དབྱུག་ཁྲིམས་འོག་གི་སློབ་གསོ།
༼རང་ཉིད་ལ་ཆེས་ཆ་རྒྱུས་གསལ་བའི་སློབ་གྲྭ་ཞིག་གི་སྣང་ཚུལ་ཇི་བཞིན་རི་མོར་བཀོད་པ།༽
དེ་ཡང་བོད་གྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ནས་བཤད་ན། གནའ་བོའི་བོད་ཀྱི་དགོན་ སྡེ་ཁག་ནི་ཤེས་ཡོན་སྦྱོང་བའི་སློབ་གྲྭ་ཐོག་མ་དེ་ཡིན། དེ་ལས་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟར་བྱོན་མྱོང་བ་དག་ཀྱང་དང་པོ་བླ་མའམ་དགེ་བའི་བཤེས་གཉེན་གང་རུང་གི་མདུན་དུ་དབྱུག་པའི་ཕྱག་འབེབ་འོག་འཚར་ལོངས་བྱུང་ཞིང་། དེའི་སློབ་མ་སློབ་རྒྱུན་དང་བཅས་པས་ཀྱང་ཕྱག་རྒྱུན་དེ་མ་ཉམས་པར་སྤྱད་ནས། སོ་སོའི་སློབ་ཕྲུག་དག་ལ་ཐོས་པ་ཙམ་གྱིས་སྐྱི་གཡའ་བར་བྱེད་པའི་དབྱུག་ཁྲིམས་ལག་བསྟར་བྱས་ཏེ། མི་རིགས་ཀྱི་ཆོས་དང་རིག་གཞུང་ཐད་བྱས་རྗེས་མི་དམན་པ་བཞག་མོད། དེ་ནི་དུས་རབས་འདི་འདྲའི་ནང་དུའང་མཐའ་གཅིག་དུ་སྐྱོན་མེད་ཡང་དག་གི་ཐབས་ལམ་ཞིག་དང་། བསྒྱུར་མེད་རང་བྱུང་གི་ཆོས་ཉིད་ཅིག་ཏུ་སུས་ཀྱང་ཐག་གཅོད་བྱེད་ག་ལ་ཐུབ། ད་ལྟའི་བོད་ཀྱི་ས་ཁུལ་གོག་པོ་དག་ན་གནས་བཅོས་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་ གསོའི་ལག་ལེན་ཡང་། དབྱུག་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཆགས་ཡོད། འཚོ་བ་དང་སློབ་ཁྲིད་སོགས་འགན་ཁུར་མི་གཅིག་པའི་དགེ་རྒན་རེ་རེའི་ཕྱག་ཏུ་རིང་ཐུང་དང་ཕྲ་སྦོམ་མི་འདྲ་བའི་ཁྲིམས་དབྱུག་(ལྕགས། འགྱིག སྨྱུག་མ། ཤིང་སོགས་ཡོད།)ཐོགས་ཤིང་། བྱིས་པ་ལ་ལ་ཉིན་གཅིག་གི་བསླབ་བྱ་གཙོ་བོ་གསུམ་སྟེ། བོད་ཡིག་རྒྱ་ཡིག་གྲངས་རིག་བཅས་ཀྱི་སྐབས་སོ་སོར་གཅར་རྡུང་ཐེངས་མང་རེག་པས་ལུས་ཀྱིས་མ་ལྕོགས་པ་དང་ཞེད་སྣང་གིས་དྲན་པ་འཐོར་ཏེ་ས་ལ་འགྱེལ་བའང་ཡོད། མགོ་ལུས་ཧྲིལ་བོ་རྨ་ཁས་ཁྱབ་ནས་མིག་གིས་ལྟ་མི་བཟོད་པ་ལྟ་བུའང་གང་མང་མཐོང་བྱུང་། ད་དུང་དགེ་རྒན་ཁ་ཤས་ཀྱི་ལག་ན་གློག་དབྱུག (电棒)འཇུས་ཏེ། གང་སར་སློབ་ཕྲུག་རྣམས་ལ་སྐད་མཐོན་པོས་འཇིགས་སྐུལ་བྱེད་པར་བལྟས་ན། བྱིས་པ་ཚོ་ཕར་ཟད་ཁྱིམ་བདག་རང་ག་བ་ཞིག་གིས་མཐོང་ཡང་། སེམས་སུ་དོགས་མི་བདེ་བའི་ཞེད་སྣང་ཞིག་འགོག་མེད་དུ་སྐྱེ་སྲིད། འདི་འདྲའི་ཁོར་ཡུག་གི་གནས་སྟངས་འོག སློབ་མར་གཅར་རྡུང་བྱེད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཏེ། སློབ་མ་ཆེ་ཆུང་གང་ཡིན་རུང་དགེ་རྒན་ནི་རྡུང་མཁན་དང་རང་ཉིད་ནམ་ཡང་འཛེད་མཁན་ཡིན་པའི་འདུ་ཤེས་ཤིག་ཀྱང་རང་བཞིན་གྱིས་ཆགས་ཡོད་པས། དགེ་རྒན་ནི་ནམ་ཡང་རྒྱལ་བོ་དང་ཁྲིམས་དཔོན་ལྟ་བུ་ཡིན་ལ། རང་ཉིད་ནི་བྲན་གཡོག་དང་ཉེས་ཅན་ལྟར། མགོ་བསྒུར་ནས་ཡིན་མིན་གྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ནུས། ཡང་དགེ་རྒན་ལ་ལས། གཟའ་འཁོར་འགའ་རེའི་ནང་དུ་སློབ་ཁྲིད་ལ་ཞུགས་མི་ཆོག་པར་མ་ ཟད། སྐྱོན་བརྗོད་ཡི་གེ་ཤོག་ལྡེབ་བརྒྱ་ཕྲག་ཁ་ཤས་འབྲི་རུ་འཇུག་པ་དང། སློབ་གྲྭའི་ར་ བསྐོར་དུ་སྐེ་ལ་ཤོག་བྱང་བཏགས་ནས་རྐུབ་སྟེགས་སྟེང་ལངས་སྡོད་པ། རྩམ་སྐྱ་བཟའ་ཞིང་ ཆོས་སྤྱོད་འདོན་དུ་འཇུག་པ་སོགས་གང་དྲན་ལྟར་འོས་འཚམ་མ་ཡིན་པའི་སྒྲིག་ཁྲིམས་ལག་བསྟར་བྱེད་ཅིང་། ལག་འཁྱེར་ཁ་པར་དང་རྩིས་འཁོར་སོགས་གཞུང་བཞེས་གནང་སྟེ། དགེ་སློབ་ཡོངས་རྫོགས་ཀྱི་མངོན་སུམ་མིག་གི་མདུན་དུ། བཙན་བསྐུལ་གྱིས་སློབ་ཕྲུག་རང་ཉིད་ལ་བཅག་ཧྲིག་བྱེད་དུ་འཇུག་པ་སོགས་སློབ་གྲྭའི་ཁོར་ཡུག་ཏུ་འབྱུང་མི་འོས་པའི་སྣང་ཚུལ་རིམ་པར་བྱུང་།
གང་ལྟར་བྱིས་པ་ཚོའི་མིག་ལམ་དུ་དགེ་རྒན་ནི་ཡང་དག་པའི་ཚད་ཤིང་ཡིན། ཁྱིམ་བདག་ གིས་ཀྱང་“ཡི་གེ་ཞིག་ཤེས་ན། བསད་བཏང་རུང་འགྱོད་པ་མེད”ཅེས་བྱིས་པའི་ཡོད་ཚད་ཐེ་ཚོམ་སྤུ་ཙམ་མེད་པར་དགེ་རྒན་ལ་གཏད། རེད་དེ་གནམ་འོག་གི་ཕ་མ་སུ་ཡིན་རུང་བུ་ཕྲུག་ཚོའི་འབྱུང་འགྱུར་གྱི་ཆེད་དུ་བསམ་བློ་མི་གཏོང་མཁན་གཅིག་ཀྱང་མེད། དགེ་རྒན་ཚོས་ཀྱང་དུས་དེ་ནས་འགན་གཙང་ལེན་བྱས་ཏེ། སློབ་ཕྲུག་ཚོའི་འགྲོ་འདུག་སྤྱོད་གསུམ་དང་ཤེས་བྱ་ཁྲིད་སྟོན་སོགས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་དབྱུག་པའི་སློབ་གསོ་མང་དུ་སྤྲད། ནམ་རྒྱུན་དགེ་རྒན་གྱིས་རྡུང་རྡེག་བྱེད་ཚད་ཚང་མ་སློབ་མའི་འབྱུང་འགྱུར་གྱི་ཆེད་དུ་ཡིན་པས། བླ་མས་ཅི་གསུང་ཆོས་དང་། མཛུབ་མོ་གར་བསྟན་ཤར་ཡིན་མོད། འོན་ཀྱང་། སློབ་གྲྭ་ནས་ཐོབ་དགོས་པའི་སློབ་གསོ་དེ་དབྱུག་པའི་བཙན་ཤུགས་ཁོ་ན་མ་ཡིན་པར། སློབ་མའི་སེམས་ཁམས་དང་མཐུན་པར་བྱམས་བརྩེའི་སློབ་གསོ་ངོ་མ་ཞིག་སྤྲོད་དགོས་པ་མ་ཡིན་ནམ།
སློབ་གྲྭ་ནི་ཤེས་ཡོན་སློབ་སྦྱོང་བྱེད་ས་ཡིན་ལ། མི་གཞི་གསར་བའི་བླ་སྲོག་གི་འབྱུང་གནས་ ཀྱང་ཡིན། སློབ་ཐར་ཕྱིན་པའི་སློབ་མ་ནི་སློབ་གྲྭའི་ཐོན་རྫས་ཡིན་ཞེས་བརྗོད་ཆོག་ཅིང་། སློབ་གྲྭའི་སྤུས་ཚད་ནི་སྤྱི་ཚོགས་ཧྲིལ་བོའི་སྤུས་ཚད་ཡིན་པར་ཡང་བརྗོད་ཆོག མདོར་ན་ འདི་དག་ཐམས་ཅད་ཀྱི་རྩ་བའི་སྤུས་ཚད་དེ་དགེ་རྒན་ལ་ཐུག་བསྡད་ཡོད། སློབ་མའི་སློབ་ སྦྱོང་དང་འཚོ་བའི་གོམས་གཤིས། ཀུན་སྤྱོད་ལེགས་པོ་བཅས་ནི་ལྷན་སྐྱེས་སུ་གྲུབ་པ་ཞིག་ མིན་པས། ཉིན་རྒྱུན་གྱི་འཚོ་བའི་ལག་ལེན་གྱི་སློབ་གསོ་མྱོང་བ་དང་། རང་ཉིད་ཀྱིས་སྦྱོང་ བརྡར་བརྒྱུད་ནས་འཕེལ་རྒྱས་བྱུང་བ་རེད། ལྷག་པར་དུ་སློབ་ཆུང་སློབ་མའི་སྐབས་ནི་བྱིས་ པའི་གཤིས་སྤྱོད་སྐྱེ་འཚར་གྱི་དུས་རིམ་ལགས་ན། སྐྱོན་ཆ་བཟོ་ཚད་ཀྱང་ཆེས་མང་བའི་ སྐབས་ཡིན། དགེ་རྒན་གྱིས་དབྱུག་པས་འཇིགས་སྐུལ་དང་བཙན་ཐབས་ཀྱི་སློབ་གསོ་ཁོ་ན་ སྤྱད་ཚེ། བྱིས་པ་དེའི་ལུས་ཀྱི་ན་ཚ་དང་སེམས་ཀྱི་འཇིགས་སྐྲག་སོགས་ཀྱི་རྐྱེན་པས། མི་ཚེ་ སེམས་ཁྲལ་ཁོ་ནས་ཉིན་མཚན་འདའ་རྒྱུ་དེ་འམ། ནམ་རྒྱུན་འཚོ་བར་རེ་ཐག་ཆད་དེ་རང་ དམན་ཁོ་ན་འཛིན་པ་ལས་ཕུགས་བསམ་དང་སྤྱི་ཚོགས་ལ་གདོང་གཏོད་པའི་སྤོབས་སེམས་ཧ་ཅང་ཞན།
