ལས་རིགས་ཚང་མ་འདྲ་མཉམ་ཡིན།

ཨ་འབུམ་བློ་བཟང་དམ་ཆོས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-28

          སྔོན་གླེང་།
ཁ་བྱང་འདི་དང་འབྲེལ་བའི་སྐད་ཆ་ནི་རིང་མོ་ཞིག་ནས་གླེང་འདོད་བྱུང་། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས་མགར་བ་རྡོ་རྗེར་ཕྱག་འཇུས་གནང་བའི་གནས་ཚུལ་དེ་ཚང་མ་ལ་ཆ་རྒྱུས་ཡོད་ངེས་རེད།  དུས་སྐབས་དེར་རིན་པོ་ཆེས་ལས་རིགས་ཚང་མ་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་དགོས་པའི་རེ་བ་བཏོན་ཡོད་པ་དང་།  རང་རེའི་བོད་ཀྱི་སྲོལ་རྒྱུན་གྱི་ལྟ་བ་ངན་པ་ཁག་ཅིག་ལ་སྙིགས་དོར་བཅུད་ལེན་བྱེད་དགོས་པའི་བཀའ་སློབ་ཟབ་མོ་གནང་ཡོད་པ་རེད། དེས་ན་འདིར་ལས་རིགས་ཀྱི་སྐོར་ནས་ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་མི་རིགས་ཡར་རྒྱས་ཐད་ལ་བསམ་གཞིགས་བྱས་པའི་བསམ་ཚུལ་མདོར་ཙམ་གླེང་བར་འདོད།
     
