མཐོང་སྣང་ཁྲོད་ཀྱི་དོན་གྲུབ་རྒྱལ།
སྤྱི་ལོ་༡༩༨༥ལོའི་ཟླ་༡༡ཚེས་༢༩ཀྱི་ནངས་མོར། དགུང་གྲངས་སོ་གཉིས་སུ་སོན་པའི་གཞོན་སྐྱེས་ཞིག་མི་ཡུལ་དང་གཏན་དུ་ཁ་བྲལ་བས། ས་སྒང་གི་ཡུལ་གྲུ་སོ་སོའི་ བདེན་པའི་སྐྱེས་བུ་གང་མང་ཞིག་གི་སེམས་པ་སྐྱོ་གདུང་གིས་མནར་ཅིང་། མིག་མཐའ་འཁྱག་རློན་སིབ་སིབ་དུ་གྱུར་སོང་། གཞོན་སྐྱེས་དེ་ནི་གངས་ཅན་པའི་རླབས་ཆེན་རྩོམ་མཁན་དོན་གྲུབ་རྒྱལ་རེད།
རྨོངས་ཞེན་ཨུ་ཚུགས་ཀྱིས་བཏུས་པའི་བོད་ཡུལ་ལུང་བ་ནས་དགུང་གྲངས་སོ་གཉིས་ཙམ་ལ་འཚོ་ཞིང་བཞུགས་པའི་ཁོང་ཉིད་ནི། ཆོས་མིན་སྲིད་མིན་གྱི་ལོ་རྒྱུས་ཀྱི་འགག་ཕྲེང་དུ་མ་བརྒྱུད་ཅིང་། སྐྱ་མིན་སེར་མིན་གྱིས་སྤེལ་བའི་སྒེར་གཅོད་འབུར་ འཇོམས་ཀྱི་རྒོལ་རྡུང་དང་གཉའ་གནོན་གྱི་ལམ་ཀྱོག་གང་མང་བརྒྱུད་མྱོང་ནའང་། ཕ་མས་གནང་བའི་རླབས་ཆེན་གྱི་མགོ་བོ་གང་ཕྱི་རོལ་རྒྱུ་ནོར་དང་སྙན་གྲགས། གཉའ་གནོན་དང་བཙན་ཤུགས་ཀྱི་རྡོག་འོག་ཏུ་བཞག་མ་མྱོང་ལ། རང་གི་ཐོས་ བརྩོན་དང་རྣམ་དཔྱོད་ལས་འཁྲུངས་པའི་ངུ་ངག་གང་ཡང་ཕ་རོལ་གཡོ་ཟོལ་གྱི་དྲི་ངན་གང་གིས་བསླད་དུ་མ་བསྲེས་པས་ད་བཟོད་ཕྱི་རབས་པས་ཁོང་ལ་བདེན་པའི་སྐྱེས་བུ་ཞེས་བསུབ་མེད་ཀྱི་མཚན་སྙན་ཡང་གསོལ་ཡོད།
སྤྱིར་བཤད་ན། དོན་གྲུབ་རྒྱལ་ནི་བདེན་སྟོབས་ཀྱི་ལམ་བུར་ཉུལ་བའི་གཞོན་སྐྱེས་རླབས་ཆེན་ཞིག་སྟེ། ཡུན་ཐུང་མི་ཚེའི་འཚོལ་དཔྱོད་ཀྱི་འགྲུལ་བཞུད་ཁྲོད་ནས། མི་ རྣམས་ཀྱིས་ཁོང་ལ་ཕྱོགས་མི་འདྲ་བའི་གླེང་བརྗོད་རེ་རེ་དང་དོན་མ་འདྲ་བའི་དཔྱད་འཇོག་གང་མང་སྤེལ་མྱོང་བ་རེད། ལྟ་བ་ཟུར་གཅིག་དང་སྣ་གཅིག་སྟེ་ཡོད་ཚད་ཆོས་ལུགས་གིས་དབང་བསྒྱུར་འདོད་པའི་ཧམ་སེམས་ཀྱི་གདོང་གཏད་དུ་ལངས་བའི་སྤོབས་པ་གཟེངས་སུ་མཐོ་བའི་རྩོམ་མཁན་ཁོང་ཉིད་རླབས་ཆེན་སྐྱེས་བུ་ཡིན་མིན་གྱི་གླེང་གཞིར་བཟུང་ནས་མི་ལོ་བཅུ་ཕྲག་འགོར་བའི་རྗེས་སུ། ཁོང་གི་བསལ་བློ་དང་ལག་ལེན། བརྩམས་ཆོས་སོགས་ཀྱི་ཐད་ལ་དོགས་སློང་དང་དགག་སྒྲུབ་སྣ་ཚོགས་ཐོན་པ་རེད།