སློབ་མར་ཤ་ཚ་བ་ནི་ཆེས་གལ་ཆེན་པོ་ཞིག་ཡིན་ལ། སློབ་མར་ཤ་ཚ་ཤེས་རྒྱུ་ནི་དེ་ལས་ཀྱང་ གལ་ཆེན་པོ་ཞིག་ཡིན་ཅེས་པ་ལྟར། དབྱུག་པས་གཅར་རྡུང་ཙམ་གྱིས་ཤ་ཚ་ཐག་གཅོད་བྱེད་མི་ཐུབ་ཅིང་། སློབ་མའི་བསམ་བློ་ཀུན་སྤྱོད་སོགས་མི་གཞི་གཙང་མའི་བླ་སྲོག་གི་བཟོ་སྐྲུན་ ཡང་བྱེད་ག་ལ་ཐུབ། སློབ་མ་རེ་རེའི་ལོ་ནའི་ཁྱད་ཆོས་དང་སེམས་ཁམས་ཀྱི་ཁྱད་ཆོས་སོགས་ལ་རྒྱུས་ལོན་ཡང་དག་པ་བྱས་ཏེ། དམིགས་ཡུལ་གསལ་བའི་སྒོ་ནས་སེམས་ཁམས་སློབ་གསོའི་བྱེད་ཐབས་ལག་བསྟར་བྱ་རྒྱུ་ནི་སློབ་ཕྲུག་བདེ་ཐང་ངང་འཚར་ལོངས་འབྱུང་བའི་རྨང་གཞི་གལ་ཆེན་ཞིག་ཡིན། དབྱུག་ཁྲིམས་སློབ་གསོ་ལ་གནས་སྐབས་ཕན་འབྲས་ཐོན་པ་ལྟར་སྣང་ཡང་། བཙན་སྐུལ་ལ་ འཇིགས་ནས་ཕྱིའི་རྣམ་འགྱུར་བཟང་ཙམ་སྟོན་པ་ལས་ཡང་དག་ཚད་ལྡན་གྱི་སློབ་གསོ་མིན། དེ་ནི་བཙུར་ན་བརྩི་ཞིང་གློད་ན་མེད་པས་བེད་མེད་ཆུ་ཤིང་གི་སློབ་གསོ་རེད་ཅེས་བརྗོད་ ཆོག དགེ་རྒན་གྱིས་སློབ་མར་སློབ་གསོ་སྤྲོད་སྐབས་གཙོ་གནད་སེམས་ལ་སྤྲོད་པ་ལས། སྡོང་ བོ་བཅོ་མཁན་ཞིག་དང་འདྲ་བར་གཞོག་གཏུབ་གཅོད་གསུམ་དང་། ལྕགས་མགར་བ་ཞིག་ དང་མཚུངས་བར་བསྲེགས་བརྡུང་བཅོམ་གསུམ་གཏན་ནས་བྱེད་མི་རུང་། གཞན་གྱི་བཟོ་ བཅས་འོག་འཚར་ལོངས་བྱུང་བའི་ཤིང་སྡོང་དེ་ཇི་འདྲའི་མཛེས་ཀྱང་སྐྱོན་ཅན་ནམ་བཅོས་མ་ཞིག་དང་། བསྲེགས་སྦྱངས་བྱས་ཟིན་པའི་ལྕགས་དེ་སྔ་མའི་རྣོ་ཤུགས་རྩ་བ་ནས་ཉམས་ཏེ་འཚོ་བ་དང་ཁ་གཏད་དུ་ནམ་ཡང་བག་འཁུམ་གྱི་གནས་སྟངས་བསྒྱུར་མི་ཐུབ། དེ་ན་དགེ་རྒན་ནི་དགུན་དུས་ཀྱི་བུམ་པའི་ནང་གི་མེ་ཏོག་གཉོར་མཁན་ལྟ་བུ་ཞིག་བྱེད་དགོས། སློབ་གྲྭའི་འོས་འགན་ནི་སློབ་མ་ཤེས་ཡོན་ལྡན་པ། སྤོབས་པ་ཆེ་བ། སྤྱི་དོན་ལ་སེམས་