མགོ་མང་གི་བཙན་གཡེམ་དོན་རྐྱེན་ལས་འཕྲོས་པའི་གཏམ།
ད་ལོའི་ཟླ་སྔོན་མའི་ནང་ལ་མགོ་མང་གྲོང་རྡལ་གྱི་བུ་མོ་ལོ་བཅོ་ལྔ་ཅན་ཞིག་ལ་བཙན་གཡེམ་བཏང་བའི་གཏམ་རྔ་མ་རྫོགས་པ་ཙམ་ལ། སྲང་ལམ་ཕྱགས་མཁན་ཨ་ཡེ་ཧེ་མོ་བདག་མེད་ཡུལ་མེད་ལོ་ལྔ་བཅུར་ཡོལ་བ་ཞིག་དང་། མོའི་ལས་རོགས་རྒྱ་མོ་ལོ་བཞི་བཅུའི་སྨད་ཕྱེད་ཟིན་པ་ཞིག་ལ་ཞོགས་པའི་ཆུ་ཚོད་བཞིའི་སྟེང་འབྲོག་པ་གསར་བུ་ལོ་ཆུང་གཉིས་ཀྱིས་བཙན་གཡེམ་བཏང་བའི་གཏམ་དེ་རྡུལ་ཕྲན་མཚོན་ཆ་ཞིག་དང་འདྲ་བར། མགོ་མང་གི་གནམ་སའི་བར་མཚམས་སྒུལ་ནས་ཐོན་བྱུང་། མི་ཚོགས་ཀྱི་ལབ་གླེང་དང་། བུད་མེད་ཀྱི་འཇིགས་དངངས། ཁྱིམ་བདག་དང་དགེ་རྒན་གྱི་སེམས་ཁྲེལ། ཉེན་རྟོག་པའི་འགན་ཁུར་སོགས་ནི་མགོ་མང་དུ་བབས་པའི་ཟླ་འདིའི་ཁ་བ་ཇི་བཞིན། རི་བོའི་རྩེ་དང་ལུང་བའི་སུལ་ན་ད་དུང་མ་ཞུ་མ་ཚར་བར་ཆབ་རོམ་གྱི་ངོ་བོར་གྲུབ་འདུག
མགོ་མང་། སློབ་ཕྲུག་ཚོའི་ལྟེ་ཁྲག་འཕོ་སའི་ཕ་ཁྱིམ་གྲུ་བཞི་འདི། འཚར་ལོངས་འབྱུང་སའི་ཁོར་ཡུག་ཆུང་ཆུང་འདི། རྨི་ལམ་འཚོལ་སའི་དོ་ར་ཆུང་ཆུང་འདི། བདག་གིས་མི་ལོ་བཅོ་ལྔར་སློབ་གསོ་བསྒྲུབས་སའི་བོད་པའི་འཇིག་རྟེན་ཆུང་ཆུང་འདི། སྐད་ཅིག་ལ་ཆ་མེད་རྒྱུས་མེད་ཅིག་གི་སྣང་བས་གཏིབས་འགྲོ། བལྟས་ཚོད་ཀྱིས་ཁང་བརྩེགས་མཐོན་པོས་ལམ་གྱི་གཡས་གཡོན་བཟུང་ཞིང་། མི་ཚོགས་འདུ་འཛིས་དབུགས་ཀྱི་རྒྱུ་ལམ་འགོག་པའི་གྲོང་རྡལ་འདི་ཚོང་ལས་དར་ལ། འགྲིམ་འགྲུལ་བདེ་བའི་རྩྭ་ཐང་གི་མུ་ཏིག་ལྟ་བུའི་གྲོང་རྡལ་གྱི་ཉམས་ཤིག་ངོམ་འདུག་པས། བལྟས་ན་མིག་ལ་མཛེས་ཤིང་ཡིད་དུ་འོང་བའི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཡིན་པར་འཁྲུལ་ན་ཡང་། དོན་ལ་ལ་དང་ལུང་ནས་ཐོན་པའི་སྲིན་པོ་མི་གཟུགས་འཛིན་མཁན་ཏེ། གནའ་བའི་དམག་དཔུང་རྟ་གསོ་རུ་ཁག་གི་རུ་མིའི་རྗེས་རབས་པ་དང་། ཀན་སུའུ་ཐེན་ཧྲེའི་སྤྲང་བོ་སྒམ་འཁུར། ཧུའུ་པེའི་གདོལ་རིགས་ལྷམ་བཙེམ། ཧུའུ་ནན་ཁྱི་གཟན་མི་གཏུབ། ཀ་ཆུའི་ཤན་པ་མགོ་དཀར། ཡ་རྫིའི་ཇ་མ་ཁ་ཡག