ་ཡིན་ཏེ། ཁྲིམས་ཞེས་པ་ནི་ཚོད་དང་ཚད། མཚམས་དང་ཚིགས་འབྱེད་ཅིང་འཛིན་པའི་ཀུན་སྤྱོད་ལེགས་སྡོམ་བྱེད་པའི་རིག་པ་ཞིག་ཡིན། འདི་ལ་རང་དབང་གི་རང་བཞིན་ཡོད་ལ། ཚད་བཀག་གི་རང་བཞིན་ཡོད། གོ་མཚོན་ལྟ་བུའི་སྲུང་སྐྱོང་གི་ནུས་པའང་ཡོད། ད་དུང་ཡོངས་ཁྱབ་ཁེ་ཕན་གྱི་རིན་ཐང་ལྡན་པར་མ་ཟད། དྲང་བདེན་དང་རྒྱུ་འབྲས་བློ་མིག་གི་ཁྱད་གཤིས་ཀྱང་མངའ། མགོན་མེད་ཀྱི་མགོན་དང་། སྐྱབས་མེད་ཀྱི་སྐྱབས་ཡིན། ཀུན་གྱི་དཀོན་མཆོག་ཡིན་ལ། ཀུན་གྱིས་བཀུར་འོས་པའི་རིན་ཐང་ཡོད། མཁས་པ་བརྒྱའི་རྣམ་དཔྱོད་ཡོད། རིགས་ལམ་བརྒྱའི་ཁྱད་ཆོས་ཡོད། མི་རབས་བརྒྱའི་སྲོལ་རྒྱུན་གྱི་ཉམས་མྱོང་ཡོད། མིའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པའི་ཁག་ཐེག་གི་རིན་ཐང་ཡོད། ཕུགས་བསམ་གྱི་རྒྱབ་ལྗོངས་ཡངས་པའི་རིག་ཚན་ཁྱད་པར་བ་ཞིག་ཅི་ལ་མིན།
དེ་ལས་ཀྱང་གསལ་བོར་བཤད་ན། རྒྱལ་ཁབ་བཙན་པོས་མི་གསོད་མི་ཆོག་པ་དང་། འབྱོར་ལྡན་མཁན་པོས་དུག་སྒྲུབ་མི་ཆོག དྲག་རྩལ་མཁན་པོས་རང་དབང་གི་གཡུལ་བཤམས་མི་ཆོག བུད་མེད་མཛེས་མས་ལུགས་ལྡོག་གི་གཉེན་སྒྲིག་བྱ་མི་ཆོག་པ་སོགས་ཡོངས་ཁྱབ་རིན་ཐང་ཅན་གྱི་མི་ཆོག་པ་མང་པོ་མཐུད་དེ། མུ་ཁྱུད་གཅིག་བཟོས་པ་རེད། དེ་ལ་ཁྲིམས་ཞེས་བརྗོད། ཁྲིམས་ཀྱི་ཁོར་ཡུག་ཅེས་པའང་དེ་ཡིན། དེ་ནི་མི་བུ་ངོ་མ་དག་འཚོ་སྡོད་བྱེད་སའི་རང་ཁྱིམ་དྲོན་མོ་དེ་ཡིན། དེའི་ནང་ན་མིའི་རིགས་ལ་དུས་བདེ་གནས་འཇམ་དང་། སོས་དལ་བག་ལྷོད། རང་དབང་རང་བཙན། ཞི་བདེ་འཆམ་འགྲིག་གི་འཚོ་བའི་གནས་མལ་ཡོད་ལ། རང་ཐག་རང་གཅོད་ཀྱི་འཚོ་བའི་རང་དབང་ཡོད། སུས་ཀྱང་བཙན་གནོད་བྱེད་མི་ཆོག་ལ། སུས་ཀྱང་རྐུན་འཕྲོག་བཅོམ་གསུམ་བྱེད་མི་ཆོག