མཛོད་དགེའི་རུལ་སུངས་སློབ་གསོར་རྒོལ་བ།༼ཚན་པ་བཞི་ཡོད༽

         ངོ་རྒོལ་རིག་པས་སློབ་གསོ་སྐྱོབ་པ།
                          ___མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གསོའི་ཉམས་ཆགས་གླེང་བ།
                                          མགར་དམག

  གདོད་མ་ནས་མི་ལ་ལྷན་སྐྱེས་སུ་༼༡དགྲ༽་ལ་རྒོལ་བའི་གོམས་གཤིས་ཤིག་ཡོད་པ་གཞིར་བཞག་གིས། ང་ཚོས་དཔལ་ཡོན་དང་ཤེས་ལྡན།  དེང་རབས་ཅན་གྱི་ཡོངས་ཁྱབ་ཀྱི་སློབ་གསོའི་སྣེ་མོར་འཇུ་བའི་གོ་སྐབས་འདི་མ་བཏང་བར་མུ་མཐུད་དེ།  རང་ཉིད་ཀྱང་ཤེས་འཇོན་ཅན་གྱི་མི་བུ་ཞིག་ཏུ་འགྱུར་བའི་སྟ་གོན་དང་སྡོངས་ཏེ་ཡོང་དུས།  རང་དང་འབྲེལ་བ་རྒྱུ་མཚན་དུ་བྱས་པའི་ཚོགས་སྤྱི་གང་ཞིག་ཀྱང་མིག་གིས་ལྟ་ཞོར་དང་རྣ་བས་ཉན་ཞོར་དུ་བགྲོད་དགོས་པའང་དེ་ལ་དེ་འབྲེལ་གྱི་འཕེལ་རིམ་འབའ་ཞིག་ཡིན་སྟབས།སུ་ཡང་རིམ་འགྱུར་གྱི་སྤྱི་འགྲོས་འདི་ལ་གཡོལ་ཐབས་མེད་པར་འདུག་ཨང་།
   བརྒྱ་ལ་མི་ནི་སློབ་གསོའི་བསྐྱེད་འབྲས་སུ་གྱུར་པས།  སྲིད་པའི་ཁྱོན་འདིར་སློབ་གསོས་མ་བསྐྱེད་པའི་གང་ཟག་ཅིག་གཞི་མི་གྲུབ་ལ།  སློབ་གསོ་གང་དེས་བསྐྱེད་པའི་མི་དེ་ཡང་སློབ་གསོའི་དེའི་སྐྱ་ཐིག་ལས་འཕགས་པར་མི་འགྱུར་བའི་ཆོས་ཉིད་ཅིག་ཀྱང་གྲུབ་ཚར་མོད།  ཐེངས་འདིར་སློབ་གསོ་ཞེས་པའང་བྱེ་བྲག་གིས་བདག་པོ་རང་གི་མྱོང་གྱུར་གྱི་གནས་ག་གེ་མོ་དེ་ལས་ཅུང་ཙམ་བཤད་པར་བྱ་བ་ལས་གཞན་ནི་ཆེ་གེ་མོ་ཞིག་ནས་རགས་བཤད་དམ་རྡོལ་བཤད་ནི་སྤྲོ་བར་མི་འགྱུར་རོ།།
 དེ་ཡང་དེང་གི་དུས་འདིར་དཔལ་ཡོན་ཤེས་རིག་གི་མཁའ་དབུགས་སྲབ་མོ་ཞིག་བོད་སྤྱི་ཚོགས་སུ་ཁྱབ་རྒྱ་ཅུང་ཆེན་པོར་ཁྱབ་པའི་མཐོང་སྣེ་འདི་ནས། རང་ཉིད་ཀྱང་ཆུང་བྱིས་པའི་དུས་ནས་དཔེ་ཁུག་ལེབ་མོ་རྒྱབ་ཏུ་གླན་ཞིང་། དེའི་ནང་དུ་ཞ་སྨྱུག་སྣེ་ཟད་ཅིག་དང་ལྟེབ་ཆག་ཤོར་བའི་འབྲི་ཤོག་ཧྲལ་ཧྲུལ་འགའ་བཅུགས་ཤིང་མི་ལོ་དུ་མར་ཕ་མ་དྲན་པའི་གདུང་བ་དང་། དགེ་རྒན་གྱིས་བཅར་བའི་ན་བ། ཐོབ་འབྲས་ཞན་པའི་ངོ་ཚ་བཅས་དང་ལྷན་དུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སྐས་ཐེམ་དག་མཆོང་མ་ལྡིང་གིས་བརྒལ་ཚར་དུས། སྤྱི་ཚོགས་ཀྱི་བཙུར་གནོན་དང་ལང་ཚོ་ཡི་མེ་རོ་དེ་ཡིས་བདག་གི་རྨི་ལམ་དང་དུས་ཚོད་ཀྱི་སྦུབས་སུ་ཉལ་བའི་འདུན་མ་དེ། ལན་རེར་དྲག་ཏུ་གདུ་ཞིང་སྐབས་རེར་རྨང་ནས་ཞིག་པའི་གོད་ཆག་དང་རོ་ལངས་ཀྱི་མནར་གཅོད། རང་གཅིག་པུའི་ཁེར་ཧྲང་གི་ལམ་ཁ་རུ་སྤུངས་ཡོད་པ་གཞི་ནས་ཚོར་འོང་།
   ད་ནི་ཅིའི་ཀྱང་དྲན་རུང་ལ་དྲན་སྲིད་པ་ནི་རང་ཁོ་ནའི་འདས་སོང་མྱོང་གྱུར་དང་དེ་རིང་མྱོང་བཞིན་པའི་སང་ཉིན་མྱོང་འགྱུར་གྱི་གོམ་སྟབས་ཀྱི་འགྲོས་སུ་འཐིམས་པའི་སློབ་གསོ་གང་དེ་དང་།དེས་བསྐྱེད་པའི་འདུ་ཤེས་སབ་སིབ་དག་རེད་འདུག མ་གཞི་མི་སུ་ཡིན་ཡང་འཇིག་རྟེན་འདི་རུ་མཚར་སྡུག་དང་ལྡན་པར་གསོན་ཆོག་ལ་གཟི་བརྗིད་དང་བཅས་པར་འཆི་ཆོག་མོད་ཀྱང་།  སློབ་གསོ་སྣ་ནག་མ་ཞིག་གི་ཉེས་འོག་ནས་མི་མང་པོ་ཞིག་གི་རིན་ཐང་དཔེ་རུ་མེད་པའི་ཚེ་སྲོག་དང་ཤེས་རབ་མཉམ་གཅིག་ཏུ་དུར་འཇུག་བྱེད་དགོས་སོང་པ་མ་ཡིན་ནམ།བོད་ལུང་པ་འདི་ལ་མཚོན་ན་ལྷ་བཤད་འདྲེ་མཐོང་གི་བག་ཆགས་དེ་དང་། གྲུབ་མཐའ་གསར་རྙིང་གི་ནང་འཁྲུག་སྐྱུག་བྲོ་བ་དེ་དག་གིས་ཆབ་སྲིད་ཀྱི་རྒྱུན་ཤེས་རྨང་ནས་གཏོར་ཞིང་ཤེས་རིག་གི་རྟོགས་པ་རྩད་ནས་བསྒྲིབས་པ་ནས།བོད་ལུང་པ་འདི་ལ་ཤེས་རིག་གསར་བའི་སྐྱེ་སྟོབས་ཀྱི་མྱུག་གཞོན་འཁྲུངས་ས་མེད་ལ།ལྟ་བ་གསར་བའི་འདུ་ཤེས་ཀྱི་མེ་ཕུང་གསོ་ས་མེད་པར་ད་རག་བར་ལུས་པ་སུ་ལ་མི་གསལ་ཨང་།  རྒྱུ་མཚན་དེ་ཡི་དབང་གིས་མི་རེ་རེའི་ལྷན་སྐྱེས་ཀྱི་འཇོན་ཐང་གསོ་བའི་ཕ་མའི་སློབ་གསོ་ནས་སློབ་ཆུང་སློབ་གསོ།དགའ་ཕྱོགས་དང་ནུས་པ་སྐྱོང་བའི་སློབ་འབྲིང་སློབ་གསོ་ནས་མཐོ་འབྲིང་སློབ་གསོ།ད་དུང་ལྟ་བ་དང་མིག་རྒྱང་བསྐྱེད་པའི་སློབ་ཆེན་སློབ་གསོ་བར་སྟོང་ཆ་དང་གས་ཆག་གིས་ལྷག་ཡོད་ལ།བདག་དང་འདྲ་བའི་ཚེ་སྲོག་མང་པོ་ཞིག་༼སྐྱེས་ནི་རང་གིས་མ་ཤེས་ཤི་བ་གཞན་གྱིས་མི་ཤེས་༽བར་མི་ལྷག་ཙམ་གྱི་བསྡུས་གཟུགས་ཀྱིས་འཆི་དགོས་པའི་སྐྱོ་གར་འདི་སུ་ལ་མི་ནའམ།སུ་ཡིས་བཟོད་ཅིང་སུ་ཡིས་སྲོན་ཚུགས་སམ།
   ཐེངས་འདིར་གླེང་བར་མོས་པའམ་མ་གླེང་ཐབས་མེད་ཀྱི་གནད་ཀྱི་དམ་པ་ནི། མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གསོའི་གནད་དོན་ཡིན་ལ།དེ་ཡང་གཙོ་བོ་གོང་སློབ་གཙོ་དང་འོག་སློབ་གཙོས་གསོས་པའི་དགེ་རྒན་ཁྱི་མིང་འཛིན་པ་དེ་དག་གིས་རང་གི་ཁ་རྒྱབ་ཁོ་ནའི་ཆེད་དུ་ཟླ་ཕོག་ནི་ལོངས་སུ་སྤྱད། དཔེ་ཆ་ནི་བོར། འདུ་ཤེས་ནི་རུལ། སློབ་གསོ་ཡང་ལོག་ལམ་དུ་ཁྲིད་པས་མི་རིགས་ཀྱི་༼བརླ་བརྡུངས་སྤུར་བཏབས༽་པའི་ནག་ཉེས་ཀྱི་དྲི་མས། ཚེ་སྲོག་མང་པོ་ཞིག་གི་ཤེས་རབ་དང་རྣམ་དཔྱོད་འབུར་འཇོམ་དུ་བཏང། རབས་གཅིག་གི་མགྲིན་ཚབ་པའི་དཔུང་སྡེ་ཞིག་ཀྱང་འདི་ལྟར་དམར་གསོད་བཏང་དང་གཏོང་མུས་སུ་ཡོད་པ་མིག་གིས་མཐོང་དུས། ངས་ནི་རང་ཉིད་ཀྱང་ཁོས་ཚོས་བསད་ཚར་བའི་ཤ་ལན་རྩོད་པར་མོས། དམངས་སྐད་དུ་༼རྟ་ལ་རྟ་ཤ་དང་མི་ལ་མི་ཤ་དགོས༽་ཟེར་བ་ཞིག་ཀུན་དུ་ཁྱབ་མོད། དེས་ན་ངའི་རྣམ་དཔྱོད་དང་ཤེས་རབ་ཀྱི་ཤ་ལེན་ལ་ཅི་ཞིག་རིན་ནམ།ག་ལ་ཡིན་འཇིན་རྟེན་ན་ཚབ་ཏུ་མེད་པའི་ཤ་ལེན་ནི་ཤེས་རབ་དང་རྣམ་ཤེས་འབུར་འཇོམ་བཏངས་པའི་བྱས་ཉེས་དེ་མིན་ནམ།དེ་བས་ན་ང་ནི་བསད་ཚར་མོད་ཀྱང་།ངའི་གྲོགས་དང་གྲོགས་མོ།ངའི་ཚ་བུ་ཚ་མོའི་དྭངས་གཙང་ཆུ་མོ་ལྟ་བུའི་སེམས་གཤིས་དང་ཤེས་རབ།བདག་གི་སྲོག་ལ་བབས་ཀྱང་འབད་པས་སྲུང་བར་མོས།
