དགུན་ཟླའི་རླབས་ཀྱིས་སྐྱོམས་པའི་སེམས་པ།
རི་ལུང་ཡོངས་རྫོགས་ཁ་བས་གཡོག་པའི་དགུན་ཟླ་འདིར། ལྷགས་རླུང་གི་སོ་ཁ་རྣོན་པོས་ས་གཞི་ལ་སྦར་འདྲེད་བྱེད་བཞིན་གང་སར་འགྱུ་དུས། མཚར་ལ་སྡུག་པའི་འཛུམ་མདང་གི་ཁྱོད་ཀྱི་ཞལ་རས་སྒོར་མོ་དང་། ཞི་འཇམ་གྱི་སྙིང་གཏམ་དེ་དག་སྒེའུ་ཁུང་ལས་འཕྲོས་བའི་ཉི་འོད་བཞིན། སླར་ཡང་ངའི་སེམས་པའི་གཏིང་སར་ག་ལེར་སིམ་བྱུང་།
ཉིན་ཞག་རེས་མས་ཀྱིས་འཁོར་བའི་ལོ་ཟླ་ནི་གཙང་ཆུའི་བཞུར་རྒྱུན་ལྟར་རིང་ལ། ང་དང་ཁྱོད་ཀྱི་བར་ཐག་ཀྱང་རྒྱ་མཚོའི་ཕ་རོལ་དང་རི་བོའི་ཚུར་རོལ་དུ་གྱེས། ཁ་བ་ལྷབ་ལྷུབ་དུ་འབབ་པའི་དགུན་ཟླའི་མཚན་མོ་རེ་རེར། ཁ་བའི་འདབ་ཕྲེང་གསོན་པོ་མིག་ཆུས་རྫི་བཞིན། དྲན་སྣང་གི་དབྱངས་རྟ་ཕྲ་མོ་ག་ལེར་ཁོག་ཏུ་མིད་ཀྱིན། དཔྱིད་མགོའི་མེ་ཏོག་གི་མཚར་སྡུག་བཞད་འདྲའི་འུ་གཉིས་ཀྱི་ཁ་སང་གི་གཏམ་རྒྱུད་དམར་པོ་གསལ་ལེར་དྲན་ཅིང་། བསམ་མེད་ཀྱི་གླེན་པ་ངའང་བརྗེད་ག་ལ་སྲིད།
དགུན་གཞུང་འདིར། ངས་གཏམ་རྒྱུད་མང་པོ་ཞིག་བསུས་ཤིང་རྨི་ལམ་མང་པོ་ཞིག་དོར་ནས། སློབ་ཕྲུག་ཚོའི་འདོན་ཀློག་དང་། འཁུར་དཀའ་བའི་རང་ཉིད་ཀྱི་ལས་འགན་ལྕི་མོ་འདི་ཨུ་ཚུགས་ཀྱིས་འཁུར་ཏེ། དཀར་ནག་གི་ཉིན་མཚན་གྲངས་མེད་ཆུ་བོའི་རྒྱུན་བཞིན་ཇི་ལྟར་བཞུར་སོང་བའང་མ་ཤེས། གང་ལྟར། གྲང་བསིལ་བསིལ་གྱི་མི་རྐྱང་གི་ཁང་མིག་ཆུང་ཆུང་འདིར་། ཁུ་སུམ་མེར། ལྷང་འཇགས་སེ། ལུས་སེམས་ལ་བཙན་གྱིས་ལྕགས་ཟ་བཏབ་ཀྱང་། སེམས་པའི་རི་ལུང་བཅོ་བརྒྱད།། སྨུག་པས་སངས་རྒྱུ་མི་འདུག། ངས་རང་ཉིད་ཀྱི་མདུད་པ་ཡོད་ཚད་ལྷུག་པོར་གྲོལ་ནས། ལྕགས་རིའི་ཕར་རྒྱབ་དུ་སེམས་པ་གཡེང་དུས། ཚོད་ཚོད་ལ་ཁྱོད་དང་ངའི་ཁ་སང་མཐོང་ཞིང་སང་ཉིན་དྲན། ཁེར་གཞས་ལྷོད་པོ་ཞིག་སེམས་ནས་སྒྲིག་བཞིན་དུ་ང་གང་དུ་འགྲོ་དགོས་སམ། སྐབས་དེར། ཡང་བསྐྱར་ངས་ཁྱོད་རང་གླེང་ཞིང་། ད་དུང་ཁྱོད་ཀྱི་ཕྱི་ནང་ན་ཡོད་པའི་རྔོན་པ་ཁ་ཤས་ཀྱང་ངང་གིས་དྲན། ངོ་མ་ཁྱོད་ནི་ སྤང་མེ་ཏོག་མཛེས་པའི་དབྱར་གཞུང་དང་འདྲ་ལ། ང་ནི་ཐང་སྐྱ་བོར་ལུས་པའི་དགུན་གཞུང་གི་ཁུ་བྱུག་དང་ཅིའི་མི་མཚུངས།
