སྨུག་པ་ལང་ལོང་། སེམས་པ་ཟང་ཟིང་།
རི་རྩེ་དང་བར་སྣང་ན་ལང་ལོང་དུ་འཕྱོ་ཞིང་རི་འདབས་དང་ཆུ་གཞུང་ནས་བན་བུན་དུ་འཁྱུག་པའི་མི་སེམས་ཀྱི་སྨུག་སྤྲིན་སྟུག་པོ་ལགས། ཁྱེད་དལ་དལ་ལྷོད་ལྷོད་ཀྱི་ཁ་སང་ནས་རྡོག་སྒྲ་མེད་པར་འོང་དུས། སྐྱ་རེངས་དང་ལྷན་དུ་བཞོ་ཟེའུ་བཏེགས་པའི་གཞོན་ནུ་མ་དེས། འབྲི་མོའི་ནུ་མའང་རྙེད་ཀྱིན་མི་འདུག ཁྱེད་བྲེལ་བྲེལ་འཚུབ་འཚུབ་ཀྱི་དེ་རིང་ནས་གྱེས་ཕྱག་མེད་པར་བཞུད་དུས། ཉི་ཟེར་དང་བསྡོངས་ནས་འུར་རྡོ་བསྐོར་བའི་སྟག་ཤར་དེས་ནོར་ཁྱུའི་རྗེས་ཀྱང་མི་ཆོད་སྐད།
བལྟས་བལྟས་ན། སྨུག་རིམ་འདི་སྟོང་ཉིད་ཀྱི་ནམ་མཁའ་དང་འདྲེས་པས་གླིང་རྗེ་གེ་སར་ལྷ་ལས་བབས་པའི་འོད་ཀྱི་སྐས་རྡང་ཞིག་ཏུ་འཁྲུལ་ཡང་སྲིད། བསམ་བསམས་ན། སྨུག་ལོང་འདི་རི་ཆུ་དང་ནགས་ཀློང་ལ་འཁྱུད་འདུག་པས་སྤུར་རྒྱལ་བཙན་པོའི་གཡུལ་ས་ལས་བྲོས་པའི་ཉམ་ཆུང་གི་སེམས་པ་ལྡོམ་པོ་ཞིག་ཀྱང་ཅི་ལ་ཡིན་མི་སྲིད། ད་དུང་ཁྲི་བདུན་བཙན་པོ་དགུང་དུ་གཤེགས་ཤུལ་ན་དུམ་བུར་ཆད་པའི་སེམས་ཀྱི་རྨུ་ཐག་ཡུག་ཅིག་གམ། གླང་དར་གླང་རྭ་དང་ལྷན་དུ་བསྐྲད་སོང་རྗེས་ནག་ཐིག་ཕྱིས་ཤུལ་གྱི་དཀར་ཐིག་ཅིག ཡང་ན། བདུད་ཀྱི་རྭ་ཅོ་མི་ཡི་རྗེ་བོ་དང་ལྷན་ཅིག་ཏུ་བཏུལ་སོང་བའི་བཙུན་པ༼རྡོབ་རྡོབ༽དེས་ནག་པོ་ནང་དུ་བསྐུང་ཞིང་དཀར་པོ་ཕྱི་རུ་ཕྱུང་བའི་ལྭ་བ་དེའམ། སོལ་བ་ཆུ་ཡིས་དག་ཤུལ་ན་དལ་གྱིས་མངོན་པའི་རྟ་ཕོའི་ཟེ་བ་དཀར་བོང་བོང་ཞིག དེ་མིན་ལོ་ཟླའི་ཆར་རླུང་གིས་བཙའ་བོར་བཏང་ཟིན་ཞིང་ས་པཎ་དང་དགེ་ཆོས་སོགས་དང་རིང་དུ་གྱེས་སོང་བའི་སྣག་སྨྱུག་རྙིང་པ་དག་ལ་བྱི་དོར་བྱེད་པའི་དར་དཀར་ལིང་ཅིག འདི་དག་ཡོད་ཚད་མིན་ན། རང་སེམས་ཀྱི་གཏིང་སར་ཤུགས་ཀྱིས་རྒྱུ་ཞིང་གཞན་དག་གི་མིག་ངོ་ན་དལ་གྱིས་འཕྱོ་བཞིན་པའི་སྨུག་པ་ལང་ལོང་འདི་དང་། སེམས་པ་ཟང་ཟིང་འདི་ཡང་སྙིང་ཅི་ཞིག་ཡིན་ལགས།
རྔམས་མཐུག་པའི་སྨུག་སྤྲིན་གྱི་བང་རིམ་གསེབ་ནས་བདག་མེད་དུ་འཁྱམ་པའི་སེམས་པ་འདི། རི་ར་བ་ཁང་ཁྱིམ་དང་ལྗོངས་རྩི་ཤིང་སྲོག་ཆགས་སོགས་ཡོད་ཚད་ཀྱི་སེམས་ངོགས་སུ་དཀྲིགས་པའི་གཟུགས་མེད་ཀྱི་སྨུག་ལོང་འདི། དལ་གྱིས་འཕྱོ། ཤུགས་ཀྱིས་ལྡང་། རིམ་གྱིས་འཁྲིགས། ཁད་ཀྱིས་ཡལ། ལང་ལོང་། ཟང་ཟིང་། བན་བུན། འཐམ་འཐོམ།
ཤོད་རྒྱུན་ཞིག་ལ། ཁ་སང་ལྷ་སའི་བར་སྐོར་ནས་གསར་དུ་ངོ་ཤེས་པའི་རྨོ་བོ་ཉམ་ཐག་དེ་བདག་གི་ཨ་མ་ཡིན་སྐད། དེས་ན་ཞོགས་པ་ཁྲུས་ཁང་གི་ངོ་ཤེལ་ལས་ཐོག་དང་པོར་མཐོང་བའི་སྐྱེ་བོ་སྐམ་རིད་དེ་སུ་ཞིག་རེད་དམ།
གློ་བུར་གློ་བུར་དུ། བདག་གིས་སྐད་ཤུགས་གང་ཡོད་ཕྱུང་ནས་སུ་ཞིག་ལ་ཡང་ཡང་འབོད་པར་འདོད་ཅིང་། ག་ལེ་ག་ལེར་ཡང་སྙིང་སུ་ཞིག་འབོད་དགོས་པའང་བརྗེད་འགྲོ།
སྐབས་རེ་སྐབས་རེར། བདག་གིས་རྫབ་རྫོབ་ཏུ་སྐྱེས་པའི་སྐྲ་ལོ་འདི་དག་ཉོབ་མདངས་དང་ལྷན་ཅིག་རྒྱབ་ཏུ་གཡུགས་འདོད་ཅིང་། རིམ་བཞིན་རིམ་བཞིན་རང་ཉིད་ཀྱི་སྐྲ་ལོ་དག་སྔར་ནས་བྲེག་ཟིན་པའང་རབ་རིབ་ཅིག་དྲན་འོང་།
ཡང་མཚམས་རེར། ངས་རང་གི་ཡན་ལག་ཉིང་ལག་བཅས་པ་དང་དོན་ལྔ་སྣོད་དྲུག་ཡོད་ཚད་ལ་ཚང་རྩིས་རེ་བརྒྱབ་རྗེས། ཅི་ཞིག་བོར་སོང་བའང་མི་ཤེས་པར་ཤུགས་རིང་ནར་ནར་ངང་ཡུན་རིང་ལ་ལུས་འགྲོ།
ཀྱེ། བདེན་རྫུན་དཀར་ནག་གི་དབྱེ་མཚམས་གསལ་ཞིང་འཚེར་བ་དེ་གང་དུ་བོར་སོང་། བརྗེད་ངས་ཀྱི་རྐུན་པོས་ཁྱེར་རམ། མ་རིག་པའི་རྨུ་གབ་གྱོན་ནམ། སྒྲིབ་གཡོགས་ཀྱི་སྨུག་པས་བཏུམས་སམ། དེ་མིན་ན་བདག་གིས་ལག་པའི་མཛུབ་མོ་ལྔ་པོའི་གྲངས་ཀྱང་རང་ཚོད་ན་མེད་དོན་ཅི་ཞིག་ཡིན།
སྨུག་པ་ལང་ལོང་འདིའི་ཕ་རོལ་ན་དྭངས་གཙང་གི་རྫ་ཆུ་ལྷུང་ལྷུང་དུ་འབབ་ཀྱིན་ཡོད་ངེས། མཐའ་མེད་པའི་རྩྭ་ཐང་དུ་མཛེས་སྡུག་གི་མེ་ཏོག་རྦ་རླབས་ལྟར་བསྐྱིལ་བའི་ཁྲོད། བག་ཡངས་སུ་རྒྱུ་བའི་ནོར་གནག་གི་ངུར་སྒྲ་དང་གཡང་དཀར་གྱི་འབའ་སྒྲ་ཡང་ཐོས་རྒྱུ་ཡོད་ངེས། དེ་བཞིན་སྔོ་བསང་བསང་གི་མཁའ་ངོགས་སུ་དྲོད་ལམ་ལམ་གྱི་ཉི་འོད་དེ་ཡང་རིས་མེད་དུ་འཕྲོ་བཞིན་ཡོད་ངེས། ད་དུང་་་་་་་་་་་་་་་་ རྨི་ལམ་ལྟ་བུའི་འདས་དོན་རེ་དྲན་གྱིན། འདས་དོན་ལྟ་བུའི་རྨི་ལམ་ལ་གཏན་དུ་སྒུག་དགོས་པ་སྨུག་སྤྲིན་འདིའི་རྔམས་ཁ་ཡིན་ངེས་ན། ཡོད་ཚད་བརྗེད་ཟིན་ཞིང་ཐམས་ཅད་དྲན་གྱིན་པའི་སེམས་པ་ཟང་ཟིང་འདིའི་ཕ་རོལ་ན་ཡང་སྙིང་ཅི་ཞིག་ཡོད་དམ།
ལང་ལོང་དུ་འཕྱོ་བའི་སྨུག་པ་དང་ཟང་ཟིང་དུ་འཁྲུག་པའི་སེམས་པ་འདིས། དཔང་མཐོ་བའི་རི་རྩེ་ནས་འདས་སོང་གི་རྒྱབ་གཟུགས་ལ་ཕྱིར་མིག་རེ་འཕངས་མྱོང་ཞིང་། ཁོད་ཡངས་པའི་གྲམ་གཞུང་ནས་འབྱུང་འགྱུར་གྱི་ངོ་གདོང་ལ་རྒྱང་ལྟ་རེ་ཡང་བྱས་སྐད། ད་དུང་རྫུབ་སྟུག་པའི་ནགས་ཀློང་དང་སྐྱི་གཡའ་བའི་གཅོང་རོང་། མཐའ་མེད་པའི་རྩ་ཐང་སོགས་འཇིག་རྟེན་གྱི་ངོ་མཚར་བའི་གྲུ་ཟུར་ཡོད་ཚད་ལ་གླག་རྒོད་ལྟར་ལྷུང་། སྦྲུལ་ནག་བཞིན་འཁྱུག གྲོག་སྦུར་ལྟར་ནུར། མཐའ་མ་ཐང་དཀར་བཞིན་ལྡིང་སོང་མོད། བ་ནེ་བུ་ནེའི་སྣང་བ་འདི་ལས་བརྒལ་མི་འདུག འཁྱ་རེ་འཁྱོ་རེའི་གོམས་སྟབས་དེ་ལས་གཟུར་མི་འདུག ཐ་ན་ནག་རོག་རོག་གི་ངོ་གདོང་ལ་འདི་ལ་ཕྱིས་བདར་ཞིག་ཀྱང་བཏང་མི་འདུག
ཁ་སང་དང་དེ་རིང་གི་ལམ་མདོ་རུ། སེམས་པ་ལྡོམ་པོ་འདིས་སྨུག་ལོང་གི་རྗེས་སུ་སོང་སོང་བའི་མཐའ་མར་གང་ལ་ཡང་སླེབས་མ་སོང་། དཀར་ནག་དང་ཕྱི་ནང་གི་ཁྲམ་ཁ་རུ། སྨུག་པ་ལང་ལོང་འདིས་སེམས་ཀྱི་ཉེ་སར་འཁོར་འཁོར་བའི་མཐའ་མར་སེམས་པའང་ཟང་ཟིང་དུ་བཟོས་སོང་། དོན་དུ་སེམས་པ་ཁོག་ནང་བསྡུས་ཡོད་ཅིང་སྨུག་པ་རི་རྩེ་རུ་དཀྲིགས་འདུག
ཀྱེ། རང་གི་ལས་དབང་རང་གིས་བདག་གིར་བཞེས་ལ་འཛེམས་བག་དང་བྲལ་བའི་རྣམ་ཤེས་གསོན་པོ། ད་ནི་དུས་ལ་བབས་ཏེ། དབུ་འཕང་མཐོན་པོས་སྤྲིན་རིམ་དང་རི་རྩེ་བརྟོལ་ཏེ། གོམས་ཞེང་ཆེན་པོས་རྩྭ་ཐང་དང་ནགས་ཀློང་བཤགས་ཏེ། སྨུག་པ་ལང་ལོང་དང་སེམས་པ་ཟང་ཟིང་འདིའི་ཕ་རོལ་ཏུ་ཟད་མི་ཤེས་པའི་ལྟད་མོར་ཆས་འགྲོ།
རྩོམ་ཁུངས། ངེད་དྲ་བ།