གང་གིས་ཀྱང་གཉའ་གནོན་བརྙས་བཅོས་བྱེད་མི་ཆོག སུ་ལ་སྐྲག་མི་དགོས་ལ། གང་ལའང་འཇིགས་མི་དགོས། བདེན་པ་བདར་སའི་ཡུལ་ཡོད་ལ། སྐྱབས་འཇུག་ཞུ་སའི་དཔོན་ཡོད། ཕན་པ་འབའ་ཞིག་གིས་བསྐྲུན་ཅིང་། ཡོངས་ཁྱབ་རིན་ཐང་གིས་ཕྱུག་པའི་དག་ཞིང་དུ་ངེས།
མུ་ཁྱུད་དེའི་ཕྱིར་རོལ་ན། རྒྱུ་འབྲས་ལ་བློ་མིག་མེད།། ལེགས་ཉེས་ལ་བླང་དོར་མེད། ཉམས་མྱོང་ལ་སྡོམ་ཚིག་མེད། ཡར་འགྲོ་ན་མཚམས་མེད། མར་འགྲོ་ན་ཚོད་མེད། ད་དུང་ཚད་དང་ཚིགས་མེད་པ་མང་པོ་ཞིག་སྤྲེལ་ཏེ་ལེགས་ཉེས་ལ་ངབྱེ་འབྱེད་དང་། ཀུན་སྤྱོད་ལ་ཁ་འཛིན་མེད་པའི་རི་དྭགས་ཀྱི་རང་དབང་ལྟ་བུའི་ཁོར་ཡུག་གཅིག་བསླངས་ཡོད། དེར་རིག་གནས་མེད་ལ། ལྟ་གྲུབ་ཀྱང་མེད། འོད་སྣང་ཡང་གཏན་ནས་མེད། དངངས་སྐྲག་དང་། འཇིགས་སྣང་མོད་པའི་སྡུག་བསྔལ་དགུ་སྒྲིལ་གྱི་དམྱལ་ཟངས་དང་གཉིས་སུ་མ་མཆིས་པས་ན། དེའི་མིང་ལ་ཡུལ་མཐའ་འཁོབ་དང་། ཀླ་ཀློའི་སྤྱི་ཚོགས་དང་། དུད་འགྲོའི་ཁྱུ་ཚོགས་ཞེས་འབོད། དེ་ནི་ཁྲིམས་དང་སྒྲིག་མེད་པའི་ཁོར་ཡུག་ཡིན། མི་མ་ཡིན་འཚོ་སྡོད་བྱེད་སའི་འཚོ་བའི་ཁྱིམ་གཞིས་ཡིན།
ཁོར་ཡུག་དེ་གཉིས་ཀྱི་དབར་ཁྱད་ནི་མཚམས་དང་ཚིགས་ཡོད་མེད་ཀྱིས་ཁྱད་པར་ལ་ཐུག་ཡོད། ཆོག་དང་མི་ཆོག་པའི་མཚམས་དང་ཚོད། ཚད། ཚིགས་སོགས་ཡོད་པ་ནི་ཁྲིམས་ཡིན། ཁྲིམས་ནིའགྲོ་བ་མི་ཞིག་ལ་མཚོན་ན་ཤིས་པ་དགུ་ལྡན་གྱི་བཞུད་ལམ་རིང་མོ་དེ་ཡིན་ལ། ཆོག་དང་མི་ཆོག་པའི་མཚམས་དང་ཚོད། ཚད། ཚིགས་སོགས་མེད་པ་ནི་ཁྲིམས་འཆལ་ལམ་ཁྲིམས་མེད་ཀྱི་ལམ་ཡིན། དེ་ནི་ཉེས་བྱས་དགུ་བརྩེགས་ཀྱི་འགྲིལ་ལམ་དོག་མོ་དེ་ཡིན། ཁྲིམས་འཆལ་ལམ་ཁྲིམས་མེད་ཀྱི་ལམ་ཡིན། ཁྲིམས་མེད་ཀྱི་ལམ་དང་ཁྲིམས་ཀྱི་ལམ་གཉིས་ནི་མི་ཞིག་ལ་མཚོན་ན་མི་ཡིན་མིན་གྱི་ཚད་འཛིན་ས་དང་ཁུངས་གཏུགས་ས་ཞིག་རེད། དཔེར་ན། མི་ཞིག་གིས་ལུས་ངག་གི་བྱ་བར་ཚོད་འཛིན་མ་བྱས་པར་ནོར་འཛོལ་བྱུང་ན་”ཁྱོད་མི་ཡིན་ནམ”་འདི་འདྲ་བྱས་པ་ལ་བལྟས་ན”ཁྱོད་མི་མ་རེད།”ཅེས་བརྗོད་སྲོལ་ཡོད་པ་འདིས་མཚོན། གྲྭ་བ་དང་གྲྭ་ལོག་གཉིས་ཀྱི་ཁྱད་པར་ཡང་ཁྲིམས་འཆལ་ཡིན་མིན་གྱི་གཞི་ནས་འཇོག་གི་ཡོད་། ཚུལ་ཁྲིམས་དང་ལྡན་ན་གྲྭ་བ་ཡིན་ལ་མི་ལྡན་ན་གྲྭ་བ་མིན། དེ་བཞིན་ཁྲིམས་ཡོད་ན་མི་ཡིན་ལ། ཁྲིམས་མེད་ན་མི་མིན། ཅི་སྟེ་ཞེ་ན། ཁོ་ནི་ལེགས་ཉེས་ལ་བླང་དོར་མེད་པའི་དུད་འགྲོ་དང་ཁྱད་པར་མེད་པས་སོ།།
དེ་བཞིན་དུ་ཁྲིམས་ནི་རང་ཉིད་ཀྱི་ལུས་ངག་གི་ཉེས་སྤྱོད་འགོག་པ་དང་། གཞན་གྱིས་རང་ཉིད་ལ་བརྙས་བཅོས་ཁྱད་གསོད། རྐུ་འཕྲོག་བཅོམ་གསུམ་སོགས་མི་འདོད་པའི་བརྡབ་གསིག་སྲུང་བའི་གཉེན་པོ་ལྟ་བུ་རེད། འདིས་མིའི་རིགས་ལ་ལེགས་ཉེས་ཀྱི་བླང་དོར་འབྱེད་ཐུབ་ལ། འདིས་རྒྱུ་འབྲས་བློ་མིག་སོགས་དྲང་བདེན་གྱི་བསམ་བློ་དང་ཀུན་སྤྱོད་བསྐྲུན་ཐུབ། འདིས་མིའི་རིགས་ཀྱི་འཚོ་བའི་བདེ་སྐྱིད་ལ་འགན་ལེན་བྱེད་ཐུབ། འདིས་མིའི་ཕུགས་བསམ་ལ་གཟི་འོད་སྤེལ་ཐུབ། འདིས་མི་སྐྱེས་རིན་ཐང་ལ་འོད་སྣང་སྤྲོ་ཐུབ། འདིས་མིའི་སྤྱི་ཚོགས་ལ་འཆམ་མཐུན་དང་ཞི་བདེ། གཅིག་སྒྲིལ། བརྩེ་དུང་སོགས་དགེ་ལེགས་བྱེ་བའི་བང་མཛོད་བསྐྲུན་ཐུབ།