དཔལ་ལུང་ལྕགས་མགར། སི་ཁྲོན་ཤིང་བཟོ། རོང་བའི་རྐྱལ་སྟོང་། འབྲོག་པའི་མགོ་སྟོང་། ཕོ་རྫུན་རྐྱལ། མ་གཡབ་རྐྱལ། སྟོད་རྒྱ་སིལ་འཚོང་། སྨད་རྒྱ་ཤེལ་འཚོང་། ཨ་མ་མ། དྲང་མོར་བཤད་ན་གདོད་མའི་རི་མགོ་ལ་ཙེས་བཟུང་ཞིང་། མི་སེམས་ཆོས་ཀྱིས་ཕྱུག་པའི་ཤམ་པ་ལ་ཡི་དག་ཞིང་འདི། ད་སྔ་སྙིང་རྗེ་མེད། དད་པ་མེད། རྒྱུ་འབྲས་མེད། ཁེ་ཕན་མ་གཏོགས་ངོ་མི་ཤེས་པའི་ནད་དུག་ལྟ་བུའི་མི་ངན་ཐ་ཤལ་འདི་རིགས་ཀྱིས་དབང་དུ་བསྒྱུར་བའི་བདུད་ཀྱི་གྲོང་དང་རལ་གྲིའི་ནགས་ཚལ། འཆོལ་མའི་འཇིག་རྟེན་ཞིག་སྟེ། དཔེར་ན། ཕག་ཤ་འཚོང་མཁན་རྒྱ་རིགས་བཟའ་ཟླ་གཉིས་ཀྱིས་ཁྱོ་གའི་དགའ་རོགས་རྒྱ་མོ་བསད་དེ། རོ་གཏུབ་ནས་འགྱིག་ཁུག་ཏུ་དུམ་བུ་རེ་གཅུད་རྗེས། ཕག་ཤ་དང་མཉམ་དུ་ཟླ་ངོ་གཅིག་རིང་འཁྱགས་སྒམ་དུ་བསྡུས། གོ་སྐབས་སྒུག་སྟེ་ཆར་ཞོད་ཆེ་བའི་མཚན་མོ་ཞིག་ལ་རྫ་མགོའི་གྲོག་ཤུར་ཞིག་ཏུ་སྦས་པའི༼མི་གསོད་རོ་གཏུབ་དོན་རྐྱེན༽དང་། ཉེན་རྟོག་པས༼མི་བཟུང་སྒྲོག་བཀྱིགས་རྡུང་བསད་དོན་རྐྱེན༽བཙན་གཡེམ་རྗེས་ལ་བུད་མེད་བསད་དེ་རང་གི་ཨ་ཅེའི་ཁྱིམ་གྱི་ལ་དོང་དུ་སྦས་པའི༼བསྟུད་མའི་བཙན་གཡེམ་མི་བསད་དོན་རྐྱེན༽བྱིས་པ་གཉིས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་མི་མེད་ལུང་སྟོང་ཞིག་ཏུ་བསླུས་ཏེ་ཁ་ལོ་བ་དང་རླངས་འཁོར་མཉམ་དུ་གསོན་བསྲེགས་བརྒྱབ་པའི༼འཕྲོག་བཅོམ་མི་བསྲེགས་དོན་རྐྱེན༽བོད་ལོ་གནམ་སྟོང་ཉིན་ལ་ལས་ཁུངས་ཀྱི་འགོ་གཙོ་མེ་མདས་བསད་པའི༼གནམ་སྟོང་མེ་མདས་མི་བསད་དོན་རྐྱེན༽ཁྱོ་གས་སྔོན་བརྡ་བཏང་ཡང་ཆུང་མས་རོགས་འདངས་མ་དོར་བར་ལྐོག་འབྲེལ་ཡུན་བསྲིངས་བྱེད་པའི་མཚན་མོ་ཞིག་ལ་ཁྱོ་གས་ཤིང་སྡོང་འོག་ཏུ་རི་བོང་སྒུག་ཐབས་སྤྱད་དེ་ཆུང་མའི་རུམ་གྱི་དགའ་རོགས་བསད་པའི༼ཤུག་རྩོད་མི་བསད་དོན་རྐྱེན༽དང་། འཕོངས་རྩོད། ས་རྩོད། ཆུ་རྩོད། རྒྱུ་རྩོད། མདོར་ན་སྣང་བ་རྩོད་པ་སོགས་བརྩིས་ན་གྲངས་ཀྱིས་འདང་དཀའ་བའི་དོན་རྐྱེན་དག་གིས་མགོ་མང་གྲོང་རྡལ་གྱི་ལོ་རྒྱུས་ཡིག་ཚགས་ཁྲག་གིས་སིམ་སྟེ་གདའ་འོ། །
འདི་འདྲའི་དམེ་གཏམ་ལོ་རེར་གོ་ཡོང་ལ། གོ་ཡོང་ཐེངས་རེ་རེར། སེམས་ཀློང་ཀློང་དང་ལུས་ཨ་ཐང་ཆད་པའི་ཚོར་སྣང་བྱུང་སྟེ། ཡུད་ཙམ་ལ་སློབ་ཁྲིད་བྱེད་པའི་ཡི་གའང་འགག་པར་འགྱུར། བལྟས་ཀྱིན་བལྟས་ཀྱིན་རང་གི་མིག་མདུན་གྱི་བྱིས་པ་སྙིང་རྗེ་དོང་ནང་གི་མེ་ཏོག་འདྲ་བ་དག་ཀྱང་ནམ་ཞིག་བདུད་ཀྱིས་བཙན་གཡེམ་དང་གནོད་འཚེ་བཏང་ཨེ་ཡོང་སྙམ་པའི་སྐྲག་སྣང་ཞིག་དང་། བསམ་ཀྱིན་བསམ་ཀྱིན་ཉེས་ཅན་དེ་ཚོ་དམྱལ་བའི་ཐིག་འདེབས་དང་ཡང་སོས་ཀྱི་གནས་སུ་མི་ལོ་སྟོང་ཕྲག་ལུས་ཀྱང་སྡུག་གྱོང་སྙམ་པའི་ན་ཁོལ་ཞིག སྒོམ་ཀྱིན་སྒོམ་ཀྱིན་ཁ་བ་གདོང་ལ་ལྷུང་ཞིང་གདོང་ནས་མཆི་མར་གྱུར་བའི་དོན་རྐྱེན་དེ་དག་གི་འབྲེལ་ཡོད་ཕ་མ་དང་སྤུན་མཆེད། བཟའ་ཟླ། བྱིས་པ་སོགས་ལ་སྙིང་རྗེ་ཡི་མེ་སྟག་ཅིག་ཀྱང་མི་མཆེད་རང་མཆེད་རེད་དེ། ཇི་སྐད་དུ། མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར། །ཅེས་པ་དང་། ཚེགས་ལེན་མ་རེད་དོམ་ལེན་རེད། ཅེས་པ་ལྟར། བུ་ངན་འདི་དག་གི་ཙི་གུའི་མིག་རྒྱང་གིས་བྱམས་དང་སྙིང་རྗེའི་མཛེས་པ་མ་མཐོང་ལ། བྱི་ལོང་རྣ་ལམ་ལ་ཞི་བདེ་འཚོ་བའི་ཆོས་སྐད་མ་འཁོར་བར། བདེ་བའི་གནམ་ལ་བུ་ག་བརྟོལ་ཞིང་སྐྱིད་ཀྱི་ཁང་གཞིའི་ཀ་བ་བཅག