མི་ཚེ་དང་ཉམས་ལེན་གྱི་མཐུན་སྦྱོར།
༄༅།།སངས་རྒྱས་ལ་ཕྱག་འཚལ་ལོ། །
དེ་ཡང་འཇར་མན་གྱི་མཚན་ཉིད་རིག་པ་སྨྲ་བའི་སློབ་དཔོན་ཆེན་མོ་སུའུ་པེན་ཧར་གྱིས་༼བསམ་གཞིག་གི་སྐོར་༽ཞེས་པའི་གཞུང་དུ། བསམ་གཞིག་བྱེད་པ་དང་དཔེ་ཆ་ཀློག་པ་གཉིས་ཀྱི་བསམ་བློའི་ཐད་ཀྱི་བྱེད་ནུས་ནི་ཤིན་ཏུ་མི་འདྲ་བར་བཤད་ཆོག་སྟེ། ཁྱད་པར་ཆེ་དྲགས་པ་ཡིད་མི་ཆེས་པའི་ཚོད་དུ་འདུག་ཅེས་བརྗོད་ཡོད་ལ། ལྟ་བ་ཡང་དག་པའི་སྒྲོན་མའི་ལུང་དཔལ་རོང་ཟོམ་པས་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་གཞུང་དུ་དྲངས་པ་ལས་ཀྱང༌། མཉམ་པའི་དོན་ཉིད་བློ་དང་མ་མཉམ་ན། །ཚིག་གི་མཉམ་པས་རྟོག་པའི་ཀླུང་མི་ཟློག །ཅེས་གསུངས་ཏེ། དོན་འདི་གཉིས་ཀྱི་སྒྲས་ཟིན་ལ་ཕྲ་རགས་ཀྱི་བར་ཁྱད་ཅུང་ཟད་ཡོད་མིན་ལ་མ་ལྟོས་པར་ཕྱོགས་གཅིག་པའི་གསུང་དུ་འདུག
ལུང་ཚིག་དུམ་བུ་འདི་གཉིས་ཀྱིས་གཞི་བྱས་ཏེ་བསམ་བློ་ཞིག་གཏོང་དུས། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་ཅི་ཙམ་མང་པོ་ཞིག་ལ། སངས་རྒྱས་ཀྱི་དགོངས་པ་དེ་བསམ་གཞིག་གི་ནུས་པའི་ཁྱབ་ཁོངས་སུ་བཀོལ་ནས་མི་ཚེའི་མྱོང་བ་དངོས་ལ་བསྒྱུར་རྒྱུའི་གོ་རྟོགས་ཤིན་ཏུ་ཞན་པར་མ་ཟད། ཐ་ན། རྣམ་དཔྱོད་གྱི་གོ་རྟོགས་ལེགས་པོ་ཡོད་པའི་དཔེ་ཆ་བ་རྣམས་ཀྱིས་ཀྱང་ཞི་གནས་དང་ལྷག་མཐོང་གི་རིམ་པ་འདི་དག་འབྲེལ་མེད་གྱི་སློབ་ཚན་ཞིག་ནང་བཞིན་ཟུར་བཅད་བྱས་འདུག
ད་དུང་རང་དང་ཉམས་ལེན་དེ་དག་གི་བར་དུ་སེང་གེའི་འོ་མ་དང་རྫ་བུམ་གྱི་ལྟ་ཚུལ་བཟུང་ཡོད་ལ། ལྟ་ཚུལ་དེ་ནི་མུ་ཏོ་བ་དང་རྒྱལ་སྲིད་ལྟ་བུ་ཞིག་ཀྱང་ཡིན། དེ་འདྲའི་གནས་སྟངས་འོག་ཉམས་ལེན་དེ་དག་རང་གི་མི་ཚེའི་ཆ་ཤས་དང་བློ་སྒོ་འབྱེད་བྱེད་གྱི་ཐབས་ལམ་སྟེ། སྒོ་བསྟེན་སྨན་ཁང་ལྟར་ལས་སླ་བོས་བསྟེན་གཏུགས་བྱ་རུང་ཞིག་ཏུ་མ་རྟོགས་པར་བདེ་བ་ཅན་བཞིན་གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་དུ་ཡོད་པའི་ཐོབ་བྱ་ཞིག་ཏུ་ལྟས་འདུག
ཁ་ཅིག་གིས་ནི། སེམས་ཀྱི་མྱོང་བ་དང་དངོས་ཀྱི་དེ་ཉིད་རྣལ་འབྱོར་གྱི་ལམ་མཐོན་པོས་མྱོང་བྱ་དག་ཀྱང་ཅི་ཙམ་རང་གིས་དཔྱོད་པའི་ཡུལ་ཙམ་དུ་ངེས་པར་བཟུང་ནས་མཇུག་སྡོམ་རྒྱག་གིན་ཡོད། ང་ཚོས་བསམ་བློ་ནི་དེ་ལྟར་ཁོད་མི་མཉམ་པའི་ནེའུ་ཐང་གི་ཆུ་ཕྲན་ལྟར་གྱ་གྱུར་གཡོ་བ་འབའ་ཞིག་རེད།
དེའི་ཕྱིར་ངས་སྐབས་འདིར་ང་ཚོས་ད་སྔོན་ཡང་དག་པའི་ཉམས་ལེན་བཟང་པོ་རྣམས་མ་འཁྱོངས་པའི་རྒྱུ་མཚན་སྐོར་ཞིག་དང༌། དེ་ལས་ལྡོག་སྟེ་ཡང་དག་པའི་ཉམས་ལེན་དངོས་སུ་བྱེད་པའི་བརྒྱུད་རིམ་གྱི་སྐོར་ཕྱོགས་ཙམ་ཞིག་སྟེ་གཉིས་སུ་ཕྱེ་ནས་བརྗོད་རྒྱུ་ཡིན།
ཡང་དག་པའི་ཉམས་ལེན་བཟང་པོ་རྣམས་མ་འཁྱོངས་པའི་རྒྱུ་མཚན།
དང་པོ། མང་པོ་ཞིག་གིས་ཏིང་ངེ་འཛིན་དང་ལྟ་སྒོམ་བཟང་པོ་དག་ལ་ཡང་དག་པའི་མོས་གུས་ཡོད་བཞིན་ཉམས་སུ་མི་ལེན་པ་ནི་ཡ་མཚན་པ་ཞིག་སྟེ། འོན་ཀྱང་འདི་ལ་རྒྱུ་རྐྱེན་གྱི་རིགས་འགའ་ཞིག་ཡོད།
