ང་ནི་ནམ་ཡང་སྤྲང་རྒན་ཞིག་ཡིན།

  ང་ནི་ཅི་ཡང་མེད་པའི་སྤྲང་རྒན་ཞིག་ཡིན། འཇིག་རྟེན་གྱི་ཁམས་སུ་གཅེར་བུར་འོངས་ཤིང་། འཇིག་རྟེན་གྱི་ཁམས་སུ་ལག་སྟོང་གི་འོང་བས། དུས་དེ་རིང་ད་དུང་འཇིག་རྟེན་གྱི་ཁམས་ན་ངོ་ཚའི་སྒྲིབ་གཡོག་འགེབས་བྱེད་ཀྱི་ཚབ་ཏུ་ཕྱི་གོས་ཙམ་གྱོན་ཡོད་རུང་། ད་དུང་ནམ་ཡང་ལག་སྟོང་མཆན་ལ་བཙིར་བའི་སྤྲང་རྒན་ཞིག་གི་རྣམ་ཤེས་ལྷུར་ལེན་བྱས་ཡོད། སྐྱེ་བ་སྔ་ཕྱི་ཡི་གོ་རིམ་བར་ན་ང་ནམ་ཡང་སྤྲང་རྒན་ཞིག་གི་ལས་དབང་གི་ཐོབ་སྐལ་ལས་ཅི་ཡང་ཡོད་མི་སྲིད་པ་འདྲ། སྤྲང་རྒན་ཉམ་ཆུང་ཞིག་གི་སྐྱེ་བའི་ངའི་ལུས་རྟེན་དྲོན་མོ་འདི་ཟང་ཟིང་གི་འདུ་འཛིའི་དབུས་ན་ཅི་ཡང་བཙལ་ཀྱང་ཅི་ཡང་མ་རྙེད་པར་འཇིག་རྟེན་གྱི་དག་སྣང་ཡོད་ཚད་ལ་སྐྱུག་དྲི་བྲོ་བར་རློམ་ནས་ཧད་དེ་བསྡད་ཡོད།
  རྙོག་འཛིང་གི་འདུ་ར་ཁྲ་མོའི་སྤྱི་ཚོགས་ཀྱི་གཞི་ན། ང་དང་ང་འདྲ་བའི་སྤྲང་རྒན་སྐོར་ཞིག་གིས་རང་སེམས་གསོ་བའི་མེ་ལྕེ་དྲོན་མོ་དགུང་དུ་སྒྲོན་བཞིན། ལད་ཟློས་དང་སེམས་ཚེགས་ཀྱིས་ཁེངས་པའི་རང་སེམས་སྐྱིད་ལ་སྐུར་བའི་སྐོར་བྲོའི་སྟངས་སྟབས་འཁྱར་འཁྱོར་ཅིག་འཁྲབ་བཞིན་ཉི་མ་འདའ་ཐབས་བྱེད་པའི་ཨུ་ཚུགས་སྐམ་པོའི་བྲག་ཅའི་སྒྲ་དབྱངས་འདི་ད་ལྟ་ད་དུང་རྣ་བར་ཅི་འདྲའི་སྙན་པ་ལ་ཨང་། བློས་བཏང་གི་འཁོར་བ་འཛིན་མཁན་པ་རྣམས། འཁོར་བའི་རྩེ་མོ་ན་སྨྱོ་ཧམ་གྱིས་གད་རྒྱངས་སྒྲོག་བཞིན་ཆོག་ཤེས་མེད་པའི་ལག་རིང་གིས་མདུང་ཐུང་སྐོར་འཕེན་བྱེད་བཞིན་རང་ཉིད་ཀྱི་ཤ་ཁྲག་འཇིབ་བརྔུ་བྱེད་པའི་ཟློས་གར་འདི་ཅི་འདྲའི་མིག་ལམ་དུ་མཛེས་པ་ལ་ཨང་།
  ངའི་བློས་ཐུབ་ཀྱི་སྤྲང་རྒན་ཚོགས། མིག་རྒྱ་མི་ཤོང་བའི་རྟག་བརྟན་གྱི་ཁོར་ཡུག་འདི་ན། ང་ཚོར་ཤོང་སའི་ས་གཞི་ལག་མཐིལ་ཙམ་ཞིག་རེག་པའི་གོ་སྐབས་བཙལ་འདོད་ཀྱི་བློ་རྒྱ་ཡངས་པོ་ང་ཚོར་ནམ་ཞིག་ལ་ཡོད་སྲིད་དམ། ངའི་བཞུད་ཟིན་པའི་མེས་པོ་ཚོས་ཀྱང་ལག་སྟོང་མཆན་ལ་བཙིར་ནས་བུད་སོང་བས། གཞི་ལུས་ཀྱི་སྤྲང་རྒན་ཁྱུ་ཚོགས་ཚོས་མེས་པོའི་བཞུད་ལམ་འཁྱོག་བཟོ་གཏོང་ཞོར་དུ་རྩོད་བརྟག་གི་དབྱེ་བ་ནམ་ཡང་བགར་མ་ཐུབ་པར། གྲགས་འདོད་དང་ཕྱོགས་ལྷུང་། ཕྲག་དོག གཡོ་སྒྱུ། རྫུན་གཏམ་སོགས་ཀྱིས་མི་གཙང་བའི་དྲི་མ་སྣ་ལ་གཟན་པ་དག་རྔུབ་ཞོར་དུ་ང་རྒྱལ་ཁེངས་དྲེགས་ཀྱི་སྤོབས་པས་བཟི་བའི་འགྱིང་ཚུལ་འདི་ནི་ཅི་འདྲའི་ཡིད་དུ་མི་འོང་བ་ཞིག་རེད་ཨང་།