ལྷག་པར་ཁོང་གིས་ལག་ལེན་ཁྲོད་ནས་བུད་མེད་ལ་མཐོང་ཆུང་བྱེད་པ། ཆོས་ལུགས་ལ་དད་པ་མེད་པས་ལྟ་ལོག་པ་དང་གསང་ཉུལ་བ་སོགས་ལབ་གླེང་སྣ་ཚོགས་སུ་གྲགས་ཀྱང་། འཇིག་རྟེན་འདིའི་སོ་སྐྱེས་ཀྱི་སྐྱེས་བུ་ཕལ་བ་ཞིག་ལ་མཚོན་ན། སྐྱོན་ཡོན་གཉིས་འདུས་སུ་གྲུབ་པ་ལས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་འཛོམས་ནི་ཡོད་དུ་མེད་པའི་ཆོས་ཉིད་ལ་བསམ་ན། སྐྱེས་བུ་གང་གི་སྐྱོན་ཆ་ནི་རྒྱུན་ལྡན་དུ་ངེས་པས་སྐྱོན་ཆ་ཁོ་ནས་སྐྱེས་བུ་གང་གི་མཛད་རྣམ་དོར་ག་ལ་རུང་།
གང་ལྟར་འདི་ནས་ཡར་བརྩིས་པའི་ལོ་ངོ་བཅུ་ཕྲག་འགའི་སྔོན་དུ། ཆོས་སྲིད་ ཟུང་འབྲེལ་ཞེས་སྒེར་གཅོད་ལམ་ལུགས་ཀྱིས་དབང་དུ་བསྡུས་པའི་རིག་གནས་ཤིག་གི་འཚོ་གནས་ཀྱི་མཁའ་དབུགས་ཁྲོད་སྐྱེས་བུ་སྒེར་གྱི་ཐོབ་ཐང་དང་ཁེ་དབང་། རང་དབང་དང་བསམ་བློ་སྟེ་མི་ལ་མིའི་འཚོ་གནས་ཀྱི་དབང་ཆའི་དབུལ་བའི་བཙན་ དབང་ཆིག་གཅོད་ཀྱིས་བོད་ཡུལ་ལུང་བ་རྨོངས་ཚོད་མུན་ནག་གི་ཁེབས་པའི་ཚེ། རླབས་ཆེན་གྱི་སྐྱེས་བུ་ཁོང་ཉིད་དཔྱོད་ཤེས་ཀྱི་བློ་མིག་བར་ནས་ཁེར་ཚུགས་བརྟན་ བརླིང་དུ་འགྲེང་སྟེ་བྲན་གཡོག་ལམ་ལུགས་ཀྱི་གོམས་སྲོལ་ཀྱི་ནག་ཉེས་ལ་ཐེར་འདོན་བྱས་ཏེ་《སྤྲུལ་སྐུ་ར་ཛ་ན་མ་》དང་《སད་ཀྱིས་བཅོམ་པའི་མེ་ཏོག》སོགས་བདེན་པ་དང་དཀྱེལ་ཡངས་ལ་འབོད་བརྡ་བཏང་མྱོང་བའི་མཛད་རྣམ་དག་ནི། སུས་ཀྱ་ གཏུབ་ཏུ་མེད་པའི་དོན་དངོས་ཀྱི་གཏན་ཚིགས་རྣལ་མ་ཞིག་ཏུ་ངེས་ཨང་།