པ། གཞན་ལ་རོགས་རམ་བྱེད་པ། ཡ་རབས་གུས་ཞབས་ཤེས་པ་སོགས་དུས་རབས་དང་མཐུན་པའི་མི་ཚད་ལྡན་ཞིག་སྐྱེད་སྲིང་བྱ་རྒྱུ་མ་ཡིན་ནམ། ང་ཚོས་ངེས་པར་དུ་དབྱུག་པ་དང་སློབ་གསོའི་བར་འབྲེལ་བ་ཅི་ཞིག་ཡོད་པ་དང་། ཁྲིམས་དབྱུག་ནི་སློབ་གསོའི་བྱེད་ཐབས་ཡང་དག་པ་ཞིག་ཡིན་ནམ། ཁྲིམས་དབྱུག་འོག་གི་བཙན་སྐུལ་གྱི་སློབ་གསོ་འདིས་སློབ་ཕྲུག་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་གནོད་ཅི་ཞིག་བྱུང་ཡོད་དམ། སློབ་གསོ་ཞེས་པ་གཙོ་གནད་གང་ལ་དམིགས་དགོས་ཤིང་སློབ་གསོ་ཅི་ཞིག་གཏོང་དགོས་པ་སོགས་ཁ་ཚ་དགོས་གཏུག་གི་དོན་འདི་དག་ལ་རིམ་པར་གཞིགས་ནས། རྣམ་པ་མི་འདྲ་བའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་མའི་སེམས་གཤིས་ནུས་པ་ཇེ་བཟང་དུ་གཏོང་དགོས། དགེ་རྒན་གྱི་གོ་དོན་ནི། སློབ་མའི་ལུས་ངག་ཡིད་གསུམ་དགེ་ལ་སྦྱོར་ཞིང་། སློབ་མ་རང་ཉིད་ལས་ཡོན་ཏན་གྱིས་རྒན་པ་ཞིག་ལ་ཟེར་ཞིང་། ཇི་སྐད་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲར་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།། ཞེས་པ་ལྟར་དགེ་རྒན་ལ་མཚན་ཉིད་བཅུ་དང་ལྡན་དགོས་པར་གསུངས་པ་སོགས་མདོ་རྒྱུད་བསྟན་བཅོས་རྣམས་སུའང་དགེ་བའི་བཤེས་གཉེན་ནམ་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་མང་དུ་བསྟན་ཡོད། དགེ་རྒན་ནི་མཐོ་རིམ་སློབ་གསོ་ཐོབ་པའི་གང་ཟག་ཡིན་ལ། ཤེས་ཡོན་དང་སྤྱོད་ལམ་གང་ཅིས་ཐད་སྤྱི་ཚོགས་སྟེང་གཞན་དང་མི་འདྲ་བའི་མཐོ་རིམ་ཤེས་ལྡན་མི་སྣ་ཡིན་པས།སློབ་མའི་ལུས་ཀྱི་སྤྱོད་ཚུལ།ངག་གི་བཤད་སྟངས། ཡིད་ཀྱི་བསམ་བློ་གཏོང་ཚུལ་བཅས་ཡང་དག་སྐྱོན་བྲལ་གྱི་ཕྱོགས་སུ་ཁ་ལོ་བསྒྱུར་རྒྱུའི་འོས་འགན་དང་འཇོན་ཐང་ལྡན། གལ་ཏེ་དབྱུག་པས་བཙན་སྐུལ་གྱི་བྱེད་ཐབས་ཙམ་ལས་བྱེད་སྟངས་གཞན་མི་ཤེས་ན་སློབ་ཆེན་དང་ཞིབ་འཇུག་སློབ་མ་སོགས་བཏོན་པའི་དགེ་བ་ཅི་ཡང་མ་དམིགས་སོ།། དབྱུག་པས་གཅར་རྡུང་ཙམ་ནི་སློབ་གསོ་གཏན་མ་ཐོབ་པའི་གནག་རྫི་རྒན་པོས་ཀྱང་བསྒྲུབ་ཐུབ་པའི་ཕྱིར།