༼༡ སེམས་ཀྱི་ཉམས་ལེན་འདི་དག་བཟང་པོར་མངོན་ཡང་བདག་ལྟ་བུའི་ཡུལ་ག་ལ་ཡིན་སྙམ་པའི་ལོག་རྟོག་འདིས་སྐད་ཅིག་མ་གཅིག་ལ་རང་དང་ཆོས་ཀྱི་ཉམས་ལེན་བཟང་པོ་རྣམས་ཀྱི་འབྲེལ་བ་རྦད་གཅོད་བྱེད་པ་ཡིན། ལར་ཆོས་དང་ལུགས་ཀྱི་བྱ་བ་གང་གི་སྐབས་སུའང་རང་ལ་ཡིད་ཆེས་བརླག་པ་ལས་ལྷག་པའི་གྱོང་གུད་ཅིག་གང་དུའང་མེད། རྗེ་མི་ལས་རང་ཉིད་གྱིས་བཀའ་སྤྱད་དང་སྙིང་རུས་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པའི་ཚུལ་གསུངས་པའི་ཚེ། སློབ་མ་དག་གིས། རྗེ་བཙུན་གྱིས་དེ་ལྟར་འབྱོངས་པ་ནི་སྔོན་སྦྱངས་ཀྱི་སྟོབས་ཀྱིས་ཡིན་རྒྱུ་ལས་བདག་ཅག་ལྟ་བུས་དེ་འདྲ་ག་ལ་འབྱོངས་ཞུས་པས། རྗེ་བཙུན་གྱིས། ང་ལ་དག་སྣང་སྦྱོང་བ་བཟང་སྟེ། ཆོས་ལ་ལོག་ལྟ་དེ་ལས་ཆེ་བ་མེད་ཅེས་གསུངས། འདིའི་བཤམ་དུ་ང་ལ་དག་སྣང་སྦྱོང་བ་བཟང་སྟེ་རང་ལ་ལོག་ལྟ་དེ་ལས་ཆེ་བ་མེད་ཅེས་སྦྱར་ན་ཤིན་ཏུ་འཚམས། བདག་ཉིད་ཆེན་པོ་ཞི་བ་ལྷས། ཞུམ་བཅས་རྩོལ་བ་དོར་བ་ལ།། ཕུང་ལས་ཐར་བ་ཡོད་དམ་ཅི། །ཞེས་གདམས། འདི་ལྟ་བུའི་ལེགས་གསུང་ནི་ཐོས་པ་ཙམ་གྱིས་ཡིད་གཡོ་བར་བྱེད་ནུས་པ་ཞིག་རེད། འོན་ཀྱང་མང་པོ་ཞིག་གིས་ངས་མི་འཇོན་མི་ནུས་སྙམ་པའི་བདག་ཉིད་བརྙས་པའི་ལེ་ལོ་ཤུགས་དྲག་པོས་རང་གི་བློ་གྲོས་ལ་ལྕགས་ཟ་རྒྱག་གི་ཡོད། འདིའི་དཔེ་མཚོན་དུ་ནུབ་ཕྱོགས་ཀྱི་རྩོམ་རིག་ཁ་ཤས་ལས་ཡིད་འགུལ་ཐེབས་པའི་སྒྲུང་ཐུང་ཞིག་བྱུང་བ་འདི་ལྟ་སྟེ།
ཉིན་ཞིག་ཕྲུ་གུས་ཨ་ཕའི་བྱ་གསོ་ར་བའི་འགྲམ་གྱི་རི་ཁ་ནས་བྱ་གླག་གི་སྒོ་ང་ཞིག་བླངས་ཏེ་ཁྱིམ་བྱའི་ཚང་དུ་བཞག ནམ་ཞིག་གླག་ཕྲུག་ནར་སོན་ཡང་རང་ཉིད་དམ་ཡང་ན་སུས་ཀྱང་ཁྱིམ་བྱའི་ཕྲུ་གུ་མིན་པའི་དོ་སྣང་མ་བྱུང༌། སྐབས་ཤིག་ནས་ཁོ་ལ་ཅི་ཡིན་མི་ཤེས་པའི་སུན་སྣང་ཞིག་སྐྱེས་པར་མ་ཟད། ཁྱིམ་བྱ་ཞིག་མ་རེད་སྙམ་པའང་སྐྱེས། ཉི་མ་གཅིག་ལ། དཔའ་ཉམས་ལྡན་པའི་བྱ་གླག་ཞིག་ནམ་མཁར་འཕུར་བ་མཐོང་ནས་འཕུར་འདོད་ཆེན་པོ་སྐྱེས་ན་ཡང༌། ཡང་སྙིང་རང་ཉིད་གླག་ཕྲུག་ཅིག་ཡིན་པའི་ཡིད་ཆེས་མ་རྙེད་ལ། ཁྱིམ་བྱ་ཚོས་ཀྱང་ང་ཚོ་གནམ་ལ་འཕུར་བའི་རིགས་མིན་ཞེས་བརྗོད་པས་ཁོའི་ཚེ་གང་པོ་བྱ་གསོ་ར་བའི་ནང་དུ་རྫོགས་པ་རེད།
དེ་མིན་མཚན་ཉིད་པ་འདྲ་ཆགས་པོ་ཤོད་མཁན་ཁ་ཤས་ཀྱིས་ཀྱང་ཁྱིམ་བྱ་དེ་དག་བཞིན། ཕྱག་རྫོགས་ཀྱི་ལྟ་བ་ཟབ་མོ་དང་སྤྱོད་པ་རླིང་པོ་དག་སྔོན་གྱི་གདུལ་བྱ་དག་པ་རྣམས་ལ་ཨོ་རྒྱན་ཆེན་པོ་སོགས་ཀྱིས་བསྩལ་བ་ཡིན་མོད། དེང་སང་དུས་ཀྱི་དབང་གིས་ཉམས་སུ་ལེན་དཀའ་བས། དེ་ལས་ལས་དང་པོ་པ་འཇུག་པའི་རིམ་པ་དང་མཐུན་པར་སློབ་ཟེར་བའང༌། མན་ངག་གི་གནད་མི་ཤེས་ཤིང་དོན་གྱི་ཉམས་ལེན་ཟབ་མོ་ལ་རྟེན་འབྲེལ་ལོག་པའི་སྨྲ་བ་ཙམ་སྟེ། དེ་དག་ནི་ཟབ་མོའི་གནད་ལ་མོས་པ་ལྡན་པའི་གྲོགས་སྔགས་ཀྱི་བན་བཙུན་དཀྱུས་མའི་རིགས་ལས་ཀྱང་འཆི་ཁའི་གནད་ལ་དམན་པ་མང་དུ་མཐོང་ངོ༌།།
