གསེར་གྱིས་མི་ཁུགས་པའི་ལོ་རྒྱུས།

འཇམ་དབྱངས་རིག་གསལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-25

  གཅིག ལར་ཁོ་བོར་ལོ་རྒྱུས་རིག་པའི་ངོས་ལ་ཤེས་འཇོན་གང་ཡང་མེད་མོད། ཆོས་གྲོགས་གང་ཉིད་དང་མཉམ་དུ་ནྭ་ལེནྡྲའི་ལོ་རྒྱུས་ནི་ཅི་ཞིག་ཡིན་མིན་རྩོལ་གླེང་བྱས་པའི་གྲུབ་དོན་ལྟ་བུ་ལ། དེའི་ཐད་ཀྱི་རང་གི་ལྟ་ཚུལ་ཆེས་མདོར་བསྡུས་ཞིག་ཟིན་ཐོར་འབྲི་འདོད་སྐྱེས་སོང་། སྣོད་བཅུད་གང་རུང་གིས་བསྡུས་པའི་འཇིག་རྟེན་ཞིག་གི་ཆག་འཇིག་འཕེལ་རིམ་དང་འཁོར་བསྐྱོད་ཀྱི་གོ་རིམ་དག་གི་ལོ་ཚིགས་སོགས་ལ་རྒྱུས་ཡོད་པར་བྱེད་པའི་རིག་པ་ཞིག་ནི་ལོ་རྒྱུས་རིག་པའི་ངེས་ཚིག་ཙམ་དུ་སྣང་། དེའི་དོན་སྙིང་ནི་ལོ་རྒྱུས་དེ་དང་དེ་ལ་མོས་ཤིང་སྤྲོ་བ་དག་ལ་རང་རང་གི་རྟོག་པ་དང་འཚམ་པའི་བློ་སྐྱེད་དང་། ཟུར་གང་རུང་ཞིག་ནས་དེ་དག་གི་བསམ་བློ་ཡར་རྒྱས་སུ་འགྲོ་བའི་སྒུལ་ཤུགས་སུ་འགྱུར་བ་དེ་རེད། ལོ་རྒྱུས་སྤྱིའི་ཆོས་ཉིད་དེ་ཇི་བཞིན། བྱེ་བྲག་ནྭ་ལེནྡྲའི་ལོ་རྒྱུས་ལ་འང་རང་ཉིད་ལ་དད་ཅིང་མོས་པའི་སྐྱེ་བོ་དག་གི་འདོད་འདུན་འགྲུབ་པའི་ནུས་པ། དེ་དག་དཀའ་ཁག་གང་རུང་ཞིག་ལས་དབུགས་དབྱུང་སྟེར་ཐུབ་པ་སོགས་ནི་དེའི་དོན་སྙིང་དངོས་མ་དེ་རེད་འདུག དེར་རྟེན། ཁོ་བོས་ནྭ་ལེནྡྲའི་མཁས་པ་དག་གི་རྟོགས་དཔྱོད་ཤེས་རབ་གྱི་བསམ་བློའི་ཉིང་བཅུད། སྒོམ་བསྒྲུབ་ཉམས་ལེན་གྱི་ཀུན་སྤྱོད་མཛེས་པ་སོགས་ནི་ནྭ་ལེནྡྲའི་ལོ་རྒྱུས་དངོས་མ་དེ་རེད་ཟེར་བ་ཡིན།
  གཉིས། ཆོས་གྲོགས་གང་ཉིད་ཀྱིས་བཤད་ན། ང་ཚོས་ན་ལེནྡྲའི་ཆེ་བསྟོད་ཙམ་ལས་དེ་དུས་ནམ་ཞིག་ལ་རྨང་བཏིངས་བ་དང་། སྐབས་གང་ཞིག་ལ་དགོན་སྡེའི་རྣམ་པར་གྲུབ་པ་སོགས་ལ་གཅིག་མཚུངས་ཀྱི་ལྟ་ཚུལ་ཙམ་ཡང་མེད་ན། དེའི་ལོ་རྒྱུས་ལ་རྒྱུས་མངའ་ཡོང་ས་མེད་ལ། དེའི་ལོ་རྒྱུས་ལ་ཆ་རྒྱུས་ཙམ་ཡང་མེད་པར་དེའི་ལོ་རྒྱུས་ཇི་ལྟར་ངོས་འཛིན་བྱེད། ཅེས་སོགས་གོང་གི་སྐད་ཆ་དེ་དང་དོན་གཅིག་པའི་རྣམ་གྲངས་དུ་མ་ཞིག་སྨྲ་མོད། དེ་དག་ནི་ཚིག་གི་ངོ་གདོང་ལ་འཐམ་པའི་བབ་ཅོལ་ཙམ་དུ་མཐོང་སྟེ། ནྭ་ལེནྡྲའི་ལོ་ཚིགས་དང་དེ་སུའི་འཛུགས་སྐྲུན་བྱས་མིན། རྒྱལ་བོ་སུ་ཞིག་དུས་སུ་བྱུང་མིན་སོགས་ནི་ནྭ་ལེནྡྲའི་ལོ་རྒྱུས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཞིག་མ་རེད་ལ། དེ་དག་ནི་འཇིག་རྟེན་སོ་ཚིས་དོན་དུ་གཉེར་མཁན་དག་ལའང་མི