གུས་པོར་མཚོན་ན། དོན་འགྲུབ་རྒྱལ་ནི་ཞབས་དཀར་ཚོགས་དྲུག་གི་སྤྲུལ་སྐུ་ཞེས་མིའི་མཛད་རྣམ་ལྷ་འདྲེའི་སྒྱུ་འཕྲུལ་ཏུ་བསྒྱུར་བའི་དཔྱད་བརྗོད་ཅིག་སྤེལ་རྩིས་མེད་ལ། གདོན་འདྲེ་དང་ལྟ་ལོག་བསྟན་བཤིག་ཅེས་མི་ཉིད་ཁྱི་གྲལ་དུ་འཕེན་པའི་གླེང་ གཞི་ཀྱང་སྤེལ་འདོད་མ་མཆིས་མོད། ཡོད་ཚད་ལྟ་ཚུལ་སྣ་གཅིག་གིས་སྒེར་སྡོམ་དུ་ བསྒྱུར་ཏེ། མི་བུའི་རིན་ཐང་གི་ལྟ་ཚུལ་རྦད་དེ་བསུབ་ཅིང་བླ་མའི་ཅི་གསུངས་ཚད་ མར་འཛིན་པའི་ཀླ་ཀློའི་མུན་ནག་གི་དུས་རབས་དེར། བདེན་པའི་སྙིང་སྟོབས་ཀྱི་ འཇིག་རྟེན་ལ་དཀར་ངོགས་ཀྱི་ཞིང་ས་བསྐྲུན་པ་སྨྲས་ཤིང་རྟོགས་ཏེ། བདེན་པ་ བརྡར་ཞིང་གནས་ལུགས་གཤིབ་པའི་བློ་སྤོབས་དང་མཁྱེན་དཔྱོད་དག་ལ་ཡང་ཡང་དཔྱད་ཅིང་བསམ་པས། ཁོང་ཉིད་ལ་རྗེས་དྲན་གྱི་སྐད་འབོད་ཅིག་བྲི་བར་ཞུགས་སོ།
སྟོང་འཕྲུལ་གྱི་དམྱལ་བ་དོན་དངོས་སུ་གྱུར་བ་ལྟ་བུའི་དྲག་སྦྱོར་གྱི་གཏུམས་པའི་ཁོར་ཡུག་དེ་རུ། བླ་མའི་གཅིག་སྐྱག་རིན་ཆེན་ནོར་བུ་བསྒོམ་ཞིང་གསར་བ་ཐམས་ ཅད་བདུད་ཀྱི་འཕྲུལ་དུ་འདོད་པས་དམའ་འབེབས་དང་མནར་གཅོད་ཀྱི་ལས་སྦྱོར་དག་ཁོང་གི་ལུས་ཤེས་ཀྱིས་མྱོང་དུ་གྱུར་པ་ན། ཆོས་པའི་འཁོར་བ་སྐྱོང་བའི་ཀླ་ཀློ་རྨོངས་ཚོད་ཀྱི་སོ་ཁ་ནས་མི་ཚེའི་སྙིང་བོར་འཐིམ་པའི་བརྩེ་དུང་དང་ཐོབ་ཐང་དག་ཀྱང་རྨག་མེད་བཅོམ་པའི་རྙིང་ཞེན་གྱི་ནག་ཉེས་ལ་ངེས་ཤེས་རྙེད།
དེ་ལྟར་རྨོངས་དད་ཀྱི་དུས་སྐབས་དེར། འཚོ་གནས་ལ་གདམ་དབང་བྲལ་བའི་ ན་ཆུང་ཕོ་མོ་མང་བོ་ཡུལ་སྲོལ་གྱི་ཐེམ་སྐས་ནས་རྒས་ཤིང་། མྱི་ཁ་ཡི་ནད་ཡམས་ཁྲོད་བཞུད་པའི་དབང་འཛིན་པས་སྒེར་གཅོད་ཀྱིས་མིའི་འཚོ་གནས་ཀྱི་སྲོག་དབང་ འཕྲོག་པའི་སྐྱོ་གར་གྱི་དོན་དངོས་དག་མཐོང་དུས། ཁོང་གིས་མི་ནི་མ་གཞི་ནས་རང་དབང་ལྡན་པའི་སྲོག་ཆགས་སུ་མཐོང་ཞིང་། མི་དང་མི་ནི་ནམ་ཡང་འདྲ་མཉམ་ དང་མཉམ་གནས་སུ་འདོད་པས། རྙིང་དོར་གསར་འདྲེན་གྱི་འཚོ་ཐབས་གསར་བ་ཞིག་ལ་རེ་ཞིང་སྨོན་ཕྱིན《ལང་ཚོའི་རྦབ་ཆུ་》དང་《རྐང་ལམ་ཕྲ་མོ》སོགས་དང་སྐུལ་གྱི་བརྩམས་ཆོས་གསོན་པོ་རེ་གསར་དུ་བཞེངས།