དེས་ན། རང་ཉིད་རང་ཉིད་ལ་ཡིད་ཆེས་མེད་པར། བརྩོན་པའི་ཤུགས་དང་བྲལ་བའི་ཐ་ཤལ་དག་ལ། ཡང་དག་པའི་ལམ་གྱི་སྐལ་བ་ནམ་ཡང་མེད་དོ། །
༼༢ སྔོན་བཀའ་གདམས་པ་ཞིག་གིས། མི་ཞིག་ལ་ཁྱོད་ཀྱི་ཨ་མ་གདོང་སྣ་ཕ་གི་ན་ཁྱི་རུབ་རྒྱག་གིན་ཡོད་པ་ནང་བཞིན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འབྲལ་འདོད་བྱུང་ན་སྙིང་རྗེ་སྐྱེས་པ་རེད་གསུངས་པ་ན། མི་དེས་ཡིད་འགུལ་ཐེབས་པའི་ངང༌། དེ་ནི་ཡོང་དཀའ་བ་ཞིག་རེད་ཅེས་ཞུས་པར། བླ་མ་མཉེས་ནས་ཁྱོད་ཀྱིས་ཐེག་པ་ཆེན་པོའི་སྙིང་རྗེ་ལ་གོ་བ་སྐྱེས་པ་རེད་ཅེས་གསུངས་སྐད།
ང་ཚོས་ཡ་གི་རྡོ་རྗེ་ཐེག་པ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་གང་ཞིག་ཐོས་ཀྱང༌། རང་བྱུང་དང་སྐྱེ་འགྲོ་རྣམས་ཀྱི་རང་བཞིན་མ་ངེས་པའི་སྣང་ཚུལ་གང་ཞིག་མཐོང་ཡང་སེམས་པ་གཡོ་འགུལ་མེད་པར་སྡུག་སྒུར་བྱེད་པ་འདི་མཐར་གཏུགས་ན། དཔྱོད་ཤེས་གྱི་ཡུལ་ལ་བསམ་གཞིག་གི་འཁུ་འཁྲིག་ཅུང་ཟད་ཙམ་ཡང་མ་སྐྱེས་པའི་རྟགས་ཡིན། དཔེ་དེབ་བཀླགས་པས་ང་ཚོར་བསམ་བློ་སད་རྐྱེན་བྱེད་པ་བདེན་དུ་ཆུག་ཀྱང་། དཔེ་དེབ་བམ་ཀློག་བྱེད་པ་ཁོ་ནས་ཚིམ་པ་དེ་ལ་ནང་གི་རྣམ་དཔྱོད་གྱི་མྱོང་བ་ཟབ་མོ་ཐོབ་པའི་དུས་ཚོད་ནམ་ཡང་མེད།
དཔེ་ཆ་བ་ཕལ་གྱི་ཤེས་རབ་བརྒྱ་ཆའི་མང་ཤོས་ལས་ཀྱང་མང་ཤོས་དེ་སྦྱོར་བྱུང་དུ་གཏོགས་ཤིང༌། སྦྱོར་བྱུང་དེའི་མངོན་སྟངས་ཀྱང་རང་གི་གོང་མ་ཆེ་གེ་མོས་གཏོད་པའི་གྲུབ་མཐའ་དང་རིགས་ལམ་གྱི་རེ་མིག་དོག་པོ་ཞིག་ཏུ་རང་ཉིད་ཀྱི་བསམ་བློ་དང་བཀའ་བསྟན་གྱི་དགོངས་པ་མཐའ་དག་ཚད་གཅིག་ཏུ་དྲས་གཏུབ་གྱིས་ལས་སྣོན་བྱེད་མཁན་ཞིག་སྟེ་བཤད་སྟངས་བསྒྱུར་ཏེ་བརྗོད་ན། གཞུང་མི་འདྲ་བ་ཁ་ཤས་གོ་རིམ་བསྒྲིགས་ནས་དཔྱད་བསྡུར་བྱེད་པའི་ཞུས་དག་པ་དཀྱུས་མ་ཞིག་སྟེ། དེ་འདྲ་དེ་ལ་རང་ལ་གཏོགས་པའི་བསམ་བློའི་མྱོང་བ་གང་ཡང་མེད་སྲིད།
ད་དུང་ཅོག་ཙེའི་སྒང་གི་ལས་བྱེད་པ་དང༌། དཔེ་ཧྲལ་ཁྲོད་ཀྱི་རིགས་ལམ་པ་འདི་དག་གི་བསམ་གཞིག་གི་ནུས་པ་དེ་བྱ་བ་དངོས་ཀྱི་གཡུལ་ས་ན། ཤིན་ཏུ་ནུས་མེད་དང༌། ཁྱབ་ཆུང་བ། གནད་ལ་མ་ཕིགས་པ། ལད་ཟློས་ཅན་ཡིན་པར་བརྟེན་དོན་དག་ཆུང་ཚག་གི་སྐབས་མང་པོར་ཡང་རང་ལས་ཐོས་པ་ཉུང་ཞིང་བསམ་པ་དམན་པར་ཁ་ཚོན་བཅད་པའི་དཀྱུས་མ་མང་པོ་ཞིག་ལས་ཕམ་ཁ་ཁུར་ཞིང༌། ཐ་ན་དེ་དག་གི་རྗེས་བརྗོད་ཀྱང་བྱེད་མི་ཐུབ་པའི་གནས་སུ་གྱར་སྲིད། དེ་ནི་སྐྱོ་འོས་པ་ཞིག་མ་རེད་དམ།
སློབ་གཉེར་བ་རྣམས་ཀྱིས་ནམ་རྒྱུན་ཤོད་ངེས་པའི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ལུང་གི་གསུང་རྒྱུན་དེ་ནི་ལམ་གྱི་རིམ་པའི་མངོན་རྟོགས་སྙིང་བཅུད་འདུས་པ་ཞིག་ཡིན་ཏུ་ཆུག་ཀྱང༌། ཐོས་བསམ་ཞེས་པའི་ཡིག་འབྲུ་གཉིས་དེ་གཞུང་ལུགས་ཀྱི་རྗེས་སུ་འབྲང་བའི་མཉན་ཤེས་ལྟ་བུ་ཁ་ཕྱིར་བལྟས་ཀྱི་གཟུང་སྣང་མ་ཡིན་པར་བསམ་བློ་རང་སྟེང་ནས་རྩ་བ་ཚུགས་པའི་བསམ་གཞིག་གི་རྙེད་དོན་ཞིག་སྟེ། འདི་དང་ཚིག་གི་ལམ་གྱི་གོ་བ་སྐད་ཅིག་མ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ལ། སྒོམ་པ་ནི་དེ་བས་ཀྱང་ངོ༌། །