ཕ་མའི་གདོང་ལ་མི་གཙང་བྱུགས་ཤིང་ཆུང་མའི་རུམ་དུ་ཆུ་འཁྱགས་བླུགས། ཁྱིམ་རྒྱུ་མེད་སྐྱིད་མེད་དང་། བུ་མགོན་མེད་བདག་མེད་དུ་བཏང་སྟེ། ད་སྔ་མུན་ནག་བཙོན་དུ་འགྱོད་པས་འོ་དོད་བོས་ཀྱང་འགྱོད་འཇོམས་བདུད་རྩི་སུ་དང་གང་གིས་འཁྱེར་ཡོང་ངམ།
སྤྱིར་ན། ཞེ་སྡང་གིས་ཁ་ཤོར་ལག་ཤོར་གྱིས་མི་བསད་པའི་དོན་རྐྱེན་བྱུང་བ་འདི་རིགས་རྒྱུས་ལོན་བྱུང་ཙམ་སྲིད་ཀྱང་། འདོད་ཆགས་ཚད་ལས་བརྒལ་ཏེ་བུད་མེད་ལ་བཙན་གཡེམ་གཏོང་བའི་དོན་འདི་ཅིས་ཀྱང་བློར་མི་ཤོང་བ་ཞིག་རེད་ཨང་། ཆུང་མ་ཤ་འདྲ་ཁྱིམ་དུ་ཡོད་པས། ཡུལ་དང་དུས་དང་། རིགས་དང་བདག་པོའི་སྲུང་བ་སོགས་གང་ཡང་མེད་པར། རང་གི་ལུས་པོས་ལྕོགས་ཚེ་ཆགས་པ་ལོ་དང་ཟླ་ལ་སྤྱད་ཀྱང་ཨ་རོག་ཟེར་མཁན་སུ་ཞིག་མཆིས་སམ། ཡང་ཅིག་བཤད་ན། རང་གིས་མ་རྩ་དང་ནུས་པས་ལྕོག་ཚེ། ཆུང་མའི་ཕན་ན་ཆུང་མ་དང་། ཆུང་མའི་ཕན་ན་རོགས་པ་གཅིག་ནས་གཉིས་དང་། གཉིས་ནས་གསུམ་དང་། ཐ་ན་ལྔ་ཙམ་བཙལ་ཀྱང་ཁྲིམས་དང་སྲོལ་གྱིས་བཀག་པ་མེད། ད་དུང་དེས་ཀྱང་ལོངས་པ་མེད་ན། ཤ་གཟན་ཤེད་ཆེན་ཞིག་གི་རིན་གོང་འཁྱེར་ནས་གྲོང་དུ་སོང་སྟེ། སྨད་འཚོང་རྒྱ་མོ་དང་བོད་མོ། ཧེ་མོ། སོག་མོ་སོགས་མི་རིགས་ལྔ་དྲུག་མཉམ་རུམ་བྱས་ནས། འཁྲིག་པ་བཤང་དང་ཁ་རུ་སྤྱད་ཀྱང་ཞབས་ཞུ་འཛུམ་དང་གུས་པས་བསྒྲུབ་པའི་དེང་གི་དུས་འདིར། ད་དུང་བཙན་གཡེམ་གྱི་དུག་རྩ་མ་ཆོད་པ་འདི་གོ་ཚེ་ཅི་འདྲའི་ཧང་སང་ཞིང་ཡི་ཆད་པ་ཞིག་རེད་ཨང་།
གང་ལྟར། དོན་དེ་རིགས་ལ་ཡི་ཆད་པ་ནས་མི་དེ་རིགས་ལ་ཡི་ཆད་པ་དང་། མི་དེ་རིགས་ལ་ཡི་ཆད་པ་ནས་ད་ལྟའི་སྤྱི་ཚོགས་དང་། སྒོས་སུ་སློབ་གསོའི་ལམ་ལུགས་དང་བསྒྲུབ་སྟངས་སོགས་ལའང་ཡི་མི་ཆད་རང་ཆད་རེད།
2013.12
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།