   དུས་སྐབས་ཤིག་ལ་ལུང་པ་འདི་གའི་༼མཛོད་དགེའི་འབྲོག་ལུང་ཚང་མ༽་ཀ་ཡིག་གསེར་གྱི་རི་ཐུར་ཅན་ཞིག་མིག་གིས་རིག་མ་མྱོང་ལ།དབྱངས་ཡིག་དངུལ་གྱི་ན་རོ་ཅན་ཞིག་རྣ་བས་ཀྱང་ཐོས་རྒྱུ་ཤིན་ཏུ་རབ་ཏུ་ནས་ཁེག་པའི་དུས་ངན་སྙིགས་མའི་སྔ་མགོ་ཞིག་ལ། མིང་ལ་ཉི་མ་རུ་འབོད་པའི་གྲྭ་བ་གྲྭ་རྐྱང་ཟླ་གམ་ཁེར་རྐྱང་ཞིག་གིས་མཛོད་དགེ་རྫོང་བཞག་སྡོམ་ཡུལ་ཚོའི་ཉེ་འདབས་ཤིག་ཏུ། སྦྲ་ནག་སློབ་གྲྭར་འབོད་པའི་བུ་སློབ་ཚོ་ཤེས་རིག་གི་ཆུ་མོར་ཡུན་གྱིས་རོལ་སའི་གཞིས་ཀ་ཞིག་རང་གི་གཅེས་པའི་སྲོག་དང་དམར་བའི་ཁྲག་ལ་བརྒྱུས་ཏེ་བསྐྲུན་ཞིང་བསྐྱབས་མྱོང་སྐད་ལ། དེ་ཡང་དུས་ཀྱི་འགྱུར་བ་དང་བསྟུན་ནས་ལས་བཟང་ལམ་ཁ་ཤར་ཞེས་པ་ལྟར་རིམ་གྱིས་ཀ་བ་གདུང་ལྕམ་གྱིས་བཏེགས་པའི་ཁང་བཟང་དུ་གནས་སྤོ་ཐུབ་པའི་སྐལ་བ་ལྡན་མོད།ཁོང་གིས་ཚེ་ཡི་འཕེན་པ་རྫོགས་པའི་གྱེས་བྲལ་གྱི་བདེ་མོ་མི་ཡུལ་ལ་གཏན་དུ་བཞག་རྗེས། ལྷག་བསམ་དཀར་བའི་དགེ་རྒན་རེ་གཉིས་ཀྱིས་ད་དུང་མུ་མཐུད་དེ་དཀའ་བ་དང་གདུང་བ་ཆེད་དུ་བསད་ནས་རྫོང་བོད་ཡིག་སློབ་འབྲིང་དུ་བསྒྱུར་མྱོང་སྐད་པའི་ཐོས་ན་རྣ་བའི་བཅུད་དུ་སྨིན་པའི་གཏམ་བཟང་ནི་བསྔགས་སུ་ཡོད་མོད། དུས་རབས་ཀྱི་མཁའ་དབུགས་དབང་དང་གོ་སའི་ལྷད་ནས།མིའི་རིགས་ཀྱི་སེམས་རྩར་ཧམ་པ་དྲག་ཏུ་འབར་པས། སྔོན་བྱོན་གྱི་སྐྱེས་ཆེན་དག་རྨང་ནས་བརྗེད་ཅིང་སྐྱེས་ཆེན་གྱི་རྔུལ་ཁྲག་ཡུད་ནས་བོར་འགྲོ་བའི་རུལ་སུངས་ཀྱི་ནད་ཡམས་དྲག་ཏུ་ལྡང་དུས། མི་ཡི་དམ་ཚིག་ནི་གྱང་ཁའི་འཇག་མ་ལྟར་ཡང་ཞིང་གཡོ་ལ་རུས་པ་དང་ཆོད་སེམས་རྩྭ་མགོའི་ཟིལ་བ་ལྟར་སྐད་ཅིག་ཏུ་འགྱུར་འགྲོ་པ་ནི་བོད་ལུང་པ་སྤྱི་ཡི་ལུས་ངག་ཡིད་གསུམ་ལ་གྲིབ་མ་བཞིན་འགྲོག་པའི་སྡར་གཤིས་སྐྱི་གཡའ་བ་ཞིག་རེད་ལ།དེ་ལས་མ་འདས་བར་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་ཞེས་པ་དེ་ཡང་སློབ་གསོ་སྣ་ནག་མའི་མཐུ་འོག་ནས་ག་ལེར་ག་ལེར་གཉིད་དུ་ཡུར་མགོ་རྩོམ་པ་རེད། དེ་ཡང་སློབ་གྲྭའི་སློབ་གཙོ་དང་དགེ་ལས་པ་ཡོངས་ཀྱི་ལྷག་བསམ་དང་ཤེས་ཡོན།ཉམས་མྱོང་།མཐོང་རྒྱ་བཅས་ལ་ཐད་གར་འབྲེལ་བ་རྒྱུ་མཚན་དུ་བྱས་ཡོད་པ་ཞིག་ཀྱང་ག་ལ་མིན། ང་རང་༢༠༠༦ལོར་གསར་དུ་སློབ་གྲྭ་དེར་ཞུགས་མཁན་གྱི་སློབ་གྲོགས་བརྒྱ་ཕྲག་གྲས་ཀྱི་གཅིག་ཡིན། སྐབས་དེ་དུས་སློབ་གྲྭ་དེར་སློབ་མ་ཧ་ལམ་སྟོང་གཉིས་ལྷག་ཡོད་ས་རེད། ལྟོས་བཅས་སུ་བཤད་ན་སློབ་གྲྭ་དེར་དམངས་ཚོགས་༼བརྒྱ་ཆའི་དགུ་བཅུ་ནི་ཡིག་རྨོངས་པའི་སྡེ་ཡིན་པ་དང་བརྒྱ་ཆའི་བཅུ་ནི་སློབ་གསོ་ཅུའམ་ས་དེ་གའི་སློབ་གསོ་བའི་སྡེ་ཡིནན་མོད་།དེ་དག་གི་རྟོགས་པ་ཡང་སྐར་གྲངས་དྲུག་ཅུའི་རྒྱ་ཁྱོན་ལས་ཅུང་ཙམ་ཡང་འཕགས་མེད་པ་བདག་གིས་དཔང་།༽ཀྱི་དགའ་བསུ་ཡང་མི་དམན་པ་ཐོབ་ཡོད།སྐབས་དེར་ད་དུང་དེ་གར་མཐོ་འབྲིང་འཛིན་གྲྭ་ཚུགས་མི་འདུག རབས་དེ་ལ་ད་དུང་སློབ་གྲྭའི་སློབ་གསོ་ནི་དབྱུག་པའི་སློབ་གསོ་༼ལྟོས་བཅས་སུ་དཔལ་ཡོལ་རིག་པའི་སློབ་གསོར་བརྟན་ནས་བུ་སློབ་སྐྱོང་མཁན་གྱི་དགེ་རྒན་རེ་གཉིས་ཙམ་ཡོད༽་གཙོ་བྱས་སློབ་མ་སྐྱོང་གི་འདུག་ལ་རྒྱུགས་གྲངས་སྐར་མ་དྲུག་ཅུ་ནི་རྩ་བའི་༼ཚད་ཐིག་༽རང་རེད།ཀྱེ་ཀློག་པ་པོ་ལགས།དུས་ཚོད་ཀྱི་རིམ་གྱིས་བཙུར་ནས་ལུང་པ་༼མཛོད་དགེའི་འབྲོག་ལུང་ཁག་ལ་གོ༽འདི་སྟོང་ལོ་དྲུག་པའི་སྒོ་དྲུང་དུ་དེད་ཀྱང་།མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གསོ་ཟེར་བ་དེ་སྐར་གྲངས་དྲུག་ཅུའི་འཐབ་ར་དང་དབྱུག་པའི་སློབ་གསོའི་འཐབ་རྩོད་ཀྱི་གནས་སུ་ལྷག་ཡོད་པ་ནི་ཅི་འདྲའི་ཡིད་མུག་པ་ལ།དེ་ལྟར་ཡིན་ཙང་ཤ་བརྡུངས་ན་རུས་པ་ན་བ་དམངས་སྐད་དུ་ཡོད་མོད།ཕ་ཤ་གཟན་ཤུལ་གྱི་བུ་སྐྱག་གཟན་དག་ལ་དུས་ཚོད་ཀྱིས་ཅི་ལྟར་བྲབས་ཀྱང་།མི་རིགས་འདིས་ཅི་འདྲ་རེ་ཡང་།བླུན་པོ་དབང་ཤེད་ཅན་གྱི་སློབ་གཙོ་ཉི་མ་འོད་ཟེར་དང་དེས་གསོས་པའི་དགེ་མིང་ཙམ་འཛིན་པའི་རྒྱུགས་ཁྱུ་དེ་དག་གིས་རང་ཉེས་གནམ་ཀྱི་ཕྱེད་ཀ་འདྲ་བོ་ངོ་མི་ཟིན་རྒྱུ་ཕར་ཞོག ད་དུང་འདོད་ཧམ་གྱི་མཆེ་བ་གནམ་ལ་ཀེར་ཞིང་རང་ཆེ་རང་མཐོ་ཡི་སྤུ་ལོང་དྲག་ཏུ་གཟེང་།ཁ་ནས་གསེར་གྱི་འཁོར་ལོ་བསྐོར་བཞིན་དམངས་སེམས་འོ་མའི་མར་ལོ་འདྲ་བོ་འདམ་ལ་བསྲེས།བུ་སློབ་རེ་བའི་མེ་སྟག་འདྲ་བོ་རྨང་ནས་བཅོས་སྟེ་ལྟ་བ་དང་ལངས་ཕྱོགས།ཤེས་ཡོན་དང་འདུ་ཤེས། ལྷག་བསམ་དང་མིག་རྒྱང་ཡོད་པའི་དགེ་རྒན་དག་རྒྱང་ཕུད་དུ་བཏང་ཞིང་།རིག་ཞེན་དང་རང་གཅེས་ཀྱི་ལྟ་བ་སྨིན་གྱིན་པའི་བུ་སློབ་དག་ལ་ཐ་ཚིག་བཙན་པོས་ཁྲམ་ཤིང་བརྒྱབས། དེ་ལྟ་དེ་ལྟར་བླུན་པོ་དབང་ཤེད་ཅན་གྱི་ཁྱི་ཚོགས་ཀྱིས་ཡུལ་ལུང་འདི་ཡི་མགྲིན་ཚབ་པ་གསོ་སྐྱོང་བྱེད་སའི་སློབ་གླིང་འདི་རྡུལ་དུ་བརླགས། རྨང་ནས་བཅོམ།
   འདི་འདྲའི་སྐྱོ་གར་དག་ཡུན་རིང་ཡིག་རྨོངས་མ་སེལ་བའི་འབྲོག་ལུང་འདི་གར་ད་དུང་མུ་མཐུད་དེ་འབྱུང་ངེས་ན།རྨོངས་དད་ཀྱི་ཚི་དྲེག་ཤིན་ཏུ་མཐུག་པའི་ངའི་ཕ་ཡུལ་གྱི་ཡུལ་མི་ཚོ་དང་དེ་དག་གི་རུམ་ཁོང་ན་གཉིད་དུ་ཡུར་བའི་ངའི་ཚ་བོ་ཚ་མོ་ཚོགས་དཀོན་མཆོག་གི་བཀའ་ལུང་མེད་པར་དཔལ་ཡོན་ཤེས་རིག་གི་གཡུལ་ས་འདིར་གཡུལ་ལ་ཆས་ཚེ།ཁོ་ཚོ་ལ་ལོ་རབས་བརྒྱ་ཕྲག་སྔོན་གྱི་ལྷ་བཤད་འདྲེ་འདུལ་གྱི་བྱིས་སྒྲུང་དེ་དག་ལས་ཅི་ཞིག་ཡོད་དམ།ཀྱེ་མི་ཡུལ་གྱི་སྨྱུག་འཛིན་པ་ལགས།མི་རིགས་འདི་ཚེ་སྲོག་བདག་པའི་མི་བུ་སྒེར་རེ་རེའི་ཚོགས་སྤྱི་ནས་གྲུབ་རྐྱེན།ངའི་ཡུལ་མི་ཚོ་ཡང་ཚོགས་པ་འདིའི་གྲུབ་རྒྱུ་ཡིན་ལ།ཡུལ་མི་ཚོའི་ཚེ་སྲོག་དང་ཤེས་རབ་ཀྱི་རྒྱུ་བ་ཡང་མི་རིགས་འདི་ཡི་ཚེ་སྲོག་དང་ཤེས་རབ་ཀྱི་རྩ་བ་ག་ལ་མིན།བསམ་གཞིགས་ཀྱི་ཕུགས་པ་གཏིང་ནས་གཏིང་དུ་སྐོར་དུས།རུལ་སུངས་སློབ་གསོའི་རྩ་བར་ཟུག་ཅིང་རྩེ་མོ་སྨིན་པའི་དགེ་རྒན་ཞིག་མེད་ཀྱང་འོས་ལ་ནད་ཡམས་དེ་དག་རོ་ལངས་བརྒྱག་སའི་སློབ་གྲྭ་ཞིག་ཀྱང་མེད་ན་ཆོག་།ང་ཚོར་ཤེས་ཡོན་ཁྱོར་བ་གང་ལས་རག་པའི་གོ་སྐབས་མེད་གྱུར་ཀྱང་དཔལ་ཡོན་གྱི་རྒྱུ་ལས་སྨིན་པའི་ཤེས་ཡོན་གཙང་མ་༼ཤེས་ཡོན་གཙང་མ་ཞེས་པའི་བརྡ་ཆད་ཅིག་མེད་ཀྱང་སྲིད་མོད་ཐེངས་འདིར་དགོས་དབང་གིས་བཀོལ་བ་ཡིན༽ཁྱོར་བ་གང་ལས་ཅི་ཡང་མེད་ན་ཆོག
   སྤྱིར་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་རྒྱལ་ཁབ་དང་མི་རིགས་གང་དེའི་ཆབ་སྲིད་རིག་པ་དང་དཔལ་འབྱོར་རིག་པ།སྤྱི་ཚོགས་རིག་པ་དང་སློབ་གསོ་རིག་པ་གང་དང་གང་ཡིན་ཡང་དུས་རབས་དང་བསྟུན་པར་འགྱུར་ནས་འགྲོ་ལ།གླིང་ཆེན་པོའི་འཚོ་བ་དང་དད་མོས་ཀྱང་འགྱུར་ནས་འགྲོ་མོད།ས་ཁ་རུབ་ནང་གི་མི་མྱིག་རུབ་འདི་དག་གི་ལུས་ངག་ཡིད་གསུམ་གདོན་གྱིས་བཟུང་ངམ་ཅི་ཞིག་ཉེས།ཁོང་ཚོས་བུ་སློབ་བརྒྱ་ཕྲག་གི་རེ་བའི་ཟུངས་ཁྲག་གི་རྒྱུ་བ་རྩད་ནས་གཅོད་པར་མིག་མི་བཙུམ་ལ།དུས་རབས་འདིའི་དུས་མཐའི་ཙག་རླུང་བགམ་རྒྱུར་ཐེ་ཚོམ་དང་སྐྲག་སྣང་ཅི་ཡང་མེད་པར་བལྟས་ན། ཁོང་ཚོ་ནི་དངོས་ནས་ངན་གོམས་སུ་སོང་བའི་མཛོད་རྒན་ཀོ་གྱོང་དག་ཡིན་པ་གཞི་ནས་རྟོགས།