           གཅིག
 
  དེང་སྐབས་བོད་ཀྱི་སྤྱི་ཚོགས་ནི་སྔོན་གྱི་སྤྱི་ཚོགས་ལྟ་བུ་མ་ཡིན་པར་ཕྱོགས་གང་ཐད་ནས་སྔོན་ཐོན་མི་རིགས་དང་རྒྱལ་ཁབ་དག་གི་རྗེས་སུ་འབད་བརྩོན་གྱིས་བགྲོད་བཞིན་པ་རེད།  དེ་མཚུངས་རང་རེའི་ན་གཞོན་མང་པོ་ཡང་སློབ་གྲྭ་རིམ་པ་མང་པོ་བརྒྱུད་མི་རིགས་ཀྱི་སྐད་ཡིག་དགེ་རྒན་དང་ལས་བྱེད་པ།  ཁྲིམས་རྩོད་པ་སོགས་ཀྱི་བྱ་བའི་སྟེང་ཞུགས་ཡོད་རེད།  འོན་ཏེ་ན་གཞོན་མང་པོར་ལས་རིགས་གང་ཞིག་དོན་དུ་གཉེར་མིན་ལ་ལྟ་ཚུལ་ཕྱོགས་རིས་ཅན་འདུག  ལས་བྱེད་དང་ཉེན་རྟོག་པ།  ཁྲིམས་འཛིན་པ་སོགས་ལས་རིགས་ལ་ལྟ་སྟངས་ངན་པ་འཛིན་ཞིང་དེ་བཞིན་གཞན་ལ་ཡང་མི་ལེགས་མི་བཟང་ཚུལ་བཤད་པ་རེད།  ད་དུང་གཞུང་གི་ཕོགས་ཐོབ་མ་ཡིན་པའི་རང་ཉིད་ཀྱིས་ཁེ་ལས་དང་བཟོ་གྲྭ  ཟ་ཁང་དང་ཇ་ཁང་སོགས་གཉེར་ནས་འདུག་པ་ལ་ལྟ་སྟངས་སྡུག་པོ་འཛིན་པ་དང་འཚོ་དངུལ་གྱི་ཡོང་ཁུངས་བརྟན་པོ་ཞིག་མེད་པར་འདོད་པ་རེད།  མི་རིགས་ཡར་རྒྱས་ཀྱི་གཞི་རྩ་སློབ་གསོར་རག་ལུས་པ་འདི་ཐམས་ཅད་ཀྱིས་གླེང་བཞིན་པ་རེད།  འོན་ཏེ་ཡར་རྒྱས་ཀྱི་གཞི་རྩ་སློབ་གསོ་ཡིན་ཟེར་དགོས་དོན་ཅི་ཡིན་པར་ངོས་ཟིན་གསལ་པོ་ཐོབ་མི་འདུག    ཐམས་ཅད་སློབ་གྲྭ་འགྲིམས་ནས་གཞུང་གི་ཕོགས་ཐོབ་མཁན་ཞིག་ཆགས་ཚེ་གཟོད་ཡར་རྒྱས་ཆགས་སོང་བ་འེ་རེད།  མ་རེད།  དེ་ནི་ག་ལ་ཡིན།    མིས་སློབ་གསོ་མྱོང་བ་ནི་རང་སྟོབས་རང་སྤེལ་བྱེད་ཐུབ་པ་དང་།  གཞན་ལ་བརྟེན་མ་དགོས་པ་ཞིག   རང་གིས་དཔལ་འབྱོར་བཙལ་ཐུབ་པ་དང་།  ཤེས་ཡོན་ལ་བརྟེན་ནས་དུས་རབས་དང་བསྟུན་པའི་གསར་གཏོད་རབ་དང་རིམ་པ་བྱས་ཏེ་མི་རིགས་ཡར་རྒྱས་སུ་གཏོང་བའི་ཆེད་དུ་ཡིན་པ་རེད།   དོན་དམ་པར་རང་གི་ནུས་པར་བརྟེན་ནས་དཔལ་འབྱོར་བཙལ་ཞིང་ལས་རིགས་འདྲ་མིན་གཉེར་བ་ནི་ང་ཚོའི་མི་རིགས་ཀྱི་ཡར་རྒྱས་སྔོན་ཐོན་པ་ཡིན་པ་རེད།  བདག་ལ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་ཞིབ་འཇུག་སློབ་མ་མཐར་ཕྱིན་པའི་གྲོགས་པོ་ཞིག་ཡོད་པ་དང་།  ཁོང་གིས་ད་ལྟ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཇ་ཁང་དང་ཟ་ཁང་གཞི་གཅིག་ཅན་ཞིག་གཉེར་ནས་ཡོད་པ་དང་།  ཞོར་དུ་སློབ་སྔོན་སློབ་གསོའི་དཔེ་ཆ་མང་པོ་བོད་བསྒྱུར་གནང་བཞིན་འདུག  བདག་གིས་ཁོང་ལ་ཁྱེད་ཀྱིས་དགེ་རྒན་ནམ་དེ་མིན་གཏན་ཆགས་ལས་རིགས་ཞིག་མི་བཙལ་བར་འདི་ལྟ་བུ་ཞིག་གཉེར་ནས་འདུག་དོན་ཅི་ཡིན་དྲིས་པར།    འདི་ནི་ང་ལ་མཚོན་ན་ཆེས་སྤྲོ་སྣང་ལྡན་པའི་ལས་ཀ་ཡིན་ཞིང་།  ལས་ཀ་འདིས་གཅིག་ནས་ངས་བོད་མི་རིགས་ཀྱི་ཟ་མའི་རིག་གནས་དང་།  གསོལ་ཁང་ཆེན་མོའི་རིག་གནས་མང་པོའི་ཉམས་མྱོང་བསག་ཐུབ་པ་དང་མ་འོངས་པར་བོད་ཀྱི་ཁྱད་ཆོས་དང་སྤུས་ཀ་ངོ་མ་ཡོད་པ།  དུས་རབས་དང་མཐུན་ཞིང་འཛམ་གླིང་དུ་སྤེལ་ཆོག་པའི་བོད་ཀྱི་ཟས་རིགས་ཐོན་པར་ཚོད་བལྟ་བྱས་ཆོག   ལྷག་པར་ལས་རིགས་འདིས་ངས་ཡོང་སྒོ་མང་པོ་འཚོལ་ཐུབ་ཅིང་ཧ་ཅང་གུ་ཡངས་དང་རང་དབང་ཆེན་པོ་འདུག་ཟེར།  ང་ཚོ་ལ་འདི་ལྟ་བུའི་ན་གཞོན་མང་པོ་ཞིག་དགོས་པ་དང་མ་འོངས་པ་ན་མང་པོ་འབྱུང་བའི་ཡིད་ཆེས་ཡོད།    འདི་བཞིན་ལོ་ངོ་མང་པོའི་སྔོན་རོལ་ནས་ཁེ་ལས་གཉེར་བཞིན་པའི་ཕ་ཡུལ་རྫ་ཆུ་ཁ་ནས་ཡིན་པའི་ཚོང་གཉེར་བ་གྲགས་ཅན་སྐུ་ཞབས་ཡུང་བློ་ལགས་ཀྱི་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དཀར་ཟས་ཁང་དང་། བེམ་མིན་རིག་དངོས་བཤམས་སྟོན་ཁང་སོགས་ནི་དུས་རབས་འདིའི་ནང་ཅུང་ཚབ་མཚོན་ལྡན་པའི་གྲུབ་འབྲས་ཅན་གྱི་ལས་ཀ་ཡིན་པ་རེད།    