དགུན་གཞུང་འདིར། གནམ་འོག་ཁ་བས་མནན་ཅིང་། ས་སྟེང་ལྷགས་པས་བཅུན། རྫི་རླུང་གི་ཁ་ཤུ་བཙན་པོས་གང་ས་གང་དུ་ཁངས་སྐྱ་བྱེ་རྡུལ་ལྟར་གཙུབ་དུས། ཤ་རུས་ཁྲག་ལམ་གྱི་རྩ་ཁམས་ཡོངས་རྫོགས་རྨང་ནས་འཁྱགས། དག་དག་དེ་ནི་ཕལ་ཆེར་ཁྱོད་ང་དང་བྲལ་ཏེ་རྡོ་འབུམ་ཉག་ཁ་ནས་ཕྱི་མིག་ཐེངས་གཅིག་བལྟས་པ་དང་ཨ་ན་མ་ན་རེད།
རེད་ཡ། མི་ཚེ་ནི་སུ་ཞིག་གིས་སྔ་མོ་ནས་བཏབ་པའི་ཁྲ་མ་དང་འདྲ་བར། གང་ནས་མགོ་བརྩམས་ཤིང་། གང་དུ་མཇུག་བསྡུ་དགོས་པའང་འུ་ཅག་ལ་གསལ་ཁ་མེད་སྟབས། ཁྱོད་ནི་ངའི་སེམས་ཁོང་ན་ལྷམ་མེར་བཞད་པའི་གསེར་ཆེན་མེ་ཏོག་རྐང་གཅིག་དང་། ང་ཡང་ཁྱོད་ཀྱི་ཟེའུ་འབྲུ་ལ་དུངས་བའི་སྦྲང་ཆུང་དེ་ཡིན་ན་བསམ་མོད། ལས་དབང་ངམ་སྟེས་དབང་གང་རུང་ཞིག་གིས་ཁྱོད་ནི་ལྕགས་རི་དམར་ནག་འདིའི་ཕ་རོལ་བརྒལ་ཞིང་། ང་ཡང་རྒྱང་གྲགས་བརྒྱད་ཀྱི་ཕ་རོལ་དུ་བྱེས། འུ་གཉིས་ཀྱི་གོད་ཆག་བཙན་པའི་འཇིག་རྟེན་འདི། ཐོར་ཟིན་པའི་ཕྲེང་རྡོག་ལྟར་སྒྲིག་བཞིན། རང་རང་སར་སྐྱོ་གདུང་རུམ་གང་ཁུར་ནས། ཕན་ཚུན་གྱི་ཞལ་ངོ་ཐེངས་གཅིག་ལ་རིག་ཐུབ་ན་ཐོབ་འདོད་པའི་རེ་བ་ལྷག་མ་གཞན་གང་ཡང་མེད་ལ། ཞེ་སྡུག་པའི་ཡིད་རྟེན་གཞན་གང་ཡང་མེད་མོད། ལོ་ཟླ་གྲངས་མེད་ཅིག་ཕྱི་ནང་དུ་ཤམ་ཤམ་བཞུར་བའི་ཁྱོད་གྱི་མིག་ཆུ་དང་། ཕྱི་གསལ་ནང་གསལ་གྱི་སྙིང་གཏམ་དེ་དག་མི་ལོ་ནས་བསྐལ་བ་འདས་ཀྱང་དུས་གཏན་དུ་བརྗེད་ག་ལ་ཐུབ་ཨང་།
ཅི་ཡང་མེད་པའི་དགུན་ཟླ་འདིར། ངས་ཁྱོད་རང་བསམས་ཞིང་། ཁྱོད་རང་བསམ་བཞིན་མིག་ཟུང་གཏན་ནས་བཙུམ་མ་ཐུབ། ངས་མེ་ལོང་ནང་ཁེར་རྐྱང་གི་ངོ་གདོང་ཟད་པོར་ཡང་ཡང་ལྟ་ཞོར། རྙིང་རུལ་དུ་གྱུར་བའི་རུ་སྡེ་ཕྲ་མོ་འདིའི་མི་ཁ་དང་། ཁྱོད་དང་ངའི་འུ་ཐུག་གི་ཐོབ་ཐང་བསམ་བཞིན། རང་དབང་ནི་བདེ་སྐྱིད་ཀྱི་ས་བོན་དང་། གཞན་དབང་ནི་སྡུག་བསྔལ་གྱི་སྔོན་འགྲོ་ཡིན་པའི་ངེས་ཤེས་གཏིང་ནས་རྙེད་པས། ཨ་ཕའི་ཨུ་ཚུགས་ཀྱི་གཡག་རྭ་རྩད་ནས་ཆག་ཤིང་། ཨ་མའི་འདོད་རྔམས་ཀྱི་མེ་ལྕེ་རྨང་ནས་བཅིལ་ཏེ། གདམ་ཀ་རང་ཉིད་ལ་དབང་བའི་ལམ་ཁ་ཞིག་ཡོད་ན་ཅི་མ་རུང་།