   འདི་ལྟར་༼འུ་ཚོ་ཤེས་མེད་ཚོར་མེད་ཀྱི་ངང་དུ་ཧ་ཅང་ཉམ་ཐག་པའི་༽འཇིགས་རུང་གི་༼གནས་སུ་ལྷུང་བའི་སྟ་གོན་ཡོངས་སུ་གྲུབ་པ་ན་མདུན་ཐད་དུ་མངོན་པ་ནི་འཚོ་གནས་ཀྱི་ཉེན་ཁ་རབས་དང་རིམ་པ་རེད༽་ལ།ད་ནི་དུས་རབས་འདི་ཡི་སྨྱུག་འཛིན་པ་དག་འབད་འབད་པའི་འབྲས་བུ་འདི་ལྟར་བརླག་དགོས་ན།ད་ནི་མི་ལོ་འདི་ལ་བྲིས་བྲིས་པའི་ཡིག་རྩ་ཆུ་ཡིས་སུབ་དགོས་ན།ང་ཚོས་ངོ་རྒོལ་རིག་པའི་མཚོན་ཆ་སྤྲས་ཏེ་ངོ་པགས་མཐུག་པོ་དག་ཤུགས་ཀྱིས་བཤུ་བ་ལས་བྱ་ཐབས་གཞན་ནི་ཅི་ཞིག་མཆིས།ང་ཚོས་ཚིག་གི་རྡུལ་ཕྲན་སྨྱུ་གུས་མགར་བཞིན་བླུན་པོ་དབང་ཤད་ཅན་ལ་དོ་ཡ་བྱེད་པ་ལས་བྱ་ཐབས་གཞན་ནི་ཅི་ཞིག་མཆིས།  ༡ དགྲ་་་་་་་སྤྱིར་དགྲ་ཞེས་པ་ནི་མང་མང་གི་སེམས་སུ་རང་གི་ཕ་གསོད་མ་གསོད་ཀྱི་ལག་དམར་རམ།རང་ལ་གནས་ལུགས་མེད་པར་འཕྲོག་སྲེག་གཅར་གསུམ་གྱི་སྦྱོར་བ་སྤེལ་མཁན་གྱི་ཕ་རོལ་བ་གང་དེ་ལ་གོ་བ་ལེན་སྲིད་མོད།དགྲ་ཞེས་པ་ནི་རང་གི་ཕ་གསོད་མ་གསོད་ཀྱི་ལག་དམར་དང་འཕྲོག་སྲེག་གཅར་གསུམ་གྱི་སྦྱོར་བ་སྤེལ་མཁན་གྱི་ཕ་རོལ་བའི་གང་ཟག་དེ་ཙམ་པ་ཞིག་ཀྱང་མ་ཡིན་པར།རང་གི་དམིགས་པ་དང་མདུན་པ།ཚེ་སྲོག་དང་ཤེས་རབ།སེམས་ཁམས་ལྷིང་འཇགས་དང་འཚོ་གནས་ལ་བར་ཁྱད་བཟོ་མཁན་གྱི་གཟུགས་ཅན་གཟུགས་མེད་ཐ་དག་ནི་ཉིད་ཀྱི་དགྲ་རུ་གོ་ལ།དེ་དག་ལ་རྒོལ་བར་བྱེད་པའི་ཤ་ཚ་སྙིང་ཉེའམ།ཉེ་རིང་ཆགས་སྡང་གི་འདུ་ཤེས་དེ་གདོད་མ་ནས་མིའི་རྒྱུད་དུ་ལྷན་སྐྱེས་སུ་གནས་པའོ།

            སློབ་གསོ་ནི་བཤམས་སྟོན་མ་རེད།
                          ---སློབ་འབྲིང་གི་སློབ་མ།    
                                        ལྐོག་མྱིག
   སློབ་གསོ་ཟེར་མ་ཐག་ཏུ་ཡང་སྙིང་གང་ཞིག་སློབ་དགོས་པ་དང་། ཇི་ལྟར་གསོ་བའི་ཚུལ་ལ་ངེས་ཤེས་ཟབ་མོ་ཞིག་དགོས་པ་ནི་བསྙོན་དུ་མེད། དེ་ཡང་། སློབ་ཞེས་པ་ནི་ཏག་ཏག་ང་ཚོར་མཚོན་ན་བསླབ་བྱའི་དཔེ་ཆ་སློབ་པ་ཞིག་ལ་གོ་འདུག་ཚོད་རེད། སྤྱིར་བཏང་དུ། མི་ཚང་མའི་སྣང་ངོར་སློབ་མ་ནི་དཔེ་ཆ་ཏག་ཏག་ཞིག་སློབ་མཁན་ཡིན་འདུག་པར་སྙམ། དེ་ནི་དེ་ལྟ་བུ་ལར་ནས་མིན་ཏེ། ང་ཚོའི་དཔེ་ཆ་སློབ་པའི་ཐོག་ཏུ་ཀུན་སྤྱོད་ཉིད་ལེགས་ལམ་དུ་འགྲོ་བ་ཡང་སློབ་དགོས་པ་རེད། དགེ་རྒན་གྱིས་ང་ཚོོ་གསོ་དགོས་པ་དང་། ཀུན་སྤྱོད་ལེགས་ལམ་དུ་གསོ་དགོས་པ་རེད། ཡིན་ཡང་། མཛོད་དགེ་བོད་ཡིག་སློབ་འབྲིང་དུ་སློབ་མ་ཇི་ལྟར་གསོ་བཞིན་པ་ཁྱེད་རང་ཚོའི་ཕལ་ཆེར་ཤེས་མེད་ཚོད་རེད། དེ་བས། ངས་འདིར་ཁྱེད་ཚོའི་མིག་མདུན་དུ་བསྟར་བའི་མཛོད་དགེ་བོད་ཡིག་སློབ་འབྲིང་གི་སློབ་གསོའི་ཟུར་ཞིག་འཕྲོས་པར་བྱ།
   ཕལ་ཆེར་གཟའ་འཁོར་བཞི་ལྷག་གི་ཡར་སྔོན་ལ། ངེད་སློབ་གྲྭ་སྟེ་མཛོད་དགེ་བོད་ཡིག་སློབ་འབྲིང་གིས་རྒྱལ་གཅེས་རིང་ལུགས།མི་རིགས་མཐུན་སྒྲིལ།ཁྲིམས་སྲོལ་བདེ་འཇགས་ཀྱི་སློབ་གསོ་སྤེལ་ཞེས་པའི་ཁ་བྱང་ཞིག་ལ་གཞི་བཅོལ་ཁུལ་གྱིས་སློབ་གསོ་བཏང་འདུག ཐོག་མར་ང་ཚོ་ཚོགས་སྐབས་སུ་གོང་གི་སྟེགས་བུའི་ཐོག་ཏུ་སློབ་གཙོ་དང་སློབ་གཙོ་གཞོན་པ་གཉིས་སྟེ་ཁོང་གསུམ་བསྡད་འདུག ཐོག་མར་དགེ་རྒན་བསོད་ནམས་སྙན་གྲགས་ཟེར་བ་ཞིག་གིས་སྐད་ཆ་འགའ་བཤད་རྗེས། ད་བཞུགས་ནས་ང་ཚོའི་སློབ་གཙོ་ཉི་མ་འོད་ཟེར་གྱིས་སློབ་གསོ་གནང་རྒྱུ་རེད། ཚང་མས་ཉན་ཡག་ཅེས་ཟེར། དུས་དེ་ཙ་ན་སློབ་གཙོ་ཁོར་ཁ་པར་ཅིག་ཡོང་སྟེ་རྣ་ལ་གཏད་ཞོར་ཁ་ཡིས་བཤད་ཞོར། དོན་དག་གལ་ཆེན་ཞིག་ཡོད་མདོག་ཁ་བོ་བསྟན་ནས་ཕལ་ཆེར་སྐར་མ་གསུམ་བཞི་ཙམ་ལ་ཁ་བརྡ་བྱས་སོང་། དེས་ནི་ཅི་ཞིག་མཚོན་ནམ། སློབ་གཙོས་ནི་སྤྱི་སྒེར་གཉིས་ཀྱི་དོན་དག་གང་ཞིག་ཡིན་རུང་། སློབ་མ་ཚོར་འདང་རྒྱག་གིན་མི་འདུག ད་དུང་ཅི་ཞིག་ཡིན་མདོག་གི་ཉམས་ཀྱིས་ཁ་པར་བཏང་ནས་འདུག་སྐད།
   དེའི་འཕྲོར་སློབ་གཙོས་མདུན་ཅོག་སྟེང་གི་ཤོག་ལྷེ་སྟེ་བཟུང་ནས། སློབ་མ་སུམ་བཅུ་བཞི་བཅུའི་མིང་བོས་ཏེ། ཡར་སྟེགས་བུའི་ཐོག་ཏུ་འཁྲིད་བྱུང་། ཡར་ལངས་དུ་འཇུག་དོན་སློབ་གསོ་གཏོང་བར་ཁ་གཡར་བ་རེད། དེ་ནི་ལར་ནས་སློབ་གསོ་གཏོང་སྟངས་ཤིག་མ་རེད། དེ་ནི་སློབ་མ་བཤམས་སྟོན་བྱེད་ཚུལ་ཞིག་རེད། འདི་ནི་མཛོད་དགེ་བོད་ཡིག་སློབ་འབྲིང་གི་སློབ་གསོའི་ཟུར་ངོས་ཤིག་རེད།
   སྤྱིར་ཆེ་ས་ནས་བཤད་ན་དགེ་སློབ་སུ་དང་སུ་ཞིག་ཡིན་རུང་། འགྲོ་མིའི་ཁེ་དབང་གི་ངོས་ཐད་ནས་འདྲ་མཉམ་ཞིག་ཡིན་མོད། ཐོབ་ཐང་གི་དབང་ཤེད་འདྲ་མཉམ་མིན་པས་རྐྱེན་གྱིས། ང་ཚོ་ཁ་ཆུང་དབང་ཆུང་དག་གི་ཐོག་ལ་རྫིག་ཉམས་མ་སྟོན། ཁྱེད་རང་ཚོ་ཤེས་ཡོན་པའི་མིང་བྱང་འཁུར་མཁན་ཞིག་ཡིན་པས། ཅིས་ཀྱང་ཤེས་ཡོན་པའི་ཁྱད་རྟགས་ཤིག་དགོས་པ་བསྙོན་མེད་ཡིན་མོད། འོན་ཏེ།སློབ་གཙོ་ཁོང་དང་དགེ་རྒན་གན་ལ་སོགས་ནི་དེ་འདྲ་ཞིག་མ་རེད།
ཁོང་ཚོའི་སྣང་ངོར་སློབ་མའི་མི་གཞིའི་རྩིས་ཐང་ལ་རྡོག་བརྫིས་གཏོང་བ་དང་། དེ་མ་ཡིན་པའི་དུས་རབས་འདིའི་གཙོ་རྒྱུགས་ཁྱད་ཆོས་ཤིག་སྟེ། ངོ་སོ་སྲུང་བ་དང་ངོ་ཚ་བག་འཁུམས་གྱི་གནས་སུ་བསྐྱལ་བ་ནི་སློབ་གསོ་ཞིག་ཡིན་ནམ། སློབ་མ་ཚོ་ནི་རི་མོ་མཛེས་རྩལ་བཞིན་གང་འདོད་དུ་བཤམས་སྟོན་བྱས་ན་ཆོག་རྒྱུ་ཞིག་རེད་དམ། ཡང་ན་མི་གཞིའི་རྩིས་ཐང་གང་བྱུང་དུ་བཙན་དང་དབང་ཤེད་ཀྱིས་རྡོག་བརྫིས་སུ་བཏང་ན་ཆོག་པ་ཞིག་ཡིན་ནམ།
   གལ་ཏེ་རྩོམ་རྙོག་འདི་མཛོད་དགེ་བོད་ཡིག་སློབ་འབྲིང་གི་སློབ་གཙོ་དང་དེའི་ཞུགས་ཀྱི་དགེ་རྒན་དག་གིས་མཐོང་ཚེ། ཞེ་སྤོ་གཏིང་ནས་མི་ལངས་བའི་ངེས་པ་མེད་པས། དགོངས་འཆར་ཞུ། ཡིན་ཡང་ད་དུང་མི་མཐུད་དུ་སློབ་གསོ་མ་ཡིན་པར་སློབ་གསོར་ཁ་གཡར་ནས་གང་བྱུང་དུ་སློབ་མའི་ཁེ་དབང་ལ་རྡོག་བརྫིས་གཏོང་རྒྱུ་ཡིན་ན། ངས་ནི་འདིར་ཁྱེད་ཚོར་ཞུ་རྒྱུར། ང་ནམ་ཡང་སྙུ་གུ་ལ་འཐབ་ནས་ཁྱེད་ཚོའི་གདོང་ལ་འབུད་རྒྱུ་ཡིན་དང་རུལ་སུངས་དག་བྲི་རྒྱུ་ཡིན་ཞེས་བཤད་རྒྱུ་ཡིན་ནོ།
                                             2014-4-14

          རང་གི་ཁེ་དབང་རང་གིས་རྩོད་དགོས།
                                 -----བོད་ཡིག་སློབ་འབྲིང་གི་ནག་ཉེས་དང་གཞན་དག
                                           རྐང་རིང་།
 
   སྔོན་གྱི་དུས་སུ།  འོ་སྐོལ་གྱི་མཁས་རྒན་དང་ཡི་གེ་བ་དག་གིས་རང་གི"ཕ་ཡུལ"ལ་བསྟོད་པའི་ཚིག་དང་འཛུམ་པའི་མཐེ་བོང་ཡར་ལ་བསྒྲེང་བཞིན། ཤིན་ཏུ་སྙིང་ཉེ་མདོག་གིས་རང་གི་དུངས་བ་ལྷ་ཡུལ་ལ་འདྲེན་པར་བགྱི་ངེས། མིའི་གཉུག་གཤིས་སུ་བདོག་པའི་དུངས་བ་དེ་ཉིད་འགྲོ་མི་སུ་ཡང་ཡོད་ལ། རང་གི་ཕ་ས་ཕ་ཡུལ་ལ་སུ་ཞིག་ཡིན་རུང་གཅེས་ཤིང་། ཤ་རུས་པའི་གསེང་ནས་མི་གཅེས་མི་དགའ་མཁན་ཞིག་སུ་ཞིག་མཆིས། ཡིན་ཙང་། འུ་ཚོ་ནི་ད་ལ་ཐུག་གི་དབར་དུ་འུར་གྱིས་སྤུར་ཞིང་བསྟོད་ཚིག་རྐྱང་རྐྱང་གིས་རང་གི་ཕ་ཡུལ་ལ་ཡག་དང་མཛེས་མ་གཏོགས་བརྗོད་རྒྱུ་མེད་ཁར། ད་ལྟའི་དུས་སུ། མི་བུ་སུ་ཞིག་གིས་ཕ་ཡུལ་གྱི"སློབ་གསོ"མི་འགྲིག་ཅེས་དང་། མི་མཛེས་མི་ལེགས་སོགས་ཀྱི་སྣང་ཚུལ་གང་རུང་ངམ། ཐ་སྙད་ཀྱི་ཡིག་ཚོགས་རི་འདྲ་བ་དག་སྤུངས་ཙམ་གྱིས།མི་རྒན་པ་དག་གི་བློ་ཁ་མི་བདེ་བ་ཤེས་མོད། རང་ས་ནས་ཀྱང་གནད་དོན་འབྱུང་བཞིན་དུ་ཁ་མི་གྲག་པའི་ངང་ཚུལ་ལ་ནི། རབས་ཕྱི་མ་བ་ང་ཚོ་ཅིས་ཀྱང་སྐྲག་པས། ད་རེས་ངོས་རང་ནས་གནད་དོན་འགའ་ཞིག་རང་རོགས་ཀུན་ལ་གྲོས་མོལ་ཞིག་གི་ཚུལ་དུ་བགྱིས་པ་ཡིན།