་དགོས་ན། འཇིག་རྟེན་ལས་འདས་པའི་ཕུགས་བསམ་རྒྱ་ཆེ་བ་ཅན་དག་ལ་ཅི་ལྟར་མཁོ། དེ་དག་ནི་ཕྱི་དངོས་པོའི་འཚོལ་སྒྲུབ་ཕྱོགས་ལ་དེ་ཙམ་དགོས་པ་མ་མཆིས་ན། ནང་བསམ་པའི་གནས་ལུགས་དང་ཡུན་ལུགས་འཚོལ་བྱེད་ཀྱི་ཤེས་རབ། བྱམས་བརྩེ་དང་སྙིང་རྗེའི་བསྡུས་པའི་མཛེས་སྡུག་བསྒྲུབ་པ་དགོས་མཁོ་སྤུ་ཙམ་མེད། ནྭ་ལེནྡྲའི་ལོ་རྒྱུས་ལ་ཐུན་མིན་གྱི་ཁྱད་ཆོས་ཞིག་ཡོད་ན་འགྲིགས་ཤིང་། ཁྱད་ཆོས་དེ་ཡང་ཆོས་རྣམས་ཀྱི་གནས་ལུགས་ལ་དཔྱོད་པའི་ཤེས་རབ་དང་། སེམས་ཅན་དག་གི་སྡུག་བསྔལ་ལ་དམིགས་པའི་བྱམས་བརྩེ་སོགས་ཀྱི་སྟེང་ནས་མངོན་དགོས་པ་ལས། སྲིད་ལ་མི་མཁོ་ཞིང་ཆོས་ལ་མི་དགོས་པ་ཞིག་ག་ལ་ཡིན།
  གསུམ། བརྒྱ་ལ་ནྭ་ལེནྡྲ་ཆགས་པའི་དུས་ཚིགས་སོགས་ལ་དཔྱད་བརྡར་བྱས་པར་དེའི་ལོ་རྒྱུས་ལ་རྟོག་དཔྱོད་བྱས་བའི་ཐ་སྙད་ཞིག་འདོག་འོས་པའི་དབང་དུ་བཏང་ཡང་། དེ་ནི་ང་ཚོ་ལ་དགོས་པའི་ལོ་རྒྱུས་རྟོག་དཔྱོད་ཀྱི་རྒྱུད་རིམ་ཞིག་མིན་ན། རྒྱུད་རིམ་དེ་ལས་རྙེད་པའི་ལོ་རྒྱུས་དེ་འང་ང་ཚོ་ལ་མཁོ་བའི་ལོ་རྒྱུས་དེ་ཡིན་མི་སྲིད་པས། ང་ཚོས་ངོས་ནས་བསྟས་ན་དེ་ནི་ལོ་རྒྱུས་ངོ་མ་ཞིག་ཡིན་པའི་གནས་ཡོད་དམ། ཁོ་བོས་འདོད་པའི་ནྭ་ལེནྡྲའི་ལོ་རྒྱུས་ནི་ཉོན་མོངས་གྲང་འདར་སེལ་བའི་ཉི་འོད་དང་། སྡུག་བསྔལ་ཚ་གདུང་འཇོམས་པའི་བསིལ་ཟེར་དག་གི་ངོས་ནས་འཇོག་པ་ཡིན་གྱི། འཇིག་རྟེན་སྤྱི་ལ་ཁྱབ་པའི་སྐྱེ་འཇིག་གནས་དུས་སོགས་ཀྱི་ངོས་ནས་མིན་ལ། ཁོ་བོའི་རྙེད་པའི་ནྭ་ལེནྡྲའི་ལོ་རྒྱུས་ནི། དེ་ལས་མཆེད་པའི་ཤེས་རབ་དང་ཀྱི་གཟི་མདངས་དང་བྱམས་བརྩེའི་མཛེས་སྡུག་ལས་རྙེད་པ་ཡིན་གྱི། ཕྱེད་ག་ས་འོག་ན་ཡོད་པའི་ཞིག་རལ་དུ་གྱུར་བའི་གནའ་བོའི་མཁར་ཤུལ་ཞིག་གི་སྟེང་ནས་ག་ལ་ཡིན། མདོར་ན། ནྭ་ལེནྡྲའི་ལོ་རྒྱུས་ནི་དངུལ་གྱིས་མི་ལོན་ཞིང་གསེར་གྱིས་མི་ཁུགས་པའི་ནང་བསམ་བློའི་འཛད་མེད་ཀྱི་ལོངས་སྤྱོད་ཅིག་ཡིན་གྱི། གནའ་བོའི་འཇིག་རྟེན་གང་ཡང་རུང་བ་ཞིག་དང་མཉམ་དུ་ས་ལ་འཐིམ་ཞིང་རླུང་གིས་སྤུར་སོང་བ་ཞིག་མིན་ལ། དེ་ནི། གནའ་རྫས་རྟོག་ཞིབ་པ་དག་གི་མེ་ཤེལ་གྱིས་མི་མཐོང་ཞིང་། གྲངས་རིགས་པ་དག་གི་ཞིབ་རྩིས་བློ་ཡུལ་ལས་ཡོངས་སུ་འདས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་གྱིས་མི་ཁུགས་པའི་ལོ་རྒྱུས།

2012-08-25 འཇམ་དབྱངས་རིག་གསལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།