རྒྱལ་ཁབ་རིམ་པའི་གཏན་ཁེལ་ལྟར་ལོ་དགུའི་སློབ་གསོ་ལག་བསྟར་བྱས་པའི་ཚུན་ལ་ཕྱོགས་ཡོངས་ནས་སློབ་གསོའི་བྱ་བར་གྲུབ་འབྲས་མི་དམན་པ་བླངས་མོད། འོན་ཀྱང་། “ས་ཁ་རྒྱ་ན་ཅ་ལི་མགོ་རྒྱ”ཞེས་པའི་ཁ་དཔེ་ལྟར། དེང་རབས་བོད་ཀྱི་ས་ཁུག་གོག་པོ་དག་ན་གནས་བཅའ་བའི་སློབ་གྲྭ་ཆུང་འབྲིང་གང་མང་དུ་ཡ་ང་བའི་དབྱུག་ཁྲིམས་དང་བཙན་སྐུལ་སོགས་ཀྱི་སྣང་ཚུལ་རྒྱུན་པར་མཐོང་ཐུབ། ཁོང་ཚོར་ལྟར་སྣང་གི་རྒྱུ་མཚན་ཧ་ཅང་མང་སྟེ།དཔེར་་ན། “ཁོར་ཡུག་འདི་འདྲའི་འོག་ཏུ་དགེ་རྒན་གྱིས་སློབ་མར་གཅར་རྡུང་མི་བྱེད་ག་མེད་རེད།” “སློབ་མར་གཅར་རྡུང་བྱེད་པ་ནི་སློབ་མར་ཤ་ཚ་བའི་རྟགས་ཡིན།”(དཔེར་ན།རྟ་རྒྱུགས་འགྲན་སྡུར་ཁྲོད་རྗེས་ལུས་ཐེབས་བཞིན་པའི་འདོ་བ་ལ་ལྕག་ཚན་གྱིས་བཞུས་ན་ཇེ་མགྱོགས་སུ་འགྲོ་བ་དང་མཚུངས།)“སྔོན་བྱོན་བོད་ཀྱི་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་གྲུབ་དག་ཀྱང་དབྱུག་ཁྲིམས་འོག་བྱུང་ནི་རེད།” “གོ་བ་མེད་པའི་གླང་རྒན་ལ།། རྒྱལ་བོའི་བཀའ་ལས་དབྱུག་པ་བཙན།།” ཞེས་དབྱུག་པས་རྡུང་དགོས་ཚུལ་ཀྱི་གནས་ལུགས་མང་པོ་ཕྲེང་བ་འདྲེན་འདྲེན་དང་རྒྱུ་མ་འདེད་འདེད་བྱས་ཀྱང་། དེ་ནི་རླབས་ཆེ་ཞིང་སྤྱི་ཚོགས་ཀྱིས་གོང་བཀུར་ཐོབ་པའི་མི་དམངས་དགེ་རྒན་ཞིག་གིས་གསུང་བའི་སྐྱོན་མེད་ཡང་དག་གི་རྒྱུ་མཚན་རྣལ་མ་ཞིག་གཏན་ནས་མ་རེད།
སློབ་གསོ་མྱོང་མཁན་དེ་སློབ་མ་ཡིན་པ་ལས་གླང་རྒན་མིན། སློབ་གསོ་གཏོང་མཁན་ཡང་ དགེ་རྒན་ཡིན་པ་ལས་རྒྱལ་བོ་མིན། ཁོར་ཡུག་གང་འདྲ་ཞིག་དང་ཤ་ཚ་ཇི་འདྲའི་ཆེ་རུང་ དགེ་རྒན་གྱིས་དུས་རབས་གསར་བའི་ནང་སློབ་མར་གཅར་རྡུང་བྱེད་པའིདབང་ཆ་མེད། ནམ་རྒྱུན་དབྱུག་པའི་བཀའ་ཁྲིམས་ལག་བསྟར་བྱས་ཚེ། དགེ་རྒན་དབྱུག་པ་དང་བྲལ་བའི་ ཉིན་མོ་ནི་སློབ་མ་རྣམས་སློབ་གསོ་དང་ཁ་བྲལ་བའི་ཉིན་མོ་ཡིན་ངེས་སོ།།