   སྤྱིར་བཏང་ནས་བསྙད་ན། འུ་ཅག་གི་ལོ་རྒྱུས་ཀྱི་ལམ་དང་། བོད་སྤྱི་ཚོགས་བྱིངས་ཀྱི་འགལ་འདུ་གང་ཞིག་ཁ་ནང་འཁོར་གྱིས་ལབ་ན་རེད་མོད། བསམ་གཞིག་གྱ་ནོམ་པ་ཞིག་གཏོང་ཚེ། དེ་ལ་དེ་ཙམ་གྱིས་མཇུག་འབྲས་ཤིག་བདོག་པར་དོགས་པས། འུ་ཚོས་རྩ་བའི་གནད་དོན་གྱི་རྩད་པ་གང་ནས་གླེང་ན་འགྲིག་གམ། སྤྱི་ནས་བྱེ་བྲག་དང་ཆ་ནས་ཆ་ཅན། ཡང་ན། མི་བུ་སྒེར་གྱི་སད་རྟོགས་ནས་མི་བུ་རང་ཉིད་ནས་མགོ་བརྩམས་པར་བྱ་བའི་ཡུལ། གང་ལྟར་ཀྱང་། ཡོད་ཚད་པོར་ཤིན་ཏུ་ནས་རབ་ཏུ་གླེང་ན་འགྲིག་འདུག་པར་སྣང་མོད། ད་ལྟའི་སྤྱི་ཚོགས་ཀྱི་མ་རུང་བའི་ཉེས་དམིགས་དག་ལ་བསམ་ན། སྤྱི་ཕྱོགས་ནས་གླེང་དགོས་པར་འདོད། རྒྱུ་མཚན། སྤྱིའི་སྣང་ཚུལ་གང་རུང་གིས་ཐད་ཀར་མི་བུ་སྒེར་ལ་སད་རྟོགས་བྱེད་དུ་འཇུག་གིན་མེད་པར། མིའི་བསམ་བློའི་རང་དབང་དང་། རྩིས་ཐང་།འགྲོ་འདུག་སྤྱོད་གསུམ་ཀུན་ལ"གཞུང"གང་གིས་བཀག་བསྡོམས་བཙིར་གནོན་བྱེད་ཀྱིན་ཡོད་ཕྱིར། ས་ཁུལ་གང་དེའི་རིག་གནས་འཕེལ་རྒྱས་ལ་ཡང་གནོད་པ་འཚབ་ཆེན་བྱས་དང་བྱེད་འགྱུར་བདོག  སྤྱིར་བཏང་ནས་བསྙད་ན། "གཞུང"ནི་སྤྱི་དམངས་ཀྱིས་གྲུབ་ལ། "གཞུང"གིས་སྤྱི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱ་དགོས་ཏེ། སྤྱི་དམངས་ཀྱི་ཁེ་དབང་ཉིད"གཞུང"གིས་རྡོག་རོལ་དུ་གཏོང་མི་ཆོག་ལ། སྒེར་གཅོད་དང་གཏུམ་དྲག་གཞོམ་གསུམ་གྱི་སྦྱོར་བ་ནམ་ཡང་སྤེལ་མི་ཆོག་པ་མ་ཟད།  "གཞུང"གིས་སྤྱི་དམངས་ཀྱི་ཁེ་དབང་ལ་ནམ་ཡང་བརྩི་སྲུང་བྱ་དགོས།    འོ་སྐོལ་ཚོས།"གཞུང"གང་གི་ཉེས་དམིགས་ལ་རྒོལ་ལན་སྤྲད་ན་རེད་སྙམ།  ཡང་སྙིང་། "གཞུང"གང་གི་སྒེར་གཅོད་སྟེགས་བུ་ཤུགས་ཆེ་དྲགས་པས། ས་ཁུལ་གང་དེར་མི་རིགས་གཞན་བསྒྱུར་གྱི་སློབ་གསོའི་ལས་ཀ་དར་ཆེ་བ་དང་། མགོ་འབུས་རྩ་བ་ཚུགས་ཀྱིན་ཡོད་པ་མིག་མཐོང་ལག་ཟིན་རེད། རྩ་བའི་གནད་དོན། "མི་རིགས་སློབ་གསོ"ཡང་དག་ཞིག་སྤེལ་གྱིན་མེད་པ་དེ་རེད།  དེ་བས། གང་ཞིག་མ་འགྲིག་པས་ལན་རེད། "གཞུང"གང་ཞིག་གི་ལམ་ལུགས་ཡིན་ནམ"མི་སྒེར"སུ་ཞིག་གི་སྒེར་གཅོད་ཡིན་འདུག་ཨང་།     གོང་བརྗོད་ལྟར།  རྩ་བ་སློབ་གསོ་རེད་པས། མི་རིགས་ཤིག་གི་དར་རྒུད་ཡང་སློབ་གསོ་ལ་འབྲེལ་བ་དམ་ཟབ་ཡོད་པ།    ཀུན་གྱིས་གཞི་གཅིག་ཏུ་མཁས་ལེན་པར་བགྱི།“ཆབ་དཔལ་རིག་གསུམ”ལྡོག་སྟེ།   མི་རིགས་གང་དེའི་སྐད་ཡིག་ཉམས་རྒུད་དུ་འགྲོ་བ་མྱུར་ཅིང་།  དེ་ལ་བཀག་འགོག་དང་སྐད་ཡིག་གི"རང་དབང"གཞན་གྱིས་རྨེག་མེད་ཁྱད་གསོད་གཏོང་ཚེ། མི་རིགས་དེའི་སློབ་གསོའི་རྩ་བ་ཡར་རྒྱས་སུ་འགྲོ་འམ།   ཡང་ན།  མི་རིགས་འཕེལ་རྒྱས་སུ་འགྲོ་བར་རྔོ་ཐོགས་སམ། རྩ་ཁྲིམས་སུ། "མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད"ཅེས་བཤད་འདུག   དེས་ན།མི་རིགས་ཟེར་ནའང་ཆོག  ས་ཁུལ་ཟེར་ནའང་ཆོག  གང་ལྟར་ཀྱང་། སློབ་གསོའི་རྩ་བ་ཚུགས་ཤིང་ཡལ་འདབས་རབ་ཏུ་རྒྱས་དགོས་ཐལ་ན། མེད་དུ་མི་རུང་བ་ནི་སྐད་ཡིག་འཕེལ་རྒྱས་རེད། སྐད་ཡིག་བཀོལ་སྤྱོད་ཀྱི་རིན་ཐང་རེད།ངས་བལྟས་ན།  དེ་གཉིས་ནི་ཁ་བྲལ་ཐབས་མེད་པའི་གཞི་རྩ་ཅན་ཞིག་ཏུ་འདོད་དེ།  སྐད་ཡིག་གང་ཞིག་ཉམས་རྒུད་དུ་སོང་ཚེ།  སློབ་གསོ་ཡང་དག་ཟེར་ན་རྫུན་དུ་ཐལ་མོད། ལྷག་དོན། མི་རིགས་ཀྱི་ངོ་བོ་ལྡན་པའི་སློབ་གསོ་ཞིག་སྤེལ་གི་ཡོད་ཟེར་ན།  དེ་ནི་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ།  ནམ་མཁའི་མེ་ཏོག་བཅས་ཀྱི་དཔེ་ལས་མ་འདས་སོ།
   དེ་ཡང་རང་རྫོང་ནི་བོད་རོང་འབྲོག་མང་ཚོགས་ཀྱིས་གྲུབ་ཞིང་། གནའ་སྔ་མོ་ནས་བཟུང་སྟེ། བོད་ཀྱི་སྐད་ཡིག་དང་།  ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་མ་ཉམས་མིའི་རང་རྒྱུད་དུ་ལྷད་མེད་དྭངས་གཙང་གིས་བདོག་པ་ཞིག་ཡིན་འདུག་སྐད།  དེ་ལ་དེ་ཙམ་གྱིས་འཐུས་པར་བྱ།  འདིར་ལོ་རྒྱུས་བརྗོད་ཀྱིན་མེད་པས་སོ། ཡང་གཅིག་བསྙད་ན། ང་ནི་ལོ་རྒྱུས་སྨྲ་བ་ཞིག་མིན་པ་དེའོ།འདིར་དགོས་དབང་གིས་ཕ་ཡུལ་གྱི་སློབ་གསོ་རུལ་སུངས་ཀྱི་རྩད་པ་ཅུང་ཙམ་སྤྲོས་བ་ཙམ་མོ།། མ་གཞི།  ང་ཚོས་སློབ་གསོ་གླེང་དུས།  ལྟོས་བཅས་ཀྱིས་བཤད་དགོས་པ་ལས།  བཙན་དང་ཨུ་ཚུགས་ཀྱིས་ནི་ཅི་ཡང་མི་ཕན་ནོ།  ཕྱོགས་གཞན་ཞིག་ནས་བསྙབས་ན། གཏན་ཚིགས་ཀྱིས་སློབ་གསོ་ནི་འདི་ལྟ་བུ་ཡིན་དགོས་པ་དང་འཕེལ་རྒྱས་སུ་འདི་ལྟར་གཏོང་དགོས་ཅེས་ཐལ་ཚེ།    ངེས་པར་དུ་བོད་ཡིག་བོད་སྐད་རྐྱང་པ་ཡིན་དགོས་པས་ངེས་པ་ནི་རྦད་དེ་མེད།  གནས་ལུགས་དེ་ནི་བྱིས་པ་སྣབས་ལུག་ཚོས་ཀྱང་མཁྱེན་གསལ་རེད་པས།  གསལ་བཤད་ཀྱིས་ཡིག་ཚོགས་སྤུངས་བ་ཙམ་གྱིས་དགོས་པ་གང་དང་ཅི།  འདིར་རང་རེའི་ཁ་བ་ཅན་ལ་མཚོན་ན། སེམས་དང་མིག་ཟུང་ནང་དུ་བསྐོར་ཏེ་བཤད་དགོས་པ་མཐོང་སྟེ།   སློབ་གསོ་ནི་བོད་ཡིག་བོད་སྐད་དང་གཞི་ནས་བྲལ་ཅིང་དྲི་མ་ཙམ་ཡང་སྣ་རུ་མི་འཐུལ་ཁ་རུ་མ་མྱོང་བའི་བོད་མིའི་རིག་གནས་དང་མི་བསྟུན་མི་མཐུན་ཚེ།  དེ་ནི། བོད་རིགས་ཀྱི་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་སློབ་གསོ་ཞིག་དང་།   བོད་མིའི་འདུ་ཤེས་ཀྱི་གཏིང་རིམ་ཁྱབ་པའི་སློབ་གསོ་ཡང་དག་ཞིག་ཡེ་ནས་མིན་པས། སློབ་གསོ་ཤི་རོ་རེད།  རྩམ་དྲི་དང་མར་དྲི་ཁྱོན་ནས་མི་འཐུལ་བའི་སློབ་གསོ་ཤི་རོ་ཞིག་ཡིན་པ་བསྙོན་དུ་ཅི།  རང་རིགས་ཀྱི་སློབ་གསོའི་སྙིང་བོ་སྟེ།  བོད་སྐད་ཀྱི་ཐོག་ནས་གཞི་འཛིན་པར་བྱས་ཏེ་མི་རིགས་རང་གི་འདུ་ཤེས་མ་ཉམས་པར་རབས་ཕྱི་མ་བ་དག་ལ་ངོ་སྤྲད་འཕེལ་རྒྱས་སུ་གཏོང་དགོས་པ་མ་ཡིན་ནམ།  ཡང་། རང་ཅག་ལ་མཚོན་ན།  བོད་སྐད་མི་བཤད་པའི་སློབ་གསོ་གང་དེ་ནི།  མི་རིགས་གཞན་བསྒྱུར་གྱི་ལམ་ཁར་འཇུག་པ་དང་མི་རིགས་ཤིག་རྩ་མེད་དུ་གཏོང་བའི་ཐབས་ཤེས་བྱེ་བྲག་པ་ཞིག་གི་སྔོན་འགྲོ་ཡིན་པ་བསྙོན་དུ་ཅི།  འོ་སྐོལ་གྱི་མང་ཚོགས་དག་གིས་རྒྱ་ཡིག་རྒྱ་སྐད་མ་ཤེས་བའི་རྐྱེན་པས།   "གཞུང"གིས་ཁོ་ཚོར་བཙན་དང་བཙིར་ནས་རྒྱ་ཡིག་སློབས་དུ་འཇུག་ལ།  རྒྱ་སྐད་ཀྱི་ལམ་ནས་གོ་བརྡ་སྤྲོད་པར་བགྱི་ངེས།  