ཁ་ཅིག་གིས་ཁྲིམས་འཛིན་པ་དང་ཁྲིམས་གཉེར་བ་ཆེ་གེ་མོའི་ཀུན་སྤྱོད་མ་རུང་བ་རྒྱུ་མཚན་དུ་བྱས་ནས་ཁྲིམས་ལ་ཅི་ཡང་མི་སྙམ་པའི་འདུ་ཤེས་ཡོད་ཀྱང་དེ་རྨོངས་འཆར་ཞིག་སྟེ། ཁྲིམས་ནི་རང་བདེ་གཞན་ཕོངས་དང་། རྒྱུ་འབྲས་བློ་མིག་མེད་པ་ཞིག་གཏན་ནས་མིན་ཏེ། ཁྲིམས་དུ་འགྱུར་དགོས་ན་ཤེས་རབ་ཀྱི་བློ་མིག ཕན་རླབས་ཀྱི་བླ་སྲོག ཚན་རིག་གི་རང་བཞིན། དྲང་ཚུགས་ཀྱི་གཤིས་རྒྱུད། རྒྱུ་འབྲས་ཀྱི་ཆོས་ཉིད། ཁེ་དབང་གི་མ་རྩ། ཡོངས་ཁྱབ་ཀྱི་རིན་ཐང་སོགས་རིགས་གཞུང་གིས་ཁུངས་བསྐྱལ་དང་། སྤྱི་ཚོགས་འཚོ་བའི་གཞི་རྐང་ནས་དངོས་ཡོད་འཚོ་བའི་དཔེ་གཞིས་བདེན་དཔང་དང་ར་སྤྲོད་བྱེད་དགོས། ཡང་སྙིང་དེ་དག་དང་རྒྱང་དུ་གྱེས་ན་ཁྲིམས་སུ་ཇི་ལྟར་འགྱུར་རམ་འགྱུར་མི་སྲིད། གློ་བ་གླན་ཆོག་པ་མ་ཟད་ལམ་སྲོལ་ཡོད་ཚད་ཀྱིས་དཀོན་མཆོག་ཏུ་བཀུར་དགོས་བའི་མཐར་ཐུག་ཀྱང་འདི་དག་ལས་གཞན་ཅི། བདེན་པ་དང་གནས་ལུགས། སྤྱི་སྙོམས། གཏན་ཚིགས་སོགས་ཁྱད་གཤིས་ཁྲི་ཕྲག་གི་རོ་བཅུད་འདུས་པས་ན་དཀོན་མཆོག་ལྟ་བུའི་འོད་སྣང་སྤྲོས་པ་དྲན་ཡུལ་ནས་འདོར་མི་ཉན།
ད་ལྟའི་དུས་རབས་སུ་ཁྲིམས་ནི་མཐོ་དམན་འབྲིང་གསུམ་ཀུན་གྱི་དབུ་ན་འགྱིང་བའི་སྐྱབས་མགོན་ལྟ་བུ་ཡིན། ཁྲིམས་ཡོད་ན་རྒྱལ་ཁབ་ཡོད་ལ། མི་རིགས་ཡོད། ཚོགས་པ་ཡོད། མིའི་འཚོ་བའང་ཡོད། ཁྲིམས་མེད་ན་བརྗོད་མ་ཐག་པའི་ནང་དོན་ཐམས་ཅད་ཡལ་འགྲོ་བ་མ་ཟད། མི་ཞེས་པའི་སེམས་ཅན་ཀྱང་བོར་འགྲོ། རིག་གནས་དང་ལྟ་གྲུབ། ཡུལ་སྲོལ་གོམས་གཤིས་སོགས་ནུབ་འགྲོ། མིའི་ཐོབ་ཐང་དང་རང་དབང་། འདྲ་མཉམ། ཆབ་སྲིད། དམངས་གཙོ། སྐད་ཡིག