གློག་སྒྲོན་འོག་གི་དཔེ་ཆ་ལ་སེམས་བསྡུས་པའི་ཚིག་འགྲེལ་གྱི་གོ་བ་ནི་དྲག་ཏུ་འབབ་པའི་ཆུ་བོ་བཞིན་འགྲོ་མགྱོགས་ཤིང་། སྐབས་དེའི་མཚར་འཛིན་གྱི་བསམ་བློ་ཉི་ཚེ་བ་དེ་ཡང་རླབས་ཀྱི་རི་མོ་རོལ་མྱོང་བྱེད་པའི་འཆར་ཡན་པ་ཙམ་སྟེ། གལ་ཏེ་ཆུ་བོ་རྒྱུག་མཚམས་བཞག་ན་ཁྱོད་ལ་ཁྱོད་ལ་གཏོགས་པའི་མཛེས་སྡུག་གང་ཡང་བཟུང་དུ་མེད་དོ། །
གྲུབ་ཐོབ་གོང་མ་རྣམས་ཀྱིས་སྣང་བ་དཔེ་རུ་ཤར་ཞེས་གསུངས་པ་དེར་ང་ཤིན་ཏུ་འཐད། དོན་འདིས་དངོས་དང་ཐ་སྙད་སྐབས་གང་དུའང་དངོས་ཀྱི་མྱོང་བའམ་ཆོས་ཉིད་ཀྱི་གཤིས་དང་མཐུན་པའི་བློ་སྐྱེད་སྤྲོད་པ་སྟེ། འདིས་ནི་ལྷན་སྐྱེས་གྱི་ཤེས་རབ་དང་ཡུལ་སྣང་གི་ཆོས་ཉིད་གཉིས་ངོ་ཤེས་མཐུན་སྦྱོར་བྱེད་ཅིང༌། དོན་ངོ་མའི་བདེན་དོན་དེ་མ་ལྷད་མ་བཅོས་པར་སེམས་ངོགས་སུ་འདྲེན་བཞིན་ཡོད་པས་འདི་ལས་ལྷག་པའི་དགེ་རྒན་དང་དཔེ་ཆ་ཞིག་སྲིད་ན་མེད་ཅིང་ང་ཚོའི་ལམ་སྟོན་མཐར་ཐུག་ཀྱང་འདི་ཁོ་ནའོ། །
འོན་ཀྱང་ཡིད་ཕངས་པ་ཞིག་ལ་ང་རང་ཐེ་བའི་མང་པོ་ཞིག་གིས་དོན་ངོ་མའི་བཞིན་རས་ལ་བསམ་གཞིག་མེད་པར་ཤིན་ཏུ་ལུང་མ་བསྟན་གྱི་རྗེས་བརྗོད་ཅིག་གིས་དུས་འདའ་བཞིན་ཡོད་པ་ནི་ངོ་མ་བསམ་ན་གཉིད་ལབ་མཁན་གྱིས་བཤད་པའི་བརྡོལ་གཏམ་བཞིན་སྙིང་པོ་མེད་པ་ཞིག་སྟེ། འདི་ལ་ནེ་ཙོའི་འདོན་པ་ལྟ་བུ་ཞེས་ཀྱང་བྱའོ། །
དེས་ན་ང་ཚོས་རྒྱུན་དུ་སོ་སོ་ནང་པ་ཞིག་ཡིན་པའི་ངོས་ནས་མ་མཐའི་ཚད་གཞི་ལྟ་བུའི་ཆ་རྐྱེན་གཅིག་དེ། ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་དེ་ཡིན་དགོས་ཀྱང༌། དོན་ངོ་མའི་ཆ་ནས་ང་ཚོར་སང་ཉིན་དགེ་བསྐོས་ཀྱིས་སྤྲད་ངེས་པའི་ཞོགས་འཚོགས་ཀྱི་ཆད་འཛིན་དང༌། དེ་ལས་ཆས་ཀྱང་སྒྲུན་དུ་མེད་ཅིང་འབྱུང་འགྱུར་གྱི་ཡུལ་དུ་མྱོང་བར་འདོད་པའི་སྡིག་ལྟུང་གི་ཆད་འཛིན་གཉིས་ཀྱི་བར་ལུས་སེམས་ཀྱི་སྟེང་དུ་སླེབས་པའི་དོ་སྣང་གི་ཁྱད་པར་དེ་རྒྱུ་མཚན་གང་གིས་ཀྱང་འགྲེལ་བརྗོད་མི་དགོས་པ་ཞིག་སྟེ། འདི་ཙམ་གྱིས་ཀྱང་ང་ཚོས་ལུང་རིགས་འབུམ་ཕྲག་གིས་བསྒྲུབས་པའི་དམ་བཅའ་དེར་ཅི་ཙམ་ངེས་པ་རྙེད་པའི་མྱོང་བ་ཡོངས་སུ་མཚོན་ནོ། །
༼༣ ཟབ་མོ་སེམས་ཀྱི་ཉམས་ལེན་རྣམས་རྒྱུད་ལ་བཀལ་འདོད་ཡོད་ཀྱང་སང་བྱེད་དང་གནང་བྱེད་ཀྱི་ཡུལ་དུ་བཞག་ནས། རྩ་ཆེ་བའི་དུས་ཀྱི་རིན་ཐང་དང་སྡོད་མི་སྲིད་པའི་ཚེ་ཡི་བཞུར་རྒྱུན་སོགས་ལ་བསམ་གཞིག་གནད་དུ་མ་ཐིངས་པས་ཅི་ཞིག་ན་ཚེ་ཡི་རྩྭ་ཐག་ཕྲ་མོ་གློ་བུར་དུ་ཆད་དེ་ངན་འགྲོའི་རྦབ་ཏུ་འགྲིལ་བ་ཡིན། འདི་ལ་ཕྲན་གྱིས་སྔ་མོར་བཙོན་ཁང་དུ།
ཡུན་ཐུང་ཚེ་ཡི་རྩྭ་ཐག་ཕྲ་མོ་དེ། །
ཉིན་མཚན་དུས་ཀྱི་བྱི་བས་རེས་ཀྱིས་ཟ། །
འདི་ཉིད་ཆད་ན་ངན་འགྲོའི་གཡང་ས་ལས། །
རྐང་སྟེགས་འཆའ་བར་འོས་པ་ངས་མ་མཐོང༌། །ཞེས་བྲིས།