སྒེའུ་ཁུང་ཕྱི་རོལ་གྱི་ལྷགས་རླུང་ངར་མའི་རལ་ཁ་ཇེ་རྩུབ་ཇེ་རྩུབ་རེད། ཁེར་རྐྱང་གི་ང་། སྟོང་སིང་སིང་གི་ཁང་མིག་འདིའི་གྲུ་ཟུར་གང་རུང་དུ་ཁུ་སུམ་མེར་འདུག་འདོད་མེད་པར། སློབ་གྲྭའི་ཕྱི་རོལ་གྱི་ཆང་ཁང་ཉུལ་ནས། འགྱིང་ཉམས་ངང་དགུན་ཆང་མངར་མོ་ཞིག་གི་བཟི་ཁ་ཨུ་ཚུགས་ཀྱིས་མུད་དེ། 《འུ་གཉིས་གྱི་བར་ཐག་》ཅེས་པའི་སྙན་ངག་ཅིག་སེམས་སུ་སྒྲིག་བཞིན། ད་ལྟ་ངས་བརྩེ་དུང་གི་ཡང་སྙིང་རྟོགས་ཤིང་། ཁྱོད་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་སེམས་ཤུགས་རྙེད་ཀྱང་།“མེ་ཏོག་སྐྱེས་པ་སྔ་སོང་།།སྦྲང་མ་སླེབས་པ་འཕྱིས་སོང་།།”
རྫ་ལུང་གི་འབྲོང་བརྒྱ་རི་ལ་མ་གཤར་བའི་སྔ་རོལ་དུ། འཛིན་མའི་གངས་འཁྱགས་རླུང་གིས་མ་གཏོར་བའི་གོང་རོལ་དུ། ཕ་མའི་ངག་ཚིག་གི་བཀའ་ལུང་བཙན་པོས། ཁྱོད་ཕ་ཡུལ་དང་ཁ་ཐག་རིང་བའི་ཆ་མེད་ཀྱི་རུ་སྡེ་ཞིག་ཏུ་མི་འདོད་བཞིན་འགྲོ་དགོས་བྱུང་། ཞེན་ཆགས་ལྕི་མོ་ཞིག་ཁུར་ནས་ཕྱི་མིག་ལང་ལོང་། ངུ་སྐད་ལྷང་ལྷང་། སུ་ཞིག་དྲན་པའི་རང་དབང་གི་སེམས་འགྱུ་སྙོམ་པོ་རུམ་གང་ཉར་ནས། ང་དང་ཇེ་རིང་ནས་ཇེ་རིང་དུ་གྱེས་དུས། དགོན་པའི་འདུ་ཁང་གི་གཡེར་དྲིལ་འཇམ་པོའི་གཉིད་འགུག་གི་དབྱངས་རྟའི་ཁྲོད། ངས་ཀྱང་ཁྱོད་ལ་གསོལ་འདེབས་དང་རྟེན་འབྲེལ་གྱི་མེ་ཏོག་དཀར་པོ་མཁའ་དབྱིངས་ནས་གཏོར་བཞིན། གང་ལའང་སྙིང་བོ་མེད་པའི་ཕྱི་ཚུལ་རྣལ་མ་ཞིག་འཁྲབ་སྟོན་བྱས།
དགུན་གཞུང་འདིར། ལྷགས་རླུང་གིས་རུས་རྐང་གཟེར། འཁྱག་དར་གྱིས་གཙང་བརྒྱ་བསྡམས། ངས་དབྱར་གང་རུང་ཞིག་གི་མཛེས་སྡུག་སྒོམ་ཞོར། མང་བོ་ཞིག་དྲན་ཞིང་། མང་བོ་ཞིག་ལ་བློས་བསླངས་བྱས་མོད། ཁ་པར་ལས་བཞུར་འོང་བའི་ཁྱོད་གྱི་ཁ་ཚིག་བཙན་པོས། འཁྲུལ་སྣང་ཡོད་ཚད་ཀྱི་སྒོ་མོ་གཏན་དུ་བརྒྱབ། ཁྱོད་ལའང་ཁག་མི་འདུག་སྟེ། ངས་འདི་ལྟར་ཁ་རོག་གེར་ཁྱོད་ཉིད་དྲན་བཞིན། ཕྱི་འགྱོད་དང་མིག་ཆུའི་ཀློང་ན་ཁྱིམ་གཞིས་དྲོན་མོ་ཞིག་ལ་རེ་བས་སྒུག་པའང་ངོ་མ་ལོས་ཡིན།
རྩོམ་ཁུངས། ངེད་དྲ་བ།