མཚན་གུང་གི་རྨི་ལམ།
རལ་གྲི་རྣོ་ངར་ཅན་ཞིག་ང་ཡི་སྐེ་ལ་བཞག་ནས་ན་ཚ་ཟུག་གཟེར་ཅི་ཡང་མེད་པར་སྐེ་འབྲེག་གིན་པར་སྣང་བའི་སྒང་ལ། དབུགས་འབྱིན་རྔུབ་དཀའ་བའི་སྣང་བ་ཞིག་གིས་འཕག་འཚག་ཙམ་བྱས། སླར་རོ་མཆོག་བཅུད་ལྡན་གྱི་བདུད་རྩི་ཁམ་གང་བླུད་བྱུང་བས་ང་རང་རེ་ཞིག་བཟི་ཉེས་སུ་གྱུར་ཡོད་པ་འདྲ།
ཨེན་ཙམ་འགོར་རྗེས་རླུང་ནག་འཚུབ་མ་ཞིག་གིས་ཕྱི་རོལ་གྱི་སྒེའུ་ཁུང་ངོས་སུ་ས་རྡུལ་གྱི་ཟེགས་མ་གཏོར་གྱིན་པའི་ཤག་སྒྲ་གཟན་པོས་ང་རང་གློ་རྡེག་ལ་གཉིད་ལས་བསླངས་དུས། དཀར་ཞིང་གསལ་བའི་ཟླ་འོད་སྒེའུ་ཁུང་བརྒྱུད་དེ་སྔས་ལ་ཕོག་ནས་མཛའ་མོའི་ཞལ་རས་དང་གཞི་གཅིག་ཏུ་འདྲེས་འདུག
ཏག་ཏག་རྨིས་པའི་རྨི་ལམ་དེ་ག་རེ་རེད་སྙམ་ནས་གཉིད་མ་སད་དུ་བརྩེ་བས་ཁེངས་པའི་ཟླ་འོད་ཀྱི་དཀར་ངོགས་ནས་གྱང་ལྡེབས་ཀྱི་ཆུ་ཚོད་ལ་བལྟས་ཚེ། མཚན་དཀྱིལ་དུ་སླེབས་འདུག་ཅིང་། ཕྱི་འཇགས་ནང་འཇགས་སུ་གྱུར་བའི་ཁང་མིག་འདི་རུ་ང་ཁོ་ན་མཚན་མོ་འདིའི་རྨི་ལམ་གྱི་ཡང་སྙིང་ལ་མནོ་བསམ་གཏོང་མཁན་དེ་ཡིན་ཨང་། མཛའ་མོའི་སྔུར་དབྱངས་ཁོ་ན་ང་ཡི་བསམ་གཞིག་དཀྲོག་བྱེད་ལ་དཀྲོལ་བའི་རོལ་དབྱངས་འགྱུར་ཁུགས་ཅན་ཞིག་ཡིན་ཨང་།
རོལ་དབྱངས་དེའི་བཟི་ཁའི་ཀློང་ནས་ངས་མཛའ་མོའི་ཞལ་རས་ལ་ཅེར་བཞིན་རྨི་ལམ་ནང་གི་རལ་གྲི་རྣོ་ངར་ཅན་དེ་དང་བདུད་རྩི་རོ་མཆོག་ཅན་དེ་གཉིས་ལ་བསམ་གཞིག་ཞིབ་ཏུ་བཏང་། བསམ་བློ་བཏང་བཏང་མཐར་ང་ཡི་སེམས་བདེ་ལ་བབས་མ་བྱུང་བས། ཁོ་མོ་གཉིད་ལས་བསླངས་ཏེ་ངས་རྨི་ལམ་རྨིས་ཚུལ་ཁོ་མོར་གསང་གཏམ་ཞིག་གི་ཟོལ་གྱིས་ཤབ་ཤུབ་ཏུ་བཤད་པ་ན། ཁོ་མོས་ང་ཡི་རྨི་ལམ་ལ་འགྲེལ་བཤད་བསོར་མོ་ཞིག་བརྒྱབ་བྱུང་།
ཁོ་མོས་བཤད་རྒྱུར། རལ་གྲི་རྣོ་ངར་ཅན་དེ་ང་ཡི་ལག་ཟུང་ཡིན་ངེས་ལ། བདུད་རྩི་རོ་མཆོག་ཅན་དེ་ང་ཡི་མཆུ་སྒྲོས་ཡིན་ངེས། ད་དུང་་་་་་་་་ཞེས་འགྲེལ་བཤད་བརྒྱབ་ཅིང་། ད་དུང་ཁོ་མོས་ཀྱང་རྨི་ལམ་དེ་འདྲ་ཞིག་རྨིས་ཚུལ་སོགས་བཤད་ནས་ཡུན་རིང་འགོར་སོང་།
སྐབས་དེ་ཏག་ཏག་ཆུ་ཚོད་བཞི་བ་བརྒལ་ཟིན་ཡང་གཉིད་ཡེ་ནས་ཁུགས་མ་སོང་ལ། ཁ་བརྡ་ཤབ་ཤུབ་དེའི་མཇུག་ཀྱང་མ་རྫོགས་གོང་ཁོ་མོས་སླར་ཡང་ལག་ཟུང་ངའི་མགུལ་བར་འཁྱུད་ནས་རྨི་ལམ་གཞན་ཞིག་རྨི་ན་འདོད་ཚུལ་ལབ་བྱུང་།
༢༠༡༣ ༢ ༨ མཚན་མོར།
རྩོམ་ཁུངས། ངེད་དྲ་བ།