དཔེ་འདི་ནི་བར་དོ་དྲུག་ཁྲིད་ཆེན་མོ་དང་། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་དོན་ཁྲིད་སོགས་ལས་བྱུང་བ་སྟེ། དེ་ཡང་ཚེ་ཡི་རྩྭ་ཐག་ཕྲ་མོ་འདི་ཉིན་མཚན་གྱི་བྱི་བ་དཀར་ནག་ཟུང་གིས་རེས་སུ་ཟ་བ་མི་འཇོག་པ་དེས། ནམ་ཞིག་གློ་བུར་དུ་ཚེ་ཡི་རྩྭ་ཐག་ཕྲ་མོ་ཐག་གེར་ཆད་པའི་ཚེ་ན་ང་ཚོར་སེམས་ཀྱི་ཉམས་ལེན་ལ་སྨིན་པའི་མཆོང་གདུགས་མེད་ཚེ་ངེས་པར་ངན་འགྲོའི་གཡང་སར་ལྷུང་བ་ལས་འོས་མེད་པ་སྟེ། དེ་བས་ན་རྩྭ་ཐག་ཉག་མ་རེ་རེ་ནི་ཚེ་སྲོག་གི་འཕར་ལྡིང་རེ་རེ་དང་འགྲོགས་ནས་འགྲོ་བཞིན་ཡོད་པས། འདི་ནི་ཅི་འདྲའི་གཅེས་ཤིང་ཕངས་པའི་རྩྭ་ཉག་གཅིག་ཡིན་པ་མི་ཚོར་རམ། འོན་ཀྱང་ང་ཚོས་རྩྭ་ཐག་དེ་ཉིད་སྣང་མེད་དུ་ཆད་དུ་བཅུག་པ་རེད།
གཉིས་པ། འདི་ནས་ཡང་དག་པའི་ཉམས་ལེན་དངོས་སུ་བྱེད་པའི་རྒྱུད་རིམ་སྐོར་ཕྱོགས་ཙམ་བརྗོད་དེ། སུ་ལ་ལྟོས་ཀྱང་བསམ་གཞིག་གིས་གཏན་ལ་ཕབ་པའི་དོན་དངོས་ཀྱི་གནས་ལུགས་རང་རྒྱུད་ལ་སྦྱོར་བའི་གལ་ཆེའི་རང་བཞིན་ནི་ཡིད་ཆེས་ཀྱིས་འཇུག་པ་དང༌། བསམ་གཞིག་གིས་སྐྱོང་བ་གཉིས་ཡིན།
༼༡ ཡིད་ཆེས་ལའང་ཡུལ་གྱི་གནས་ལུགས་ལ་ངེས་པ་རྙེད་པ་དང༌། ཡུལ་ཅན་སྦྱོར་བ་པོས་རང་གི་ནུས་པ་ལ་ཡིད་ཆེས་པ་གཉིས་ལས་འདིར་བརྗོད་བཞིན་པ་དེ་ཕྱི་མ་སྟེ། ཉམས་ལེན་གྱི་རིམ་པ་གང་འདྲ་ཞིག་ཡིན་ཡང་ངའི་རྒྱུད་ལ་འབྱོང་རྒྱུ་རེད། འདི་ནི་བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་ཞིག་རེད་སྙམ་པའི་སྒོ་ནས་ཉམས་ལེན་དེ་དག་ལུས་སྦྱོང་འཕྲུལ་འཁོར་བཞིན་རང་གི་ལྟ་སྤྱོད་ཀྱི་ཁྱབ་ཁོངས་སུ་བཀོལ་རྒྱུ་དེ་ཡིན།
ང་ཚོ་མང་པོ་ཞིག་ནས། ཕ་མའི་ནང༌། སློབ་གྲྭའི་ཁོར་ཡུག ཆོས་ཚོགས་ཀྱི་བསྟི་གནས་བཅས་མང་པོ་བརྗེས་ཟིན་པ་སྟེ། དེ་དག་གི་སྐབས་སོ་སོ་ལ་སྙིང་གི་ཕྱེད་ཀ་ལྟ་བུའི་གྲོགས་པོ་དང་གྲོགས་མོའང་ཡོད་ངེས། འོན་ཀྱང་སོ་སོས་རང་གི་མི་ཚེ་དེ་གནས་གཅིག་ཏུ་སྡོད་པའི་བརྟན་སྐར་ཞིག་མིན་པར་ཡིད་ཆེས་པ་དེས། ཐེངས་རེ་རེ་བཞིན་དགའ་འཛུམ་གྱིས་ཚུར་བསུས་པའི་དོན་དངོས་དེ་དག་མིག་ཆུས་ཕར་བསྐྱལ་བ་རེད། གཞན་ཡང༌། དཔེར་ན། ཁྱོད་ཀྱིས་སྔ་དྲོ་ཡོད་ཚད་བློས་བཏང་གིས་བདམས་པའི་མཛའ་མོ་དེར་ཕྱི་དྲོ་རྩེ་གྲིས་བསྣུན་ནས་གསོད་སྲིད། འདི་ནི་མཐོང་ཐུབ་པའི་སྤྱི་ཚོགས་ཀྱི་བརྗོད་བྱ་ཞིག་ཀྱང་རེད། འདིས་གང་ཞིག་མཚོན་གྱི་ཡོད་ཅེ་ན། འདི་དག་ཡོད་ཚད་བསམ་བློ་འཕོ་འགྱུར་གྱི་སྣང་ཚུལ་ཞིག་སྟེ། དངོས་པོ་དང་འདུ་ཤེས་ཀྱི་དཔང་རྟགས་ཕྲན་བུ་ཞིག་གིས་སྔར་གྱི་ཡིད་ཆེས་དེ་ཡིད་ཆེས་གཞན་ཞིག་ཏུ་གནས་གྱུར་པ་ཙམ་རེད། དེའི་ཕྱིར་ང་ཚོས་ད་ཐེངས་ཤུགས་ཆེན་པོར་འཛིན་ཅིང་ཨ་འཐས་པའི་ནོར་འཁྲུལ་ཅན་གྱི་ཡིད་ཆེས་དེའང་བརྗེད་པར་བྱེད་ཐུབ་བོ། །