དགེ་རྒན་གྱི་སློབ་གསོས་སློབ་མའི་འཚོ་གནས་གནད་དོན་ལ་ཕན་ཐོགས་འབྱུང་དགོས་པ་དང་། སློབ་མའི་ཆ་མི་ཚང་བ་གང་ཞིག་ཆ་ཚང་དུ་གཏོང་དགོས། སློབ་མ་ནི་གཏོར་རྩམ་མིན་ལ། དགེ་རྒན་ནི་གཏོར་བཟོ་ཡིན་མི་རུང་པས། དགེ་རྒན་རང་རང་གི་བློ་འདོད་ལྟར་སློབ་མར་དག་སྒྲིག་བྱས་ན་སློབ་མའི་གསར་གཏོད་འདུ་ཤེས་དང་། རང་བཀུར་འདུ་ཤེས། སྤོབས་པའི་འདུ་ཤེས་སོགས་རྩ་བརླག་གཏོང་སྲིད།
དབྱུག་པའི་སློབ་གསོ་རྒྱུན་འབྱམས་སུ་སོང་བའི་སློབ་གྲྭའི་འཁོར་ཡུག་འདི་འདྲའི་འོག་དུ་ ཉིན་གཅིག་ལ་རལ་གྲིས་བཅད་པ་ལྟར་བསྒྱུར་བཅོས་གཏོང་རྒྱུ་ནི་ལས་སླ་མོ་ཞིག་གཏན་ ནས་མ་རེད། ཡིན་ཡང་བྱེད་ཐབས་སྣ་མང་སྤྱད་དེ་དབྱུག་པས་རྡུང་བ་ནས་ཇེ་ཉུང་། ཇེ་ཉུང་ནས་རིམ་བཞིན་མེད་པར་བཟོ་བའི་ཕྱོགས་སུ་ཁ་གཏད་དེ། སློབ་ཕྲུག་དག་རང་ཉིད་ཀྱི་བྱིས་པ་ལྟར་གང་ཕན་ཅི་ནུས་ཀྱིས་གསོ་སྒྲུབ་བཅོས་བསྒྱུར་བྱས་ན་སློབ་མའི་སེམས་ཁུང་གི་“བྱམས་བརྩེ་ལྡན་པའི་དགེ་རྒན་”ཞིག་བྱེད་ཐུབ་པར་འདོད། འདི་ལྟར་རིམ་གྱིས་སེམས་ཁམས་སློབ་གསོའི་ནུས་པ་ཇེ་མཐོར་སོང་བ་དང་བསྟུན་ནས། སློབ་མར་རང་བཞིན་གྱིས་སློབ་སྦྱོང་གི་དགའ་སྣང་དང་། སྒྲིག་ཁྲིམས་ལ་རང་བརྩིའི་འདུ་ཤེས་སོགས་ཆགས་ནས་སྦྱངས་འབྲས་ནུས་པ་གོང་འཕེལ་གཏོང་ཐུབ་པར་མ་ཟད། སློབ་གྲྭར་མིང་དོན་མཚུངས་བའི་ཤེས་རིག་གི་ཞིང་ཁམས་སུ་རྟོགས་ནས་གཏན་དུ་ཁ་འབྲལ་འདོད་མེད་པའི་བསམ་བློ་འགོག་མེད་དུ་སྐྱེའོ།།
མཇུག་མཐར་དགེ་རྒན་གྱི་དབྱིག་ཁྲིམས་བཙན་པོས་འཇིགས་སྐུལ་མཚམས་བཞག་ནས་བྱམས་བརྩེའི་སློབ་གསོའི་འཛུམ་རྒྱ་ལྷུག་པོར་གྲོལ་བ་དང་བཅས་དགོངས་འཆར་ལྷུག་སྩོལ་གནང་རོགས་ཞུ།
རྩོམ་ཁུངས། ངེད་དྲ་བ།