བསམ་བློ་སོགས་ཡོད་ཚད་ནི་རང་ཉིད་ཀྱི་སྲོག་གི་གཤེད་དུ་འབབ་སྲིད། སྐབས་དེར་ཀླ་ཀློ་ཞེས་པའི་མིང་གིས་ཅི་ལ་མི་འབོད། ཀླ་ཀློ་ནི་ལེགས་ཉེས་ལ་བླང་དོར་དང་། རྒྱུ་འབྲས་ལ་བློ་མིག་ལྡོངས་ནས་མཚམས་དང་ཚོད་། ཚད་ཚིགས་སོགས་ཅི་ཡང་མེད་པའི་རང་དབང་བ་ཞིག་ཡིན། འབྲེལ་བ་ཞེས་པའི་ཐ་སྙད་ཁོའི་འཚོ་བའི་གཞི་ལ་མི་འཇུག་ཅིང་། བློ་གྲོས་དང་ཀུན་སྤྱོད་ཀྱི་རིག་གནས་ཞེས་པ་ཞིག་ཁོས་གཏན་ནས་ངོ་མི་ཤེས། ཁྲིམས་ཞེས་པ་ནི་ཀླ་ཀློའི་སྤྱི་ཚོགས་ན་མེད་པ་ཞིག་དང་། ཤེས་རིག་གི་སྤྱི་ཚོགས་ན་ཡོད་པ་ཞིག་ཡིན། ངས་བསམ་ན་ཁྲིམས་ཞེས་པ་ནི་མ་རིག་པས་མྱོས་པའི་སྐབས་སུ་ཉེས་སྐྱོན་འགོག་སྡོམ་བྱེད་པའི་སྔོན་འགོག་པ་དང་འདྲ། ལེགས་ཉེས་བླང་དོར་ལ་རྨོངས་པའི་སྐབས་སུ་ལམ་སྟོན་གནང་མཁན་གྱི་སློབ་གསོ་བ་ཞིག་དང་འདྲ། གཅོང་ནད་ཀྱི་ཟུག་ངུ་རྒོད་པའི་ཚེ་ན་དཀར་པོ་ཆིག་ཐུབ་ལྟ་བུའི་སྨན་ནུས་ཐོན་ངེས། ཁྲིམས་ལ་དེ་ལྟ་བུའི་བྱེད་ནུས་ཆེས་ཆེར་ལྡན་པས་ན་ཅིས་ཀྱང་དཀོན་མཆོག་ཏུ་བཀུར་འོས་པའི་རིག་ཚན་གཅིག་ཡིན། ཁྲིམས་ནི་རང་བྱུང་ཞིག་མིན་ནའང་། ཁོ་ལ་རང་བྱུང་གི་སྟོབས་ཤུགས་ཡོད།ཁྲིམས་ནི་སངས་རྒྱས་ཞིག་མིན་ནའང་། ཁྲིམས་ལ་གཞན་ཕན་དང་བྱང་སེམས་ཀྱི་རྣམ་ཤེས་ཡོད། ཁྲིམས་ནི་བདེ་སྐྱིད་དང་སྤྲོ་སྣང་གི་ངོ་བོ་མིན་ནའང་། ཁྲིམས་ལ་བདེ་སྐྱིད་དང་སྤྲོ་སྣང་སྦྱིན་པའི་ཤེད་སྟོབས་འཆིས། ཁྲིམས་ནི་ཅིས་ཀྱང་མིའི་རིགས་ཀྱི་འཚོ་བའི་ཁྲོད་ནས་འབར་དགོས་པ་དང་གནས་དགོས་པ་ཞིག་གོ།
མདོར་ན་ཁྲིམས་ནི་བཀག་རྒྱ་ཞིག་དང། སྒེར་གཅོད་པའི་གོ་ཁྲབ་ཅིག་གི་འདུ་ཤེས་དོར་ནས་ཐུན་མོང་གི་མགོན་སྐྱབས་ཞིག་ཡིན་པའི་གོ་རྟོགས་མ་རྙེད་པའི་རྒྱལ་ཁབ་དང་ཚོགས་སྡེ། ཐ་ན་མི་སྒེར་སུ་ཡིན་ཀྱང་ཁོ་བོ་ཅག་གི་ངོ་གདོང་ནི་དུད་འགྲོ་དང་ཀླ་ཀློའི་ངོ་གདོང་ལས་གཞན་ཅི།།
རྩོམ་ཁུངས། ངེད་དྲ་བ།