ལུས་སེམས་འཁྲུགས་པའི་རྐྱེན་གྱིས་འཇིགས་སྔངས་ཅན་གྱི་རྨི་ལམ་འཆར་ཅན་དུ་གཏོང་སྐབས། མཚམས་ཤིག་ནས་ཁྱོད་ཀྱིས་སུན་པོའི་ངང་འདི་ཡང་རྨི་ལམ་དེ་རེད་ཅེས་རྨི་ལམ་དུའང་འཁང་ར་བྱེད་མགོ་ཚུགས་པ་ནས་ཡིད་དུ་མི་འོང་པའི་ཚོར་སྣང་དེའང་རིམ་བཞིན་ཡལ་ངེས། ང་ནི་ཤ་ལ་དགའ་བས་ཤ་མི་ཆོད། ཆང་ལ་སྲེད་པས་ཆགས་མི་སྤོང། བུད་མེད་ལ་དུང་བས་བུད་མེད་དང་འབྲེལ་ཐག་མི་ཆོད་སྙམ་པ་ལས་རང་ཉིད་ལ་བརྙས་ཚབས་ཆེ་བ་མེད་པས་དེ་བས་འདྲ་མཉམ་གྱི་སྤོབས་པ་མཐོ་རུ་བཏེགས་ནས། “གཟུགས་ལྷུ་དྲུག་གི་ཤ་སྣ་རྒྱས་ལུགས་དང༌། དྲིན་ཕ་མས་གསོ་སྐྱོང་གནང་ལུགས་འདྲ་འདྲ་ཡིན་”སྙམ་པའི་གནའ་བོའི་གཏམ་དཔེ་རྙིང་པ་དེ་ཡང་ཡང་དྲན་དགོས། ས་བོན་ནི་མྱུ་གུ་སྐྱེ་རུང་དང༌། ལྕགས་རྡོ་ནི་ལྕགས་སུ་གཞུ་རུང་བ་ཡིན་པ་བཞིན་ཁྱོད་ཀྱི་སེམས་ཀྱི་ཀུན་གཞི་དེའང་ཉམས་ལེན་གྱི་མྱུ་གུ་སྐྱེ་བའི་ས་བོན་ཞིག་ཡིན་ངེས་པས་མ་མཐར་ཡང་ཚོད་ལྟ་ཐེངས་གཅིག་གནང་ན་མི་ཆོག་གམ།
ཐུབ་པ་སངས་རྒྱས་ཀྱིས་ཀྱང་བདེ་བར་གཤེགས་པའི་སྙིང་པོ་བསྟན་པའི་སྒོ་ནས་ལུས་ཅན་མཐའ་དག་ཡང་དག་པའི་ལམ་གྱི་རྟེན་དུ་ཞལ་གྱིས་བཞེས་ཤིང༌། བདག་ཉིད་ཆེན་པོ་ཞི་བ་ལྷས་ཀྱང་སྦྲང་བུ་ཤ་སྦྲང་ལ་སོགས་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །ཅེས་འཕགས་པ་ལེགས་བཟངས་ཀྱི་ཞུས་པའི་མདོའི་དོན་ཚིགས་སུ་བཅད་དེ་བསྟན་ཅིང༌། ད་དུང་ཁོང་གིས། གོམས་ན་བསླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་གནང་མཛད་པ་དེས་སྔར་ཡང་སེམས་ཤེས་ཀྱི་སྐྱེ་བོ་གྲངས་ལས་འདས་པའི་རེ་བའི་མེ་སོན་སྦར་ཡོད་ལ། ལེགས་བཤད་དེའི་ཟིལ་ཤུགས་ནི་ད་དུང་ཡང་ཉམས་སྨད་པ་མེད་པར་མིའི་རིགས་ཀྱི་ལམ་སྟོན་དུ་འགྱུར་བཞིན་ཡོད། མདོར་ན་སུ་ཡིན་ཡང་རང་ཉིད་ཀྱིས་རང་ལ་ཡིད་ཆེས་པའི་སྒོ་ནས་བསྒྲུབ་ན་དོན་གང་ཞིག་ཡིན་ཡང་ལེགས་པར་འགྲུབ་ངེས་པའོ། །
༼༢ རང་གི་སེམས་སུ་སྨིན་པའི་ཡང་དག་པའི་ལྟ་བ་དེ་བསམ་གཞིག་གི་དྲོད་བཅུད་ཀྱིས་ལེགས་པར་སྐྱོང་དགོས། སེམས་ཀྱི་ངོ་བོ་སྐྱོང་བའི་དུས་ཚོད་དེ་ཡང་སྔར་དྲངས་པའི་༼བསམ་གཞིག་གི་སྐོར་༽ཞེས་པའི་གཞུང་དུ། དུས་ཚོད་ཡོད་ཚད་བསམ་གཞིག་ལ་འཚམ་པའི་དུས་ཚོད་གཏན་ནས་མིན་ཞེས་སྨྲས་པ་ལྟར་ཡིན་པས། འོས་ཤིང་འཚམ་པའི་དུས་ཚོད་ཀྱི་བར་གསེང་ནས་བསམ་གཞིག་བྱེད་དགོས། ཨོ་རྒྱན་ཆེན་པོས། ཡུན་ཐུང་གྲངས་མང་ཁང་སྟོང་ཐིགས་པ་ལྟར། །ལུས་སེམས་མ་སྒྲིམ་ལྷོད་དེ་ཤིག་གེ་ཞོག །ཅེས་གསུངས་པའང་འདིའི་རྒྱུད་རིམ་ལ་སྦྱོར་ཆོག
བསམ་གཞིག་ནི་རྟོག་པའི་འདུ་འཕྲོ་ཡིན་ཞིང་སེམས་ཀྱི་ངོ་བོ་སྐྱོང་བའི་ཉམས་ལེན་དག་ནི་དམིགས་པ་རྩེ་གཅིག་པ་ཅན་ཡིན་པས་འདི་དག་ཇི་ལྟར་མཉམ་དུ་འོང་ཡང་མི་སེམས་ཏེ། ལས་དང་པོ་པ་དག་གི་ཕྲ་རགས་ལ་མ་བལྟོས་པའི་རྟོག་དཔྱོད་ཀྱི་དྲན་པས་བསྐྱངས་པའི་ཉམས་ལེན་བྱས་པས་ནམ་ཞིག མ་ཡེངས་དྲན་པ་ཟད་པའི་དགོངས་པ་དེ། མཁའ་ལྟར་ཕྱལ་ཡས་སྒོམ་དང་མི་སྒོམ་མེད། །ཅེས་པའི་ས་དེར་རང་ཤུགས་ཀྱིས་འཁྱོལ་སྲིད། བསམ་གཞིག་བྱེད་སྟངས་ཀྱང༌། རྒྱུན་ལྡན་བྱ་དངོས་ལ་དབྱེ་ཞིབ་བྱེད་པའི་སྐབས་སུ། བསམ་བློ་ངེས་ཤེས་བརྟན་པོ་དང༌། རིག་པ་གྲུང་པོ་དང་ཕྲ་ཞིབ་ཅན་དུ་གྱུར་པའི་དུས་སམ། སྒྲའི་ཀླག་ཅོར་མེད་པའི་དབེན་འཇགས་ཀྱི་མཚན་མོའི་ཟླ་འོད་ཀྱི་འོག་ལྟ་བུར། རང་སེམས་རང་གིས་ཚོར་བའི་ལྗེན་ཅེར་གྱི་སྣང་ཤེས་རང་ག་མ་འབྱུང་བ་སོགས་ཀྱི་སྐབས་རེ་དོགས་མེད་པའི་ངང་ནས་སེམས་རྟོག་སད་དུ་འཇུག་དགོས་སོ། །