  ལོ་རྒྱུས་ཀྱི་རླབས་རྒྱུན་ངོགས་ན། ང་ནམ་ཡང་གད་སྙིགས་ཀྱི་ཕུང་བོའི་ཁྲོད་ན་འཚར་སྐྱེད་འབྱུང་བའི་མེ་ཏོག་མདོག་མེད་ཉམ་ཆུང་ཞིག་ཡིན་པས། ངས་དཔྱིད་ཀའི་དྲོད་འཇམ་དང་། དཔྱིད་ཀའི་མཚར་སྡུག་ཁྱེར་ཡོང་མི་ཐུབ་ལ། ཟླ་བཞི་བའི་ཁུ་བྱུག་གི་གསུང་སྙན་ཡང་ཐོས་པའི་གོ་སྐབས་རེག་པར་དཀའ་བས། ང་ནམ་ཡང་གད་སྙིགས་དང་འགྲོགས་ནས་མི་གཙང་བའི་དྲི་མ་སྣ་ཚོགས་ལུས་སུ་བསྣམས་ནས་གད་སྙིགས་ཀྱི་ནང་དུ་འཐིམ་དགོས་པ་ལས་དབང་གིས་བཀོད་སྒྲིག་རེད། དེར་བརྟེན་མི་ཡུལ་གྱི་དག་ཞིང་འདི་ནས་རང་ཉིད་ཀྱི་རྣམ་ཤེས་ཟད་པོ་སྤྲང་རྒན་ཟེར་བའི་མིང་བྱང་གི་ཀློང་དུ་འཛུལ་ནས་མག་མོག་གི་ལོ་ཟླ་དང་འགྲོགས་ཏེ། ང་ནི་ནམ་ཡང་སྤྲང་རྒན་ཞིག་ཡིན་ཞེས་པའི་གླུ་ངག་དབྱངས་སུ་གྱེར་ནས་ཐོ་རེངས་ཀྱི་སྐར་ཆེན་ཤར་སའི་གནམ་སའི་མཚམས་སུ་སྙེག་པའི་བློ་སྤོབས་མཁའ་ལ་ཕྱར་ཏེ། རྡུལ་རླུང་གི་ཁྲོད་ན་ཟད་པའི་དཔེ་རལ་དག་སྔས་སུ་བརྟེན་ནས་སྐྱོ་སྡུག་གི་མིག་ཆུ་ཁོག་ཏུ་རུམ་ནས་དཔེ་ཀློག་པ་སྤྲང་རྒན་ཞིག་གི་མིང་བྱང་ཐོད་ལ་ཤར་འདོད་ཀྱི་འདུན་པ་དབྱིངས་སུ་འདེགས་འདོད་ཀྱི་སྤོབས་པ་མ་ཤི་བར་དུ་ཉམས་མི་སྲིད་པའི་དམ་བཅའ་སྙིང་ལ་བརྐོ་འདོད་ཡོད་དོ།།
  གསལ་བཤད། ཁ་སང་གཅན་ཚའི་མི་རིགས་སློབ་འབྲིང་གཉིས་པའི་རང་གི་བློས་ཐུབ་ཀྱི་གྲོགས་པོ་འགའ་ཞིག་དང་མཉམ་དུ་དཔེ་ཀློག་གི་ཕྱོགས་ནས་ལབ་གླེང་མང་པོ་བྱས་པའི་མཇུག་འབྲས་ཀྱི་ཁྲོད་ནས། རང་ལ་སྨྲ་མི་ཤེས་པའི་ཚོར་འདུ་རྒྱ་ཡན་ཞིག་ངང་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེས་པས། སེམས་ལ་གང་དྲན་འདི་དྲན་མེད་པའི་སྒོ་ནས་གོང་གི་མྱོང་ཚོར་འདི་ཤར་མར་རང་ཁྱིམ་ནས་བྲིས་པ་དགེའོ།།
      ༢༠༡༣ལོའི་ཟླ༢པའི་ཚེས༢༢ཉིན།   ཞེས་གཅན་རྣམ་ཐར་འབོད་པའི་སྤྲང་རྒན་དེ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ནི་ནམ་ཡང་སྤྲང་རྒན་ཞིག་ཡིན།

2013-02-28 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།