ལེགས་པར་བསམ་ན། དོན་གྲུབ་རྒྱལ་ནི་རྩོམ་རིག་ནི་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བ་ལས་བྱུང་ཞིང་། སྤྱི་ཚོགས་མཚོན་བྱེད་ཀྱི་རིག་རྩལ་དེ་ཡང་རྩོམ་རིག་ཡིན་པར་སྨྲས་ཤིང་སྐུལ་མཁན་ཞིག་ཏེ། དུས་དེ་ནས་དོན་གྲུབ་རྒྱལ་གྱིས་ངེས་པ་དོན་དུ་འཚོ་ གནས་རང་དབང་སྙེག་པ་དང་། ཁ་མིན་སེམས་ཀྱིས་སྒེར་གཅོད་དང་རྫུན་གཏམ་ལ་དགག་སྒྲུབ་དང་སུན་འབྱིན་བྱས་ཏེ། གཅེས་པའི་ཚེ་སྲོག་གསོན་པོའང་དེ་དག་གི་ འབེན་དུ་གྱུར་ཀྱང་དེ་དག་གི་ཁ་གཏད་དུ་ལངས་པའི་མི་གཤིས་སྙིང་སྟོབས་ཀྱི་གོ་ཆ་བསྣབས་ཏེ་《གསར་བྱུང་གི་སྟོབས་ཤུགས་མེད་པ་ཡིན་ན། རྒྱ་མཚོ་ཡིན་ཀྱང་རུལ་བར་འགྱུར་ལ། གསར་གཏོད་ཀྱི་སྙིང་སྟོབས་མེད་པ་ཡིན་ན། གསར་བ་ཡིན་ཀྱང་སྙིང་བོ་ག་ལ་ཡོད》 དང་གསར་གཏོད་ཀྱི་སྙིང་སྟོབས་མེད་ན། དྲང་བདེན་ཟེར་བའང་མེད་ལ། རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད་ཅེས་པའི་ཁ་གཡང་འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་མི་ཡུལ་གྱི་ཡུལ་ལུང་ལ་བསྒྲགས་ཤིང་བྲིས་པས་གཡག་སྣ་ཁུ་ཚུར་དང་བླུན་པོ་ནོར་རྐྱལ་གྱི་དུས་རབས་ནི་རྨོངས་མུན་རྙིང་ཞེན་གྱི་སོ་ཁ་རུ་ཡོད་པ་གསལ་འདེབས་བྱས།
དེ་ལྟར་མི་ཚེ་རྩོམ་རིག་ལ་བཅོལ་ཅིང་སྨྱུ་གུ་དང་དཔེ་ཤོག་ཁྲོད་ཟད་པའི་དོན་གྲུབ་རྒྱལ་ལ་མཚོན་ན། ཁོང་ཉིད་འཚོ་སྡོད་གནང་སའི་དུས་སྐབས་ཀྱི་རང་རེ་ནི་ལུང་དང་སྲོལ་གྱི་བཤད་སྒྲོས་ཙམ་དོན་དུ་བཟུང་ནས་དཔྱད་པའི་འབྲས་བུ་བདེན་པར་མི་བལྟ་བའི་གཡོན་ལྷུང་འོག་གནས་ཤིང་། ཆེན་པོ་མཐོན་པོ་ཚོའི་སྒེར་གཅོད་ཀྱི་རྫུན་ གཏམ་མཐའ་དག་ལགས་སོ་ཁོ་ནས་བསྒྲུབ་པར་བརྟེན། དོན་དངོས་ཀྱི་བདེན་པ་ལུགས་འགལ་དུ་བལྟ་བའི་རང་རེའི་འཚོ་གནས་ཀྱི་སྐས་ཐེམ་ནས་དཀར་ནག་དབྱེ་ འབྱེད་ཀྱི་བདེན་པའི་འབོད་སྐད་ཅིག་སྒྲོག་ཏུ་མ་མཆིས་ཏེ། ང་ཚོར་དོན་དངོས་ལས་གཡོལ་ཞིང་རབ་བཏགས་དང་སྒྲོ་འདོགས་ཀྱིས་བསླད་པའི་འུར་བསྟོད་དག་ལས་ཅི་ཞིག་ཡོད་ཨང་།