མ་གཞི་ཞི་གནས་དང་ལྷག་མཐོང་ཞེས་པའི་གཡེལ་བོ་ཆེ་དེའང་སེམས་ཀྱི་ངོ་བོ་རང་མལ་དུ་འཇོག་པ་དང་དེའི་གཤིས་ཀྱི་གསལ་སྣང་མངོན་པ་སྟེ་ཆུ་མི་གཡོ་བ་དང་དྭངས་པ་ལྟར་སེམས་ཀྱི་ལྡོག་ཆ་ངོས་གཉིས་པ་ཞིག་ཡིན།
ང་ཚོས་མཉམ་མ་བཞག་ས་ནས་སྐར་མདའ་ལྟ་བུའི་སེམས་གྱི་བཞིན་རས་ངོ་མ་དེ་ཁྲོམ་ཆེན་པོའི་དབུས་ཀྱི་རྐུན་མ་བཞིན་མགོ་འབུད་ཙམ་འབུད་ཙམ་བྱེད་ཀྱིན་ཡིབས་ནས་འགྲོ་བ་ཞིག་ཡིན་མོད། འོན་ཀྱང་ཁོ་སེམས་དང་ལྷན་ཅིག་སྐྱེས་པའི་རྒྱུ་མཚན་གྱིས་ནམ་ཞིག་ཏག་ཏག་ཁོ་སེམས་ཀྱི་གབ་ཁུང་ནས་ང་ཚོས་འཇུ་ཐུབ།
བསམ་གཏན་གྲུབ་པའི་སློབ་དཔོན་དག་གི་ཉམས་ཡིག་དང་ཞལ་ཤེས་ཀྱི་མན་ངག་མང་པོ་ཞིག་ང་ཚོས་སྣང་མེད་དུ་བཞག་ཡོད་ལ། ཁ་ཅིག་སྐྲག་ནས་ཁོང་འདར་རྒྱག་གིན་ཡོད་ནའང༌། བསམ་བློ་སྐད་ཅིག་མའི་རྣམ་འགྱུར་ལ་རྩད་གཅོད་དང་རྗེས་འདེད་མུ་མཐུད་གཏོང་བ་ཡིན་ན་ཅི་ཞིག་ན་ཐག་ཆོད་རང་བཞིན་གྱི་བློ་གྲོས་བཟང་པོ་ཞིག་ཤུགས་འབྱུང་དུ་སླེབས་ངེས།
ད་དུང་སྟབས་བདེར་བཤད་ན། ཡུལ་ལ་ཡིད་རྩེ་གཅིག་ཏུ་སྡུད་པ་ཞི་གནས་དང༌། སྐབས་དེའི་མ་འདྲེས་འབྱེད་པའི་གསལ་སྣང་དེ་ལྷག་མཐོང་ཡིན། དཔྱད་སྟོབས་ཀྱིས་དྲངས་པའི་ལྷག་མཐོང་གསལ་དྭངས་ངར་དང་བཅས་པ་དེའང༌། ཞི་བར་གནས་པའི་སེམས་ཀྱི་ངོས་ལ་མ་བྲིས་ན་ཆུ་ཁའི་ཕུབ་མ་བཞིན་ལས་སུ་མི་རུང་བས་སེམས་གནས་ཀྱི་ཏིང་ངེ་འཛིན་གྱི་ཆེས་ལྟོས་གཞིར་གྱུར་པའི་ལུས་རྩ་རླུང་གི་རྟེན་འབྲེལ་གྱི་གནད་བཙལ་ནས། ལུས་མི་གཡོ་བ་ཆོས་བདུན་གྱི་འདུག་སྟངས་སྤྱི་ཙམ་དང༌། ཡིག་འབྲུ་ལྟ་བུའི་ཕྲ་བའི་དམིགས་རྣམ་ལ་ཆུ་ཚོད་སྐར་མ་ངེས་ཅན་རེར་སེམས་གཏོད་པ་རྒྱུན་བསྐྱངས་པས་ཀྱང་རྟགས་ཀྱི་མཚན་མ་བཟང་པོ་འབྱུང་ངེས་སོ། །
ཡང་ང་ཚོས་ཁྱིམ་མི་དང་གྲོགས་པོ་མཉམ་དུ་འཚོ་བ་སྐྱེལ་སྐབས། རེད་མ་རེད་དང་བདེ་སྡུག་གི་སྣང་ཚུལ་སོགས་ལ་འཕྲད་རྒྱུ་དེ་གཡོལ་ཐབས་མེད་པ་ཞིག་ཡིན་ན་ཡང༌། རྐྱེན་སྣང་དེ་དག་ལ་བཟོད་བསྲན་ངང་བསྲིངས་ཐུབ་ཡོད་ཚེ་ད་གཟོད་ཡིད་དུ་འོང་བའི་རྒྱལ་ཁ་ཐོབ་པ་བཞིན། ཐོག་མ་མེད་པའི་བག་ཆགས་སྙེགས་རིང༌། འཕྲལ་གྱི་མི་དགེ་བ་འབྱུང་ཉེ་བས། གྱང་ཁའི་རྩྭ་ཕྲན་ལྟ་བུའི་རིག་པ་འདི་གཡོ་བྱེད་ཤིན་ཏུ་མང་བས། སྐྱོ་སུན། འཇིགས་སྔངས། རེ་དོགས་སོགས་འབྱུང་ངེས་ཤིང༌། དེ་བས་ཀྱང་གསལ་སྣང་གི་ལྷན་པ་བརྟན་བརྟན་ལྟ་བུ་དག་ཀྱང་འཕེལ་འགྲིབ་གྱི་གཞན་དབང་དུ་འགྱུར་ཞིང༌། ཐ་མལ་དང་ཁྱད་མེད་ལྟ་བུ་རང་གིས་རང་ལ་ཡིད་ཆད་པའང་འབྱུང་མོད་“ལམ་རིང་པོར་ཞུགས་པས་བདེ་གཟར་སྣ་ཚོགས་ཀྱི་གནས་མཐོང་བ་ལྟར། གང་ཤར་ཆེད་འཛིན་མེད་པར་རང་ལམ་བསྐྱངས”བསྐྱངས་པས། ཁུ་ཚུར་སྦྱོང་མཁན་གྱི་ཤ་རྒོད་ལྟར་ལུས་རྩ་རླུང་གསུམ་ལ་བརྟེན་པའི་ལྟོས་བཅས་ཀྱི་ནུས་པའི་འབྱུང་ཁུངས་དེ་ཇི་ལྟར་རང་གིས་བསམ་བློ་སྦྱོང་བརྡར་གྱི་སྟོབས་ཤུགས་སྒྲིམ་ཞིང་བསྔོགས་འདོན་བྱེད་ཐུབ་པ་ཙམ་འཛད་མཐའ་མེད་པར་མངོན་ཞིང༌། དེ་ལ་བརྟེན་པའི་སེམས་ཀྱི་ནུས་སྟོབས་ནི་དེ་བས་ཀྱང་རྣོ་སྐུད་ཀྱི་རྒྱུད་དུ་དྲངས་པའི་གློག་ཤུགས་དང་དེའི་ཁྱབ་འཕྲོ་ལྟར་ངོ་མཚར་རྨད་དུ་བྱུང་བའི་ནུས་པའི་གན་མཛོད་དུ་འགྱུར་བ་ཡིན་ནོ། །
དེང་སང་རྒྱ་གར་སོགས་སུ་སྐྱེ་བོ་ཤིན་ཏུ་མང་པོས་ལུས་སྦྱོང་དང་སྨན་བཅོས་སུ་བཀོལ་བཞིན་པའི་ཧིན་རྡིའི་སློབ་དཔོན་རམ་དེ་ཝདགའ་བྱེད་ལྷའི་ཡོ་གའི་སྐོར་རྣམས་ཀྱང༌། བསམ་གཏན་གྲུབ་པའི་སློབ་དཔོན་སྔ་མ་དག་གི་མན་ངག་གི་ཆ་ཤས་སུ་གཏོགས་ཤིང༌། འདི་དང་འདྲ་ཞིང་འདི་ལས་མི་ཉུང་བ་རྩ་རླུང་དང་རྟེན་འབྲེལ། རིག་སྔགས་དང་འཁྱུད་སྤྱད་གྲངས་ལས་འདས་པ་ཞིག་རང་རེའི་སྔགས་ཀྱི་ཆ་ཤས་རྣམས་སུའང་བྱུང་མོད། ང་ཚོས་ཅིའི་ཕྱིར་ཚོད་ལྟ་ཙམ་ཡང་མི་བྱེད་པ་ཡིན། འདི་དང་ཆ་འདྲ་བ་གཞན་ཞིག་ནི་མི་ལོ་གཅིག་སྟོང་ལྔ་བརྒྱའི་སྔོན་གྱི་མིག་གཤག་བཅོས་བྱེད་པའི་ལག་རྩལ་དེ་ད་ལྟ་ཆེས་སྤྱིར་བཏང་གི་བཤག་བཅོས་ཙམ་ཡང་མི་ཐུབ་པའི་བར་འཕེལ་འགྱུར་ལུགས་སུ་ལྡོག་པའི་ང་ཚོས། ཆེ་ས་ནས་དུས་འཁོར་ལས་བྱུང་བའི་འཕྲུལ་འཁོར་ཆེན་པོ་བརྒྱད་དང༌། ཆུང་ས་ནས་གདོང་དང་སྐྲ་ཡི་མཛེས་བཟོ་ཡན་ཆད་གཞུང་ལུགས་ཀྱི་སྟེང་དུ་བཞག་པ་ཡིན་པས་ད་ནས་རིགས་ལམ་མཐའ་རྒྱ་གཅོད་པའི་མཁས་ཉམས་དང༌། ཉམས་མྱོང་ལག་འཆང་བྱེད་པའི་གྲུབ་ཉམས་གཉིས་ཟུང་དུ་སྦྲེལ་ཐུབ་པ་ཞིག་དགོས་སོ། །
ང་ཚོ་ནམ་ཡང་ཆོས་ཉིད་དང་འགྲོགས་ནས་ཡོད་པས་འོ་མ་དང་ཆུ་ལས་མར་དང་གློག་བཞིན་ང་ཚོས་འཆར་བ་མི་འགག་པའི་གཟུགས་བརྙན་འདིའི་གསེབ་ནས་བྲོད་པ་སྐྱེ་འོས་པའི་རིན་ཐང་ཞིག་རྙེད་སྲིད། ཚན་རིག་མཁས་ཅན་ཕལ་མོ་ཆེས་གསར་གཏོད་ཀྱི་རིགས་ལམ་རྙེད་སྟངས་ཕལ་ཆེར་ཐོལ་བྱུང་དུ་སྟབས་ལེགས་ལྟ་བུར་སེམས་ལ་འཆར་ཞིང་ཤར་ཟིན་པའི་སྐབས་ན་ལས་སླ་བོར་ཚོར་ཐུབ་པ་བཞིན། སེམས་ཀྱི་གནས་ལུགས་ཀྱང་ཐོག་མར་ཉམས་སུ་མྱོང་བའི་དུས་དེ་ཀ་ཁོ་ནར་ལུས་ཀྱི་བཀྱིག་ཐག་གྲོལ་བ་བཞིན་ལྷོད་ཀྱིས་འགྲོ་ཞིང་ཡོད་ཚད་རྗེན་ལ་བུད་དེ་ཁང་སྟོང་དུ་རྐུན་མ་སླེབས་པ་བཞིན་དགོད་བྲོ་བ་ཞིག་ལས་ཅི་ཡང་མེད་པར་ཚོར་ངེས། དེ་ནི་“སླ་བས་ཡིད་མ་ཆེས་པའི་སེམས་ཀྱི་གསང་”འདི་རྟོགས་པ་ཡིན།
འོན་ཀྱང་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་འདིར་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ། ཡང་ན་སྦྱོར་དངོས་རྗེས་གསུམ་ལྟ་བུའི་ལམ་གྱི་གོ་རིམ་ངེས་ཅན་གྱི་སྟེང་ནས་ཆ་ཚང་བ་བརྗོད་ཐུབ་མེད། གལ་ཏེ་ཤེས་པར་འདོད་ན་གོ་རིམ་ལྡན་པའི་སྒོ་ནས་ལག་ཏུ་ལེན་པའི་ཐབས་སྟོན་པའི་བསྟན་བཅོས་ཤིན་ཏུ་མང་པོ་རྣམས་ལས་བདམ་དགོས།
རྩོམ་ཁུངས། སེང་རྡོར་དྲ་བ།