           གཉིས།

  ལས་ཀའི་ངོ་བོ་ནི་ལས་ཀ་རང་ཡིན་ཞིང་།  དེ་ལ་བཟང་ངན་འབྱེད་རྒྱུ་མེད་ཅིང་གཙོ་བོ་ལས་མཁན་གྱི་གང་ཟག་རང་ལ་རག་ལས་པ་ཞིག་རེད།  ལྷག་པར་ལས་རིགས་གང་དེ་ནི་རྫུན་དང་མགོ་སྐོར།  བདེན་པ་མེད་ཚུལ།  ལྐོག་ཟ་རུལ་སུངས་སོགས་ཧ་ཅང་རྙོག་དྲ་ཆེ་བའི་སྤྱི་ཚོགས་ཤིག་ཡིན་པས་ལས་རིགས་དེ་ལ་གཏན་ནས་མི་འཇུག་པའི་མངག་བྱ་ཡང་བྱ་ངེས་རེད།  དོན་ལ་ལས་རིགས་འདི་དག་ནི་ཏག་ཏག་རང་རེའི་མི་རིགས་འདིས་ནམ་རྒྱུན་གྱོང་རེག་ས་དེ་ཡང་ཡིན་པས་སྟག་ཕྲུག་འཛིན་ན་སྟག་ཚང་ནང་དུ་འཛུལ་དགོས་ཟེར་བ་ལྟར་ང་ཚོས་ནམ་རྒྱུན་བདེན་པ་དང་དྲང་པོ་དྲང་བཞག་སོགས་སློབ་གྲྭ་ནས་ཅི་ཙམ་སྦྱངས་ཀྱང་མཐར་ཐུག་ལག་ལེན་ལ་འདེབས་དགོས་སའི་གནས་ལ་སླེབས་ཚེ་ཕྱིར་བཤོལ་བྱེད་པ་རེད།  འདི་ནི་གཞོན་ནུ་ཚོར་མཚོན་ན་འགྲན་རྩོད་ཅིག་ཡིན་པ་རེད།   རང་རེའི་བོད་རིགས་སློབ་མ་རྣམས་སློབ་གྲྭ་མཐར་ཕྱིན་རྗེས་ལས་རིགས་བདེ་ས་འཇམ་ས་ཞིག་བདམ་ནས་བསྡད་ཚེ་ང་ཚོའི་མི་རིགས་འདི་ལ་ཡར་རྒྱས་དང་གསར་གཏོད་ཀྱི་རེ་བ་ཆད་སོང་བ་དང་།  ང་ཚོ་བོད་རིགས་ཀྱིས་བོད་རིགས་སྐྱོང་བའི་ཉི་མ་ཞིག་སླེབས་ཀྱང་ང་ཚོས་རང་ཉིད་སྐྱོང་རྒྱུ་ཧ་ཅང་ཁག་པོ་ཡིན་ཞིང་།  བོད་ཀྱི་གཞོན་ནུ་ཚོར་ཕུགས་རྒྱང་རིང་པོ་མེད་ཅིང་དོན་ཆེན་བསྒྲུབ་པའི་སྤོབས་པ་མེད་པའང་མངོན་པར་མཚོན། ཨ་དཀོན་མཆོག་སྤྲུལ་རིན་པོ་ཆེས་བོད་རིགས་སློབ་མ་ཚོར་ཁྱོད་ཚོ་སློབ་ཆེན་མཐར་ཕྱིན་རྗེས་རང་གི་ཕ་ཡུལ་དུ་ཕེབས་ནས་རིག་གནས་ཅན་གྱི་ཞིང་བ་དང་།  སློབ་ཆེན་མཐར་པའི་ཕྱུགས་རྫི་ཞིག་བྱེད་དགོས་པའི་བསླབ་བྱ་གནང་བའི་དགོངས་པ་ཅི་འདྲའི་དཀྱེལ་ཡངས་ཤིང་དོན་སྙིང་ཟབ་མོ་ལྡན། 
 