དཀའ་ཁག་དེས་བོད་རོང་འབྲོག་མང་ཚོགས་ལ་འཁུར་བོ་ལྕི་མོ་ཞིག་གི་ལམ་སྣེ་བསྐྲུན་ཡོད་པས།  ཁོ་ཚོས་སྡུག་བསྔལ་འདོན་པ་དང་རང་སྐད་ལ་ཁོ་ཐག་གཏིང་ནས་ཆད་དེ།  "བོད་ཡིག་གིས་གོ་མི་ཆོད"ཅེས་རང་གི་བུ་ཕྲུག་སོགས་ལ་བསླབ་བྱ་གཏོང་བར་བྱེད།  དེས་ནི། རྒྱུ་གཞན་ཞིག་གིས་རྒྱུ་གཞན་ཞིག་ལ་བཙན་དང་དབང་ཤེད་བསྐོས་ཏེ་དངོས་རྒྱུ་གང་རུང་ནས་སྒེར་གཅོད་གཉའ་གནོན་བྱས་བའི་སློབ་གསོ་ཞིག་ཡིན་པ་གདོན་མི་ཟ་ལ།   སྒེར་གཅོད་ཀྱི་རྔམ་ཁ་ཧ་ཅང་རྒོད་པ་ཡང་མཚོན་ནོ།  དོན་གྱི་སྙིང་བོ།  རབས་ཕྱི་མ་བ་དག་ཡིན་འདུག  ཁོ་ཚོ་ཁ་བ་ཅན་གྱི་མ་འོངས་པ་དང་རྒྱུད་འཛིན་པ་འབོད་པ་དེ་དག་ཡིན་འདུག་སྐད།  གནད་དོན་འདི་ལ་བརྟེན་ནས་གླེང་བར་སྤྲོ་བ་ནི།  སློབ་ཆུང་གི་སློབ་གསོ་ཇི་ལྟར་སྤེལ་གྱིན་ཡོད་པ་དེ་ཉིད་རང་རེེད།     གནའ་སྔ་མོ་ནས་ཀུན་གྱིས་བསྟོད་ཡུལ་དུ་གྱུར་བའི་རང་རྫོང་གི་མི་རིགས་བཅའ་སྡོད་སློབ་ཆུང་ནི། སློབ་ཆུང་གཞན་དང་བསྡུར་ན་ལྟོས་བཅས་ཀྱིས(སློབ་གྲྭའི་ཆ་རྐྱེན་དང་སློབ་མའི་སྐར་གྲངས་སོགས།)འགྲིག་ས་རེད་འདུག  དེ་བས།  མང་ཚོགས་ཀྱིས་རང་གི་བུ་ཕྲུག་སོགས་གང་ཅི་ཐུབ་ཀྱིས་སློབ་གྲྭ་འདི་གར་མངགས་པར་བྱེད།  མ་ཟད།ནུས་དང་མི་ནུས།  འཇོན་དང་མི་འཇོན།  གང་རུང་གིས་རེ་བའི་མིག་ཟུང་འདི་སར་ཅེར་ནས་བདོག   སྐབས་འདིར།མང་ཚོགས་ཀྱི་ཡིད་ཆེས་ས་གཙོ་བོ་སྟེ་དགེ་བའི་རྒན་དུ་བསྙད་པ་དག་ཡིན་ལ།  རང་གི་རྗེས་རབས་པའི་མདུན་ལམ་གྱི་བྱིངས་དགེ་རྒན་ཚོར་གཞི་ནས་སྤྲད་ཟིན་པས།   ཁོ་ཚོ་ས་ཁུལ་འདིའི་ཤེས་ཡོན་པ་མཐོ་ཤོས་དེར་ཆགས་ཡོད། དེ་ཉིད་ཡིན་ཀྱང་སྲིད།  ལར་མི་ཞིག་གི་འགྲོ་འདུག་རང་དབང་ལ་ཐེ་གཏོགས་མི་བགྱི་བ་ནི།  མ་མཐའི་འགྲོ་མིའི་དབང་ཆ་ཡིན་ལ།  སུས་ཀྱང་བཙན་འཛུལ་དང་དྲག་ཤུགས་བསྐོས་མི་ཆོག་སྐད།  ཡིན་ཙང་། སྤྱི་བའི་དོན་དག་ཕྲག་ཏུ་ལེན་ཞིང་མི་རིགས་ཤིག་གི་མ་འོངས་ལམ་ཁའི་མཛུབ་སྟོན་ཞིག་གི་ངོས་ཐད་ནས།  གང་ཞིག་མ་འགྲིག་སུ་ཞིག་མི་སྒེར་ཁེ་ཕན་ཁོ་ན་འབའ་ཞིག་ལ་སྙེགས་ཚེ།  སྦྱོར་བ་དེའི་རིགས་ལ་ང་ཚོས་ཀྱང་དེ་ལ་དེར་བསྟུན་གྱིས་ངོ་རྒོལ་བྱས་ན་ཆོག་ལ།  བསམ་འཆར་ཅི་ཡོད་འདོན་པའི་རང་དབང་ནི་ང་ཚོ་ལ་ཅིས་ཀྱང་ཡོད་འོས་སོ།  ངས་བལྟས་ན།  སློབ་གྲྭ་ཞིག་ལ་མཚོན་ནས་བསྙད་ན།  དོན་དག་སྣ་ཁ་གཉིས་ཡོད་པར་སྙམ་སྟེ། གཅིག་ནི། ཀུན་གྱིས་གླེང་བར་སྤྲོ་བའི"སློབ་གསོ"འདི་ཉིད་རེད།  གཉིས་ནི།"སློབ་ཁྲིད"ནན་ཏན་རེད།  འདི་གཉིས་གང་ཞིག་མ་འགྲིག་གང་ཞིག་ལོག་ལམ་དུ་བུད་སོང་ཚེ།  སློབ་གྲྭ་གང་དེར་རེ་བ་ཤིན་ཏུ་ཆུང་བར་སྙམ།  དེ་ཡང་སློབ་གསོ་ནི་མ་གཞི་ནས་དཀྱེལ་ཡངས་ཤིག་ཡིན་དགོས་པ་བདེན་དུ་གྲུབ་མོད།  གང་བསམ་གང་འདོད་དང།  རང་སྣང་གང་ཤར་གྱི་སྦྱོར་བ་ནི་ཡེ་ནས་མིན།     "གཞུང"གིས་སློབ་ཚན་ཁག་ཏུ་འདི་འདྲའི་བཀོད་སྒྲིག་བྱས་ཡོད་དེ།        རྒྱ་ནག་གི་སློབ་གསོ་བ་འབོད་པས"ཁུང་ཙི"དང"ལོ་ཙི"གཙོས། "ཡན་ཏི"དང"ཧོང་ཏི"སོགས་ཀྱི་ཆེ་བ་རབ་ཏུ་བརྗོད་པར་བྱས་ཏེ། ཁོ་ཚོ་ནི"འབྲུག"གི་རྒྱུད་པ་དང"ཡན་ཏིས"རྒྱུད་པ་ཡིན་ཞེས་གཞན་ལ་ངོམ་བཟོ་དང་། འུར་བརྗོད།  བྱིས་པ་ཚོར་སློབ་གསོ་གཏོང་བར་བྱེད། སློབ་གསོ་དེས་བོད་མི་རིགས་རང་གི་བྱིས་པའི་བསམ་བློ་གསོ་ཡི་མེད་པར་བསྒྱུར་གྱིན་འདུག  བསྒྱུར་བ་དེས་མི་རིགས་ཤིག་གི་བྱིས་པ་ཚོ་གསོད་ཀྱིན་ཡོད་པ་བསྙོན་མེད་ཡིན།  བྱིས་པ་གསོད་པ་ནི་ཆེས་གདུག་རྩུབ་ཆེ་བའི"སྲིད་དབང་སྒེར་གཅོད"པ་ཞིག་ཡིན་པ་ཡང་བསྙོན་མེད་ཡིན། དེས་ན། བཅའ་སྡོད་སློབ་གྲྭས་སློབ་མ་ཚོར་སློབ་གསོ་ཇི་ལྟར་སྤེལ་གི་ཡོད་དམ། གཅིག   མི་རིགས་རང་གི་སྐད་ཡིག་ཆུང་བར་སྒོམ་ནས་གཞན་མི་རིགས་ཀྱི་སྐད་ཡིག་གལ་དུ་བརྩི་བ།  གཉིས།   མི་རིགས་རང་གི་རིག་གནས་བག་ཆགས་གཏོར་ཏེ་གཞན་མི་རིགས་ཀྱི་རིག་གནས་བསམ་བློ་ཤུགས་ཆེ་བ་སྤེལ་བ།(མི་རིགས་གཞན་གྱི་རིག་གནས་ཟེར་བ་དམར་བོའི་ལྟ་བ་བཤད་ཀི་ཡོད།)གསུམ།  དགེ་སློབ་ཀུན་གྱིས་དུས་དང་རྣམ་པ་ཀུན་ཏུ་གཞན་སྐད་ལ་ཤུགས་རྒྱག་པ།  བཞི།  རྒྱུགས་ཀྱི་ལམ་ལུགས་གཙོ་བོ་བྱེད་ལ་གཙང་སྒྲ་དག་གིས་དགེ་སློབ་ཡོངས་དམ་ལ་བཏེགས་པ།  གོང་གི་འདི་དག་ཤུགས་ཆེ་བར་སྤེལ་ཞིང་གཙོ་བོར་འཛིན་གྱིན་པས། སློབ་གྲྭ་འདི་དང་འདི་ལྟ་བུ་དག་གིས་ནི། ནམ་ཞིག་གི་ཚེ་ལ། སློབ་གྲྭའི་སློབ་གསོ་ཡིས་བོད་སྐད་མི་ཤོད་ལ། སློབ་མས་ཀྱང་བོད་སྐད་མི་ཤོད་པའི་དུས་ལ་མི་ཐོན་པའི་ངེས་པ་སུ་ལ་ཡོད། འདི་ནི་རྒྱ་ནག་ལ་དེ་སྔ་དར་ཞིང་རྒྱུགས་ཆེ་བའི་སློབ་གསོ་ཞིག་སྟེ། "ཀླད་པ་བཀྲུ་བའི་སློབ་གསོ"བྱེད་སྟངས་ཤིག་ཅིས་མི་ཡིན་ནམ། གནད་དོན་གཞན་ཞིག་ནི།  དགེ་རྒན་མང་དག་ཅིག་གིས་རྒྱུགས་རྐྱང་པ་ཁོ་ནར་འབད་པ་དང་ཤོ་དང་མིག་མང་ཁོ་ནར་གཡེང་བ་ནི།རང་ངོས་ནས་ཧ་ཅང་དགའ་བོ་མེད་ལ།  ལྷག་ཏུ།  རྒྱུགས་ལེན་ལམ་ལུགས་ཁོ་ན་དམིགས་སུ་འཛིན་མཁན་དག་ལ་དེ་བས་དགའ་བོ་མེད་དོ།    འདིར་ཟུར་གླེང་ཙམ་མ་ཡིན་པར་དམིགས་ཀྱིས་རྫོང་བོད་ཡིག་སློབ་འབྲིང་གི་ནག་ཉེས་ཨེན་ཙམ་བཤད་པར་བགྱི། ཉེ་སྔོན་དུ། བདག་གིས་(སྟབས་བདེ་བའི་ཆེད་དུ་སློབ་འབྲིང་ཞེས་འབོད།)སློབ་འབྲིང་ལ་ཆེད་དུ་རྩོམ་ཐུང་ཞིག་འབྲི་བར་འདོད་མོད། དུས་ཚོད་ཀྱི་དབང་གིས་མགོ་མཇུག་ཚང་བ་ཞིག་བྲི་མ་ཐུབ་པར་ལུས། ཆ་མི་ཚང་བའི་རྩོམ་རྙོག་དེ་ག་རང་གི་སྐད་འཕྲིན་དུ་བཞག་པ་ཡིན་མོད།གསའ་དང་གསེང་ནས་སློབ་གྲྭ་དེ་གའི་དགེ་རྒན་རེ་འགས་རིག་ཡོད་པ་གོ་ཐོས་སུ་གྱུར། རིག་ནས་ཁོ་ཚོ་ཁོང་ཁྲོ་འདྲ་ལངས་ཡོད་ཀྱང་ཁ་གཏད་དུ་བདག་ལ་ཅི་ཡང་བཤད་མ་སོང་། དེ་ལྟ་མོད། རང་ནི་ལག་ཏུ་སྙུ་གུ་འཛིན་མཁན་ཞིག་ཡིན་པས། མ་ཤི་གཅེས་བའི་སྲོག་ལ་བབས་ཀྱང་། མུར་བརྗོད་རྒྱུ་ཡིན།
    གོང་བརྗོད་ལྟར། "གཞུང"ནི་སྤྱི་དམངས་ཀྱིས་གྲུབ་ཡོད་ན། "སློབ་གྲྭ"ནི"དགེ་སློབ"ཡོངས་ཀྱིས་གྲུབ་ཡོད་པ་བསྙོན་དུ་ཅི། དེ་བཞིན་དུ། "གཞུང"གིས"སྤྱི་དམངས"ཀྱི་ཁེ་དབང་ལ་འགན་སྲུང་བྱ་དགོས་པ་ལོ་རྒྱུས་ཀྱིས་ར་སྤྲད་ཡོང་དུས། "སློབ་གྲྭའི་མགོ་བ"དག་གིས"སློབ་མ"རྣམས་ཀྱི་མི་བུའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། རྩོམ་འབྲིའི་རང་དབང་། ཀུན་ལ་བཀག་འགོག་མེད་པར་སློབ་གྲྭའི་སློབ་གསོ་དཀྱེལ་ཡངས་ཤིག་ཅིས་ཀྱང་ཡིན་དགོས། ད་ནི་བྱེ་བྲག་ལ་ལྷོད་ཀྱིས་བབས་ཏེ་ཞིབ་ཀྱིས་བལྟས་ཚེ། སློབ་འབྲིང་གི་ནག་ཉེས་རེད། ནག་ཉེས་དེ་ནི་རང་ག་བ་ཞིག་མ་ཡིན་པར། རིམ་བཞིན་ཆེ་ནས་ཆེ་རུ་འགྲོ་བའི་ནག་ཉེས་ཀྱི་རིགས་ཤིག་སྟེ། འུ་ཚོ་ཀུན་གྱི་ཁ་ལ་འཁྱེར་བདེ་ངག་ལ་གྱེར་སླ་བའི"སྐད་གཉིས་སློབ་གསོ"ཡི་གནད་དོན་འདི་རེད། སློབ་འབྲིང་དུ། སློབ་གསོ་འདི་ཉིད་དངོས་སུ་སྤེལ་གི་མེད་ན་ཡང་། འཇིགས་སུ་རུང་བ་ཞིག་ལ། མགོ་འབུས་རྩ་བ་ཚུགས་པ་ལ་ཤུགས་རྒྱག་གི་ཡོད་པ་དེ་རེད། རྩ་བ། གནད་དོན་གང་ནས་འབྱུང་གི་ཡོད་དམ། "སློབ་ཁྲིད"ཀྱི་གནད་དོན་ལས་བྱུང་ཞིང་དགེ་རྒན་རེ་ཟུང་གིས་བཙན་དང་ཨུ་ཚུགས་ཀྱིས་སྤེལ་གྱིན་ཡོད་སྐད། སྐད་ཆ་འདི་ལྟར་བསྙད་ན། གཞན་དག་ཡིད་ཆེས་མི་སྲིད། ཡང་གཅིག་བསྙད་ན། ཁོ་ཚོས་གཏན་ནས་ཤེས་མི་སྲིད། ཁོ་ཚོ་དགེ་རྒན་གྱི་སྟེགས་བུ་ནས་གྲང་ངེར་འགྱིང་ལ་ང་རྒྱལ་གྱིས་སློབ་མ་ཚོ་དང"རིག་གནས་ཀྱི་འབྲེལ་འདྲིས"མི་བགྱི་བ་དེ་ག་རང་རེད། རྐྱེན་པས། ཁོ་ཚོ་དག་གིས་གནད་དོན་འདི་ཉིད་ཁྱོན་ནས་ཤེས་ཐབས་བྲལ་ཨང་། ཁྱེད་ཅག་གིས་མ་ཤེས་མ་གོ་ན། ངས་རེ་རེ་བཞིན་ངལ་བ་ཕྲག་ཏུ་ལེན་བཞིན་གནད་དོན་འདི་དག་སེལ་པར་བྱ་སྟེ། འུ་ཚོས་མཐོ་འབྲིང་དུ་འབོད་པའི་ལོ་རིམ་དང་པོ་དག་གི་ཁྲིད་ཚན(ཆབ་སྲིད།ས་ཁམས།ལོ་རྒྱུས།གྲངས་རིག)དེ་དག་གིས་མཚོན། དགེ་བའི་རྒན་དུ་བསྙད་པ་རེ་འགས།མ་ཤེས་མ་གོ་བའི་ཚུལ་གྱིས།བཙན་དང་ཨུ་ཚུགས་ཀྱིས"རང་སྐད"ཉེ་ས་ནས་བསྐྱུར་ཏེ"གཞན་སྐད"ཀྱི་གཡང་གཟར་བྲག་རོང་ལ་ལྡང་བ་འདིས། རང་ཉིད་ངོམ་བཟོ་ཡིས་ཡིན་ནམ་དམིགས་ཡུལ་གཞན་ཞིག་གི་ཆེད་དུ་ཡིན། གང་ལྟར་ཀྱང་། འདི་ལ་སློབ་གྲོགས་ཚོས་ཡང་ཡང་རེ་འདུན་ཞུས་ཀྱང་དགེ་རྒན་རང་ཉིད་ཕར་ཞོག་སློབ་གྲྭ་སྤྱི་ཡིས་ཀྱང་ཁ་ཡ་ཏན་ཏན་བྱས་མེད་ས་རེད་པས། གནད་དོན་འདི་ལ་ཅི་ཟེར་རམ། སློབ་གྲོགས་དག་གིས། ཁྲིད་ཚན་འདི་དག་ངེས་པར་དུ་བོད་སྐད་ཀྱི་ལམ་ནས་འཁྲིད་དགོས་ཞེས་སློབ་ཁྲིད་ཀྱི་སྐབས་ཐོག་དང་། སློབ་གསེང་གི་བར་གསེང་གང་རུང་ནས། རང་གི་དགེ་རྒན་ལ་བསམ་འཆར་རམ་རེ་འདུན་ཞུས་ཀྱང་། དགེ་རྒན་གྱིས་ཁ་ཡ་མ་བྱས་པ་མ་ཟད། རྒྱ་ཡིག་གིས་ཁྲིད་ན་ཧ་གོ་རབས་དང་བཟང་རབས་བཅས་ཀྱི་གཏམ་འཆལ་སྣ་ཚོགས་དང་བཅས། བོད་ཡིག་གིས་ཁྲིད་ན་སྟབས་མི་བདེ་རབས་དང་ཁྱེད་ཚོས་མི་ཤེས་རབས་ཀྱི་སྡུག་བཤད་འགའ་ཡང་བྱས་སོང་ཡོད་སྐད། འདི་ལ་དཔྱད་ཚེ། དགེ་རྒན་རང་གིས་བོད་ཡིག་ཕར་ཞོག་བོད་སྐད་གཙང་མ་གཙང་དག་ཅིག་ཡང་ཁ་ནས་ཟློ་མི་ཤེས་བ་དེ་རེད། བོད་པ་ཡིན་ཟེར་མཁན་དང་།བོད་ཡིག་ཁྲིད་ཀྱིན་ཡོད་ཟེར་མཁན་དག་གིས་རང་སྐད་མ་ཤེས་ན་འགྲིག་གམ། འདི་ལྟས་བཟང་ཡིན་ནམ། གང་ལྟར་ཀྱང་། འདི་ཙམ་མ་ཟད།  བོད་ཡུལ་ལུང་པ་ཀུན་ཏུ་འདིའི་རིགས་ཁྱབ་ཀྱང་ཁྱབ་ལ།  དེང་སྐབས་ཤིན་ཏུ་དར་ཡོད་ས་རེད། དར་ཞིང་རྒྱས་པ་འདི་ལ་དགོས་བའི་དབང་གིས་རྩོམ་པོ་ཟུར་གསུམ་མ་ལགས་ཀྱི་མི་རིགས་སློབ་གསོ་ལ་གཙོ་བོའི་ཁྱད་ཆོས་གསུམ་ཡོད་དགོས་པ་སྟེ་མིག་ལམ་དུ་བསྟར་བར་བགྱི། ( གཅིག ཁྲིད་བྱེད་ཀྱི་ཆ་ནས། མི་རིགས་དེའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་དགོས་པ། གཉིས། སློབ་གསོའི་ལམ་ལུགས་ཀྱི་ཆ་ནས། རྒྱ་ཡིག་དང་ཕྱི་རྒྱལ་གྱི་ཡི་གེ་ལས་གཞན་པའི་བསླབ་ཚན་ཚང་མ་མི་རིགས་དེའི་སྐད་ཡིག་གི་ལམ་ནས་ཁྲིད་དགོས། གསུམ། སློབ་གསོའི་ནང་དོན་གྱི་ཆ་ནས། མི་རིགས་དེའི་སྐད་ཡིག་བསླབ་ཚན་ནི་མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་དེང་རབས་ཤེས་རིག་བསྡུ་ལེན་གྱི་ཐེག་པ་འཁུར་ཐུབ་པ་ཞིག་ཡིན་དགོས་པ་བཅས་སོ། )བོད་ཡིག་སློབ་འབྲིང་གི་མིང་མགོ་ལ་བཞག་སྟེ་སློབ་གསོའི་སྙིང་བོ་མི་རིགས་གཞན་གྱི་སློབ་གསོའི་ལས་ཀ་དང་། མི་རིགས་གཞན་གྱི་སྐད་ཡིག་ཁྲིད་བྱ་ཡིན་ན། གོང་བཀོད་ཀྱི་མི་རིགས་སློབ་གསོ་ཡི་ཁྱད་ཆོས་ལྡན་ནམ། ཚང་ངམ། དེས་ན།ཤིན་ཏུ་གསལ་ཏེ། གོང་བརྗོད་ཀྱི་དགེ་རྒན་རེ་འགའ་ལ།དམིགས་ཡུལ་ཅི་ཞིག་ཡོད་དམ། ཨུ་ཚུགས་ཀྱིས་བསླབ་ཚན་འདི་དག་གཞན་སྐད་ཀྱིས་ཁྲིད་པ་ཡིན་ན། རྩ་བའི་གནད་དོན་ལ་འུ་ཚོས་ཅི་ལྟར་བསྙབས་རྒྱུ། དེ་ཡང་ཤིན་ཏུ་གསལ་ཏེ།རིགས་དེ་དག་ཐད་ཀར་སློབ་གྲྭ"སྤྱི"དང"སྒེར"ལ་འབྲེལ་བ་འེ་ཡོད་སྙམ། འབྲེལ་བ་འདི་དག་གིས་མི་རིགས་ཤིག་གི་སྐད་ཡིག་མེད་པར་གཏོང་གི་ཡོད་ལ་གཞོན་སྐྱེས་མང་པོ་ཐལ་དང་རྡུལ་གྱིས་བརླག་གི་ཡོད་པ་སུ་ཡིས་རྟོགས། དེ་བས། རིག་གནས་རུལ་སུངས་སྒེར་གཅོད་ཀྱི་སྦྱོར་བ་འདིའི་རིགས་ལ་ང་ཚོས་ཅིས་ཀྱང་རྒོལ་དགོས་ལ།འདིའི་བསྟན་པ་རྩ་བ་ནས་འབྲེག་དགོས་ཤིང་རྩད་པ་ནས་གཅོད་དགོས་སོ།ཡང་ནག་ཉེས་གཞན་ཞིག་སྟེ། "རྒྱུགས"ཁོ་ན་གཙོ་བོར་འཛིན་པས་ནག་ཉེས་ཤིག་གོང་དུ་འཕེལ་བ་ཤིན་ཏུ་མགྱོགས་ཤིང་། རླུང་རྟ་དར་ཞིང་ཚེ་བསོད་རྒྱས་བཞིན་པའི་སྒང་རེད། སྤྱིར་ན། "རྒྱུགས"ཁོ་ནའི་མི་ཞིག་གི་རིག་གནས་ཆུ་ཚད་འཇལ་བའི་སྒང་འདི་ལ། ཀུན་ཀྱང"རྒྱུགས"ལ་འབད་དགོས་པ་བདེན་དུ་གྲུབ་ཅིང་། རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་སློབ་མ་ཚོར"རྒྱུགས"ཀྱི་མཁའ་དབུགས་བསྐྲུན་ཞིང་། སྐར་གྲངས་མཐོ་པོར་གཏོང་ཅི་ཐུབ་བྱེད་པ་ནི། བདག་གིས་དེ་སྔ་བརྗོད་ཟིན་པ་ལྟར།"སྒེར་གཅོད"རེད། སྒེར་གཅོད་ཀུན་གྱི་ནང་ནས"རིག་གནས་སྒེར་གཅོད"རེད། "རིག་གནས་སྒེར་གཅོད"ལ་མི་ཀུན་འཇིགས་ཤིང་ཤིན་ཏུ་ནས་རབ་ཏུ་སྐྲག་ཨང་། སློབ་འབྲིང་གིས་འདི་ལྟར་ནག་ཉེས་བསགས་ཤིང་སྒེར་གཅོད་ཀྱི་སྦྱོར་བ་འདི་དག་གིས། འཛམ་གླིང་འགྲོ་མི་ཀུན་ཧ་ལས་ཧོན་འཐོར་དུ་མི་འཇུག་པའི་ངེས་པ་སུ་ལ་ཡོད། རྦད་དེ་མེད་དོ། མདོར་དེད་ན། རང་རྫོང་གི་ཕྱི་རབས་ཀྱི་སློབ་གསོ་ཡི་མ་རྐང་། ན་གཞོན་ཅག་གི་ཕྲག་སྟེང་ནས་མགོ་འཛུགས་དགོས་ཤིང་ཡལ་འདབས་འདི་ག་ནས་རྒྱས་དགོས་པ་ཡིན་གྱི། ང་ཚོ་གཞོན་སྐྱེས་སྙུག་འཛིན་པ་དག་གི་ཞེ་མི་བདེ་ལ་སེམས་འཁུར་ལྷག་ཏུ་ཡོང་གི་ཡོད། ང་ཚོས། གང་ན"སྒེར་གཅོད"ཀྱི་ཁ་དར་ཞིང་སྦྱོར་བ་ནག་པོའི་རིགས་འབྱུང་གི་ཡོད་ན། ངོ་རྒོལ་བྱེད་པར་བགྱི། རྩོམ་འབྲི་བ་བྱེད། བདེན་པའི་ཨུ་ཚུགས་འཛིན་པར་བགྱིའོ། ཞོར་དུ། དགེ་རྒན་རེ་འགའི་བྱ་སྤྱོད་ལ་ངོས་རང་རྦད་དེ་སུན་ནོ་ཞེས་རང་གི་ཁེ་དབང་རང་གིས་རྩོད་པར་བྱའོ།།     ---2014-4-12ཉིན་གདན་ས་སྟག་ཚང་ལྷ་མོ་ནས་སྦྱར་བའོ།།
    གསལ་བཤད།རྩོམ་གྱི་མགོ་མཇུག་ཀུན་ལ་རྩོམ་པོ་རང་གིས་འགན་འཁུར་བདག་པོ་རྒྱག་ཞེས་བཤད་པ་ཡིན་ལ།མ་འདང་མ་བཤད་པ་ཇི་སྙེད་ཡོད་པས།ཀློག་པོ་དག་ལ་དགོང་དག་ཞུ།ཞོར་དུ།སློབ་འབྲིང་གི་དགེ་རྒན་རེ་ཟུང་ལ་བཤད་པ་ཡིན་གྱི་བསྟན་དང་དར་སོགས་ནི་རང་གིས་ནམ་ཡང་བཀུར་བསྟི་བྱེད་སའི་གནས་ཡིན་ནོ་ཞེས་གུས་པོས།
 
    མཛོད་དགེའི་བོད་ཡིག་སློབ་འབྲིང་འདྲ་བ་དག་ལ་འདི་ལྟར་ཞུ།  