རྒྱུ་མཚན་དེ་འདྲ་གྲུབ་ཕྱིར། དོན་གྲུབ་རྒྱལ་གྱི་དངོས་རྒོལ་གྱི་ལས་སྤྱོད་མཐའ་དག་བདུད་ཀྱི་ཆོ་འཕྲུལ་དུ་བཞེད་ཅིང་གླེན་པའི་རང་འཚང་དུ་འདོད་ནས་འགྲེལ་ ཞིང་མཛད་པའི་མཐོན་པོ་དག་གིས་ནི་རང་གི་ཞབས་གསང་བསྲུང་ཆེད་ལས་ཁོར་ ཡུག་གི་སྣང་བརྙན་རྫོབ་པོ་དག་ཕྱི་རུ་བླུད་ནས་བདེན་དོན་གྱི་གཏམ་རེ་ལབ་པ་ནི་ དོན་དུ་ཁོང་གིས་རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་སྐྱག་རྫུན་གྱི་སྲོལ་གོམས་དག་རྒྱང་དུ་དོར་ནས་ཀུན་སྤྱོད་བདེན་དྲང་གི་ལམ་བུར་ཉུལ་བ་སུས་ཀྱང་མ་རྟོགས་ཨང་།
གུས་པོར་མཚོན་ན། དོན་གྲུབ་རྒྱལ་གྱི་མཛད་རྣམ་ཁྲོད་ནས་དཔེ་ཆ་བའི་འགན་འཁྲི་དང་། བདེན་དྲང་བློ་མིག་ཟེར་བའང་རྟོགས་སོང་བས་དད་འདུན་རྣམ་དག་གི་ཡིད་སྨོན་སྐྱེས་པ་དང་ལྷན་དུ། ཁོང་གི་ཐུགས་ཀྱི་གནས་ཁྱིམ་དུ་བོད་ཅེས་པའི་མི་རིགས་ཤིག་གསོན་པོར་གནས་ཤིང་། ཁོང་གི་འཁྱོག་མེད་ཀྱི་སྨྱུག་རྩེ་ནས་བོད་ཅེས་པའི་འཚོ་གནས་ཀྱི་ངོ་གདོང་ཞིག་གསལ་བོར་བྲིས་ཡོད་ཕྱིན་ཁོང་ཉིད་འདི་ལྟར་འཆི་ལམ་དུ་བཞུད་པ་ནི་གྱོང་གུད་དང་ཕམ་ཁ་རུ་འདོད་པའི་སྐྱོ་གདུང་ཅིག་གིས་མནར་བྱུང་།
མདོར་ན། ལྟ་སྟངས་སྣ་ཚོགས་ཀྱི་མྱོང་རོལ་བྱེད་སྟངས་ལས། སྨྱུག་ཐོགས་མཁན་གང་གིས་དཀྱེལ་ཡངས་དཔྱོད་ཤེས་ཀྱི་མིག་ཤེལ་བསྣབས་ཤིང་རྒྱུ་འབྲས་དྲང་སྙོམས་ཀྱིས་སྐྱེས་བུ་ཁོང་གི་མཛད་རྣམ་ལ་སྐྱོན་བརྗོད་དང་ཐེར་འདོན། སུན་འབྱིན་དང་དཔྱད་བརྗོད་གང་འདྲ་གནང་ཡང་རྗེས་སུ་ཡིད་རིང་དང་གུས་བཀུར་གྱི་གནས་སུ་ འདོད་པ་ལས་མཁས་དབང་ཁོང་གི་ཅི་གསུང་ཚད་མ་དང་ཅི་འདོད་ངོ་མཚར་རེད་ ཅེས་རང་འདོད་མཆོག་བཟུང་མ་ཡིན་པར། དུས་རབས་ཤིག་དང་མི་རབས་ཤིག་ལ་མཚོན་ན་ཁོང་ནི་གཟི་བརྗིད་དང་ང་རྒྱལ་དུ་ངེས་པར་མཐོང་བས་བྲིས་སོ༎
རྩོམ་ཁུངས། ངེད་དྲ་བ།