                                           རྣོ་ངར།                                      
   འདས་པའི་ལོ་རྒྱུས་ཀྱི་ཡིག་ཚང་དག་ལ་ཕྱིར་རགས་བལྟ་ཙམ་ཞིག་བྱས་ཚེ། མི་རིགས་གང་དེའི་ཕྱི་ནང་བར་གསུམ་གྱི་འཕེལ་རྒྱས་དང་འོད་ཟེར་ལམ་ལམ་གྱི་རིན་ཐང་དག་ནི་འདས་མ་ད་གསུམ་དུ་གླེང་རིན་དོད་ཅིང་མ་གླེང་མཐུ་མེད་དུ་གྱུར་བའི་སློབ་གསོ་གང་གི་ཁྱབ་ཁོངས་ཁོ་ནར་རེག་ལས་ཡོད་ཕྱིན། སློབ་གསོ་ནི་མིའི་རིགས་ཀྱི་བསམ་པའི་རྒྱགས་ཕྱེ་གཅིག་པུ་ཡིན་ཞིང་། མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་བཞུད་ལམ་རིང་མོར་སློབ་གསོས་རྔོ་ཐོགས་ཀྱིན་པའང་མཐོང་བའི་མདུན་སྣང་དུ་བཤམས་པ་དོན་དངོས་སུ་གྲུབ། དེ་བཞིན་མིའི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་སུ་སོང་ཡོད་དང་མེད་ཟེར་བ་ཡང་བྱེ་བྲག་མི་བུ་སྒེར་རེ་རེའི་སློབ་གསོ་མྱོང་སྟངས་དང་མི་བུ་སྒེར་རེ་རེའི་སློབ་གསོའི་སྤུས་ཚད་ལ་རེག་ལས་པས་ད་ནི་མཐོ་ས་མི་གླེང་དམའ་ས་གླེང་བར་བྱ་སྟེ། དམའ་ས་རང་ཉིད་འཚོ་སའི་ཡུལ་དངོས་ཀྱི་རུལ་སུངས་སློབ་གསོའི་གནད་དོན་དག་གླེང་བ་བྱ།
  སྤྱིར་བཏང་བོད་ཁུལ་གྱི་ས་གནས་མང་ཆེ་བར་ལོ་དགུའི་འགན་བབས་སློབ་གསོ་གཙོ་འཛིན་གྱི་སློབ་གླིང་འཁྱོར་པོ་ཁ་ཤས་ཡོད་ལ། ས་གནས་ཁ་ཤས་ལ་ད་རུང་འཁྱོར་མ་འཁྱོར་ཙམ་གྱི་གྲིབ་གཟུགས་ཙམ་ཡང་མེད། ཡོད་པ་དག་གི་གནས་སྟངས་ལ་རགས་ཙམ་བལྟས་ན་བོད་རང་གི་རིག་གནས་མཁའ་དབུགས་ནི་ཧ་ཅང་ཉམ་ང་ཉག་ཕྲར་གྱུར་བ་འམ་ཡང་ན་རུལ་སུངས་ཁོ་ནར་གྱུར་ཡོད་པས་ད་ལྟ་སློབ་ཆེན་དུ་འགྲོ་གྱིན་པའི་སློབ་མ་ཕལ་ཆེར་ལའང་ཟླ་ཕོགས་ཁོ་ན་ལས་ཅི་ཡང་བསམ་རྒྱུ་མི་འདུག སྤྱིར་བཏང་མི་ཞིག་ལ་མཚོན་ན་ཟླ་ཕོགས་ནི་འཚོ་གནས་ཀྱི་གནད་དོན་སེལ་བྱེད་ཙམ་ཡིན་པས་ཟླ་ཕོགས་བཙལ་བ་ནི་རྒྱུན་ལྡན་ཞིག་ཏུ་སྙམ་ཆོག་ན་ཡང་། ཟླ་ཕོགས་ཁོ་ན་མི་ཚེའི་མཐར་ཐུག་གི་སྙེག་བྱར་གྱུར་སོང་ན་ནི་ག་ལ་འགྲིག  ལྷག་པར་མི་ཚང་མ་ཟླ་ཕོགས་ཁོ་ནར་ཁེན་ག་ལ་རུང་། དེ་ལྟར་བྱས་སོང་ཚེ་ང་ཚོའི་མི་རིགས་འདིའི་འཚོ་སྡོད་ཀྱི་སྟོང་ཆ་སུ་ཡིས་སྐོང་། དོན་དངོས་ཀྱི་རུལ་སུངས་སུ་ཡིས་གླེང་། བོད་ཀྱི་སློབ་མ་བརྒྱ་ཆའི་དགུ་ཅུ་ལྷག་གིས་སློབ་སྦྱོང་བྱེད་པའི་དམིགས་དོན་ཟླ་ཕོགས་ཁོ་ནར་འདོད་ཀྱིན་པའི་གནད་དོན་འདི་ཡང་ཏག་ཏག་བྱེ་བྲག་ཏུ་གླེང་ན་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སྣང་ཚུལ་ལ་རེག་ལས་ཞིང་ཁོ་བ་ཅག་གི་བརྒྱུད་ནས་མྱོང་བ་ནི་རུལ་སུངས་དང་རྒྱུགས་སྐར། ངག་སྡོམ། བག་འཁུམ། གཉོམ་ཆུང་ཚུལ་མཐུན། དོགས་མེད་བློ་འཛིན་སོགས་མི་བུའི་དྲན་པ་གཅོད་གཏུམ་དང་མི་བུའི་འཚོལ་སྙེག་གཞི་དོར་ཁོ་ན་བྱེད་པའི་འོས་འགན་སློབ་གསོ་དང་སྒེར་སྡོམ་སློབ་གསོ་ལས་ཅི་ཡང་མ་བརྒྱུད་པ་རེད།
  ཏག་ཏག་བཤད་བཤད་ནས་མཚམས་འདིར་ཐོན་དུས་གུས་པོས་སྔར་བཞིན་བྱེ་བྲག་པ་དམིགས་སུ་འཛིན་ཞིང་བཤད་འདོད་པ་གང་ཡང་བྱེ་བྲག་གི་རྫོང་ཁག་གཅིག་གི་སྐྱུག་བྲོ་བའི་སྣང་བརྙན་དག་ཡིན། རྔ་ཁུལ་མཛོད་དགེ་ནི་ད་ལྟའི་བོད་ཁུལ་གྱི་ས་གནས་ཕལ་བ་ཚོ་ནང་བཞིན་རུལ་ལ་ཉེ་བའི་རྫོང་མཁར་ཞིག་ཡིན་མོད། ལྟོས་བཅས་སུ་སློབ་གསོ་དར་སྔ་བའི་ས་གནས་ཤིག་ཀྱང་ཡིན་ཏེ། ད་ལྟའི་རྫོང་མཁར་གྱི་བོད་ཡིག་སློབ་འབྲིང་དེའང་གནའ་དང་མར་རྗེ་བློ་བཟང་ཉི་མ་མཆོག་གིས་བཙུགས་ཤིང་སྐྱོང་བ་ཡིན། མ་ཟད་དེ་དུས་བོད་ཁམས་སུ་ཕལ་ཆེར་བོད་ཡིག་གཙོ་གཉེར་གྱི་སློབ་གྲྭའི་ཕྱི་མོར་གྱུར་ཡོད་ཟེར་ཡང་ཆོག་པར་སྣང་ལ། སློབ་གསོ་བ་ཁོང་གིས་ཐུགས་ཀྱི་དཀྱུས་སུ་ལྷག་བསམ་གྱི་དྲོད་ཁོལ་འཁྱིལ་བ་ལས་གཞན་སློབ་གསོ་གང་ནི་ཐབས་ཤེས་ཤིག་ཏུ་བལྟས་ཤིང་སྤེལ་བ་ཡང་ལ་འཐོར་ལུང་འཐོར་དུ་གྱུར་བའི་ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་མཇལ་བས་དཔོག་ཏུ་ནུས། ཡིན་ཡང་དམ་པ་གང་འཇིག་རྟེན་དང་ཁ་བྲལ་རྗེས་ཁོང་གི་ཞལ་ཆེམས་ཀྱི་ཀློང་དུ་རེ་བའི་མྱུ་གུ་འདེབས་ས་དེ་ད་ལྟ་རུལ་སུངས་ཅན་ནམ་འབག་བཙོག་ཅན་དུ་གྱུར་འདུག་པ་གུས་པོར་སྣང་། དམ་པ་ཁོང་གིས་བཞེངས་བའི་ཤེས་རིག་གི་ལྡིང་ཁང་འདིས་སྔོན་ཆད་ཉམ་ཆུང་ནུས་དབེན་གྱི་རྫོང་མཁར་འདིའི་ཚེ་སྲོག་ལ་གསོན་ཤུགས་བསྩལ་མྱོང་བས་དུས་དེ་དག་ནས་སློབ་གྲྭ་འདི་རྫོང་མཁར་ཆུང་ཆུང་འདིའི་བླ་སྲོག་ཏུ་གྱུར་ཡོད་པས་ད་ལྟའི་སློབ་གྲྭ་དེའི་རུལ་སུངས་དང་ནད་ཡམས་འདིས་རྫོང་མཁར་འདིའི་བླ་སྲོག་ལ་གཏོར་བཤིག་ཐེབས་ཀྱིན་པས་ན་ད་ནི་སློབ་གྲྭ་འདིའི་སྣང་བརྙན་དག་གླེང་འདོད་ལ། དེ་ལས་ང་རང་དམ་པ་ཁོང་གིས་བཞེངས་བའི་སློབ་གླིང་འདི་ལ་ཧ་ཅང་དགའ་བ་དང་གཉིས་ངའི་ཕ་ཡུལ་གྱི་འདས་མ་ད་གསུམ་གྱི་ཚེ་སྲོག་གསོན་པོ་དག་སློབ་གྲྭ་འདི་གཅིག་པུར་ཁེན་ཡོད་པས་རང་བློས་དཔོག་ཚོད་ཀྱིས་སློབ་གྲྭ་འདིའི་ད་ལྟའི་རྐང་འཛིན་མཁན་དག་ལ་བསམ་འཆར་འདྲ་ཞུ་འདོད་འདོད་པ་ཡིན།
  གཅིག   ཤར་ནུབ་རྒྱལ་ཁབ་ཀྱི་སློབ་གསོ་གང་གི་ཁྱབ་ཁོངས་སམ་ཡང་ན་དམ་པ་ཁ་ཤས་ཀྱི་སློབ་གསོའི་བརྩམས་ཆོས་ཁ་ཤས་ལ་མཇལ་ཚེ་སློབ་གསོའི་གཞི་རྐང་མི་ཡིན་པ་ནི་ཤེས་སུ་གྲུབ་ལ་དེ་ལས་ཀྱང་མིའི་ཆེད་དུ་སློབ་གསོ་བསྐྲུན་དགོས་པའང་བསྙོན་མེད་དུ་གནས། དེ་བཞིན་སློབ་གསོ་གང་གི་རྨང་གཞི་ནི་མངལ་ཀྱི་སློབ་གསོ་དང་བྱིས་དུས་ཀྱི་སློབ་གསོ་ཡིན་པ་སྟེ་བྱིས་གཉོར་ཁང་དང་སློབ་ཆུང་སློབ་འབྲིང་དག་ནི་མི་ཞིག་འཚར་ལོངས་ཀྱི་གོ་རིམ་ཁྲོད་ཆེས་མེད་དུ་མི་རུང་བ་ཞིག་ཡིན་པར་འདོད། མི་ཞིག་ལ་སློབ་གསོ་ཡག་པོ་ཞིག་ཐེབས་དགོས་ཚེ་མ་བརྒྱུད་མཐུ་མེད་ཀྱི་གོ་རིམ་འདི་དག་ནས་རྨང་གཞི་འཇོག་དགོས་པས་གལ་ཏེ་གོ་རིམ་འདི་དག་རུལ་སུངས་ཅན་དུ་གྱུར་སོང་ན་གཙང་སྦྲ་དང་རྒྱུགས་སྐར་ཇི་འདྲ་བཟང་ཡང་སློབ་གསོ་ཡག་པོ་ཐེབས་པའི་ངེས་པ་ནི་རྦད་དེ་མེད། ལོ་ངོ་བཞི་ལྷག་གི་དབྱར་དགུན་གྱི་ངལ་གསོའི་སྐབས་གུས་པོས་གསབ་སྦྱོང་འཛིན་གྲྭ་ཁ་ཤས་བསྒྲུབ་མྱོང་ལ་ཏག་ཏག་དེ་རུ་ཡོང་མཁན་མང་ཆེ་བ་ནི་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་དག་རེད། ན་ཚོད་ཆུང་ལ་བློ་རིག་བཀྲ་བའི་ན་ཆུང་སློབ་མ་དག་ལ་འབྲེལ་འདྲིས་མང་ཙམ་བྱས་རྗེས་ང་ལ་སེམས་འཚབ་ཅིག་སྐྱེས་ཤིང་། ནམ་རྒྱུན་སློབ་ཁྲིད་སྐབས་སུ་ཁོ་བ་ཚོའི་ཁ་ཐུམ་དང་ཞྭ་མོ་སོགས་ཅི་འདོད་དུ་གྱོན་ལ། དེ་ལས་སློབ་ཁྲིད་སྐབས་སུ་བསམ་གཞིག་དང་དོགས་སློང་བྱེད་པའི་གོམས་སྲོལ་ཞིག་རྦད་དེ་མེད་པར་དགེན་གྱི་ཅི་གསུངས་བ་ནང་བཞིན་འབྲི་ཤོག་ཏུ་ཕབ་འགྲོ། ལན་རེར་སློབ་གྲོགས་ཁ་ཤས་ལ་དྲི་བ་དྲིས་ཤིང་དྲིས་ལན་འདེབས་སུ་བཅུག་པ་འམ་ཡང་ན་ཁྲིད་སྟེགས་སུ་ཡོང་དུ་བཅུག་ནས་རང་ཉིད་ངོ་སྤྲོད་ཅིག་བྱེད་དུ་བཅུག་ཚེ་ཁོ་བ་ཚོའི་ངོ་མདངས་དམར་པོར་གྱུར་ཞིང་མགོ་བོ་དུད་འགྲོ། སྣང་ཚུལ་འདི་ལས་གཅིག་སློབ་ཁྲིད་སྐབས་སུ་ཁ་ཐུམ་ཞྭ་སོགས་གོན་པ་ལས་མི་གཞིའི་ཀུན་སྤྱོད་ཀྱི་སློབ་གསོ་འམ་རྒྱུན་ཤེས་ཀྱི་མིའི་འགྲོ་ཚུལ་ཙམ་ཡང་མ་ཆགས་པ་འདིས་ཁྱེད་ཅག་གིས་ནམ་ཞར་གླེང་གྱིན་པའི་སློབ་གསོའི་གྲུབ་འབྲས་ཟེར་བ་དེ་སྟོང་བ་ཡིན་བདེན་དཔང་བྱས་ཟིན། གཉིས་སློབ་ཁྲིད་སྐབས་སུ་སློབ་མས་དོགས་སྣང་དང་བསམ་གཞིག་ཅི་ཡང་མི་བྱེད་པར་དགེན་གྱི་བཤད་པ་ཐ་དག་འབྲི་ཤོག་ཏུ་ཕབ་པ་ལས་དུས་རྒྱུན་གྱི་སློབ་ཁྲིད་སྐབས་སུ་དགེ་རྒན་དག་ནས་སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་མ་བྱས་པ་མཚོན་ཞིང་དེ་ལས་དགེ་རྒན་གང་ནས་སློབ་མའི་ཆེད་དུ་སློབ་ཁྲིད་མ་བྱས་པར་སློབ་ཁྲིད་ཀྱི་ཆེད་དུ་སློབ་ཁྲིད་བྱས་པ་མཚོན་པས་ཁྱེད་ཅག་གིས་གསུངས་གིན་པའི་ཁྲིད་ཐབས་གསར་བ་ཟེར་བ་ཡང་དོན་དུ་འུར་སྒྲོག་ཙམ་དུ་ཟད། གསུམ་སློབ་མ་དྲིས་ལན་འདེབས་པར་ངོ་ཚ་བ་དང་མ་གོམས་པ་ཡང་ན་རང་ཉིད་ངོ་སྤྲོད་ཙམ་ཡང་བྱེད་མི་ཕོད་པ་འདིས་གཅིག་ནས་དུས་རྒྱུན་སློབ་གསོའི་ཁྲོད་དགེ་རྒན་སུ་ནས་སློབ་མའི་སྤོབས་པ་དང་ནུས་པ་སྐྱེད་སྲིང་མ་བྱས་པ་བསྟན་ཞིང་དེ་ལས་དགེ་རྒན་དག་ཡང་འཇིགས་སྐུལ་སློབ་གསོར་གོམས་ཡོད་པ་ཤེས་པས་ཁྱེད་ཅག་གིས་གླེང་གིན་པའི་དགེ་སློབ་མཉམ་གནས་ཀྱི་སློབ་སྦྱོང་བྱེད་ཐབས་ཟེར་བའང་དོན་དངོས་ཐོག་གཞི་མ་གྲུབ།
   ཉིས་སྟོང་ལོ་ཉིས་སྟོང་བདུན་ལོ་ནས་ང་དང་ངའི་གྲོགས་པོ་སྐོར་ནས་དམའ་འབྲིང་ལོ་རིམ་གཉིས་པར་ཐོན་དུས་སློབ་ཁང་ཕྱི་ལོགས་ཀྱི་གྱང་ངོས་སུ་ཕ་སྐད་བཤད་དགོས་རབས་ཀྱི་བསམ་འཆར་ཐེངས་གཉིས་སྦྱར་མོད་དེ་དུས་སློབ་གཙོ་ཉི་མ་འོད་ཟེར་གཙོ་བྱས་དགེ་རྒན་འགས་ནས་རྩལ་སྦྱོང་སྐབས་བཀའ་བཀྱོན་ནན་མོ་གནང་བ་ལས་དེའི་ནང་དོན་ལ་ཁ་ཡ་མ་བྱས།དེ་བཞིན་ཉིན་བཅུ་ཕྲུག་འགའི་ཡར་སྔོན་ནས་གྲོགས་པོ་ཞིག་གིས་སྐར་འཕྲིན་དུ་སློབ་མ་འགའི་སྦྱར་བའི་བསམ་འཆར་ཡི་གེ་འགའ་བསྐུར་བྱུང་ལ་ད་རུང་སློབ་གྲྭའི་བསམ་འཆར་ལ་མི་བལྟ་བར་བསམ་འཆར་འབྲི་མཁན་སུ་ཡིན་ཞིབ་བཤེར་བྱེད་ཀྱིན་པ་སོགས་གསུང་བྱུང་། སྣང་ཚུལ་འདི་ལས་གཅིག་བསམ་འཆར་བསམ་འཆར་དུ་མི་འགྲོ་བ་ལ་བསམ་འཆར་རེ་སྐྱེས་བྱུང་། སློབ་གྲྭ་ནི་སློབ་མའི་ཆེད་དུ་བསྐྲུན་པ་ཡིན་པས་སློབ་གྲྭས་ངེས་པར་སློབ་མར་ཞབས་ཞུ་བསྒྲུབ་འོས་ལ་དེ་ལས་ཀྱུང་སློབ་མར་སློབ་གྲྭར་བསམ་འཆར་འདོན་པའི་ཁེ་དབང་ཡོད་པས་སློབ་གྲྭས་སློབ་མར་ཞབས་ཞུ་མི་བསྒྲུབ་པ་དང་ཡང་ན་སློབ་མའི་ཁེ་དབང་དག་སྣང་མེད་གཏོང་བ་ནི་དོན་དམ་སློབ་གྲྭ་སློབ་གྲྭར་མ་གྱུར་བར་བཙོན་ཁང་དུ་གྱུར་ཚར་བ་ཡིན་པས་དེས་ནམ་ཡང་སློབ་གསོའི་འཕེལ་རྒྱས་དང་འཕེལ་རྒྱས་ཅན་གྱི་སློབ་གསོ་གླེང་གིན་པ་ནི་རྫུན་གཏམ་ཁོ་ན་རེད།
   གསུམ། རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་དག་གཙོས་དགེ་རྒན་མང་ཆེ་བ་ནམ་རྒྱུན་ཇ་ཁང་ཆང་ཁང་དུ་རྣམ་གཡེང་ལ་བྲེལ་འདུག་ལ། མཚན་མོར་རྒྱན་པོར་འགྱེལ་བར་གོམས་འདུག་པ་གུས་པོས་ཐེངས་མར་མང་པོར་མཐོང་བྱུང་། སྤྱིར་བཏང་རང་དབང་ཅན་གྱི་སྤྱི་ཚོགས་བྱེད་སྒོར་མཚོན་ན་ཆང་འཐུང་མི་འཐུང་རྒྱན་པོ་འགྱེལ་དང་མི་འགྱེལ་ནི་མི་བུ་སྒེར་གྱི་དབང་ཆ་ཅིག་ཏུ་ཟད་མོད། ཡིན་ཡང་སློབ་གསོའི་བྱ་བར་ཞུགས་པའི་དགེ་རྒན་ཞིག་ལ་མཚོན་ན་སློབ་ཁྲིད་གྲ་སྒྲིག་དང་སློབ་མར་འབྲེལ་འདྲིས། སློབ་གསོའི་སྐོར་གྱི་དཔེ་ཀློག་བྱས་ནས་ཉམ་མྱོང་འཚོལ་བསྡུ་བྱེད་རྒྱུ། ཤེས་བྱ་གསར་བ་གསོག་འཇོག་བྱེད་རྒྱུ་སོགས་འོས་བབས་ཀྱི་འགན་ཅིག་ཡོད་པས། ནམ་རྒྱུན་ཁོམ་ནས་གཡེང་བའི་སྣང་ཚུལ་འདིས་ནི་དགེ་རྒན་དེ་དག་གིས་འོས་བབས་ཀྱི་འགན་འཁྲི་དེ་དག་སྣང་མེད་དུ་བཏང་ཟིན་པ་མཚོན་ཞིང་། དེ་ལས་ཀྱང་རུལ་སུངས་ལ་གོམས་ཡོད་པས་དེ་ལྟ་བུའི་དགེ་རྒན་དག་ནས་ཀུན་སྤྱོད་དང་མ་འོངས་ལ་ཁ་ཕྱོགས་པའི་སློབ་གསོ་བྱེད་མི་ནུས་ལ་དེ་ལས་སློབ་མར་སློབ་ཁྲིད་གྲལ་དག་རེ་དང་ཤེས་བྱ་གསར་བ་ངོ་སྤྲོད་བྱེད་པ་བྱེད་ཐབས་སྣ་ཚོགས་ཀྱིས་སློབ་གསོ་ཐུབ་རྒྱུ་ཡང་སྟོང་བསམ་ཁོ་ནར་རྒྱུ་བས་ཁྱེད་ཅག་ནས་གསུངས་བའི་དགེ་རྒན་ནི་མུན་སེལ་གྱི་སྒྲོན་མེ་ཡིན་ཟེར་བ་ཡང་ཁ་ལབ་ཙམ་དུ་ཟད།
   བཞི ། རྫོང་སློབ་འབྲིང་དུ་ཚབ་ཁྲིད་དགེ་རྒན་དག་གཙོས་དགེ་རྒན་དག་ལ་རང་གི་ཆེད་ལས་མ་ཡིན་པའི་སློབ་འཁྲིད་བྱེད་དུ་འཇུག་གིན་ཡོད་དེ་དཔེར་ན་གུས་པོའི་གྲོགས་པོ་ཞིག་སྟེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཆེད་སྦྱོང་སློབ་མ་ཡིན་ལ་དབྱིན་ཡིག་ཆེད་ལས་མིན་མཁན་གྱི་དངོས་སྦྱོང་སློབ་མ་ཞིག་ལ་དབྱིན་ཡིག་འཁྲིད་དུ་བཅུག་པ་སོགས་མང་པོ་ཡོད།སྣང་ཚུལ་འདིས་སློབ་གྲྭའི་རྐང་འཛིན་མཁན་དག་ནི་སློབ་གསོའི་རྨང་གཞི་དོར་བ་བྱས་ནས་ཕྱི་ཚུལ་འཛིན་པ་ཙམ་དུ་སྣང་བ་མ་ཟད་ཁོ་བ་ཅག་གིས་སློབ་མའི་རྨང་གཞིའི་ཤེས་བྱར་འགན་རྩ་བ་ཉིད་ནས་འཁུར་གྱིན་པ་མེད་པ་མཚོན་ལ། རུལ་སུངས་ཡིན་པ་ཤེས་བཞིན་རུལ་སུངས་ལ་རྒྱུ་མཁན་གྱི་དགེ་རྒན་དེ་དག་ཀྱང་སློབ་མ་མི་སེམས་ཟླ་ཕོགས་བསམ་མཁན་ཞིག་ཡིན་པ་ཞར་ནས་རྟོག  
༼སྤྱིར་བཏང་ད་རུང་མང་པོ་ཞིག་བཤད་རྒྱུ་ཡོད་མོད་གསལ་ཐག་ཆོད་པ་ཞིག་མ་ཤེས་པས་རེ་ཞིག་མི་གླེང་བར་བྱ། ༽ དེ་ལྟར་རུལ་སུངས་ནས་རུལ་སུངས་སུ་རྒྱུ་བའི་སྣང་ཚུལ་འདིས་མཛོད་དགེའི་ཕྱི་རབས་པ་དག་ཚར་བཅད་ལ་བྲེལ་བས་ད་ནི་འུ་ཐུག་ཐབས་ཟད་དུ་གྱུར་ཏེ་ནམ་ཞར་བློ་བཟང་ཉི་མ་མཆོག་གི་སློབ་གསོའི་རྒྱུན་སྐྱོང་ཞེས་སྐྱེས་བུ་དམ་པ་གང་ཁ་ཡར་གྲགས་ལ་སྨྲ་བར་དགའ་བའི་སློབ་གསོ་ཉི་མ་འོད་ཟེར་དང་དགེན་བསྟན་འཛིན་དབང་རྒྱལ་ལགས་སོགས་ལ་ནན་གྱིས་ཞུས་པ་ཡིན་མོད། ཁ་གཡར་ལ་དགའ་བའི་མྱི་ཆེན་འགས་དེ་དག་ནི་བསམ་བློ་མ་སྨིན་པའི་ན་ཆུང་འགས་ཧོལ་གཏམ་རེད་ཉན་རྒྱུ་མི་འདུག་ཟེར་ངེས་ལ། དེ་ལྟར་ཟེར་མཁན་རེ་ཡོད་ན་གཏན་ཚིགས་ཀྱི་སྨྲོས་དང་གུས་པོས་ནམ་ཡང་གཤིབ་བསྡུར་གྱི་མིག་ཟུངས་ཡངས་པོར་ཕྱེ་ངེས། དེ་མིན་གཏན་ཚིགས་མེད་པར་སྣང་མེད་དུ་གཡུགས་མཁན་དག་ལ་ལྐུགས་པ་ཞེས་འབོད་རྒྱུ་ཡིན།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛོད་དགེའི་རུལ་སུངས་སློབ་གསོར་རྒོལ་བ།༼ཚན་པ་བཞི་ཡོད༽

2014-07-27 མགར་དམག་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།