           གསུམ།
 གལ་ཏེ་ཁྱེད་རང་ནང་ཆོས་སྒྲུབ་མཁན་ཞིག་དང་དགེ་རྒན་ཞིག་གམ།  གཞུང་ཞབས་པ་ཞིག  སྲིད་འཛིན་སྡེ་ཁག་གི་མི་སྣ། སྨན་པ།  གློག་བརྙན་བསྒྱུར་བསྐྲུན་པ།   ལོ་ཙཱ་བ།   རྩིས་འཕྲུལ་མཁས་པ།   ནོར་སྲིད་པ།   ཉེས་དོན་ཉེན་རྟོག་པ། འགྲིམ་འགྲུལ་ཉེན་རྟོག་པ། སྤྱི་བདེ་ཉེན་རྟོག་པ།  ཞིང་བ།  འབྲོག་པ།  བཟོ་ལས་པ།  མགར་བ།  ཤིང་བཟོ།  རྡོ་བཟོ།  ལྷ་བྲིས།  ཁེ་ལས་པ་སོགས་ཀྱི་ལས་རིགས་གང་ཞིག་གཉེར་བཞིན་ཡོད་ན་ཡང་ཐམས་ཅད་གཅིག་མཚུངས་ཡིན་པ་རེད།  གོང་ས་ལྔ་བ་ཆེན་པོས་ཕོ་བྲང་པོ་ཏ་ལ་གསར་བཞེངས་རྒྱས་བསྐྲུན་གྱི་སྐབས་སུ་ལས་རིགས་སྣ་ཉེར་གཉིས་ལྷག་ཙམ་གྱི་ཆེད་མཁས་པ་གདན་འདྲེན་དང་བསྐོ་འགུགས་ཀྱིས་གཟོད་འཛམ་གླིང་ན་མཐོང་དཀོན་ཞིང་སྒྱུ་རྩལ་དང་རིག་དངོས་གང་ཐད་ནས་འགྲན་ཟླ་མེད་པ་ཞིག་ཏུ་བཞེངས་པ་རེད།  མི་རིགས་ཤིག་གི་འཕེལ་རྒྱས་དང་སྤྱི་ཚོགས་ཤིག་གི་འཕེལ་རྒྱས་ནི་
ལས་རིགས་ཐམས་ཅད་ནས་གཅིག་གིས་གཅིག་ལ་གཞོག་འདེགས་དང་ཉམས་མྱོང་སྤེལ་རེས།  རྒྱུས་ཅན་གྱི་མིས་ནུས་པ་
ལ་བརྟེན་དགོས་པ་ལས་མི་གཅིག་གིས་འགྲུབ་ཡོང་བ་དང་འཕེལ་རྒྱས་གཏོང་ཐུབ་པ་ཞིག་མིན་ནོ།།   ལྷག་པར་ང་ཚོས་རིགས་གཅིག་རྐང་འཛིན་པའམ་སྣ་གཅིག་ཆེད་ལས་མི་སྣ་མང་པོ་འབྱུང་བར་འབད་བརྩོན་བྱེད་དགོས་པ་དང་།  དེང་སང་རང་རེའི་སྤྱི་ཚོགས་ནང་སྨན་པས་ཚོང་ལས་བཤད་པ་དང་།  དགེ་རྒན་གྱིས་དཔལ་འབྱོར་གླེང་བ།  གྲྭ་བས་འཁོར་བའི་འཚོ་བ་རོལ་སྟངས་གླེང་བ།སློབ་གསོ་བས་སྲིད་དོན་གླེང་བ་སོགས་མི་གཅིག་གིས་ཐམས་ཅད་ལ་ཁ་བསྲིངས་ནས་ཡོང་བ་འདི་བཟང་རྟགས་མ་ཡིན་པར་མི་ཤེས་ཤེས་མདོག་དང་།འུ་ཐུག་ན་བྱ་མེད་བོང་བུས་ནམ་ཚོད་འཛིན་པ་ལྟར་ཡིན་པས་ང་ཚོས་རང་རང་གི་ནུས་པ་དང་བསྟུན་ཞིང་།  རྒྱུས་ལོན་དང་ཉམས་མྱོང་། བརྟག་དཔྱད་ཞིབ་འཇུག   སློབ་སྦྱོང་སོགས་བྱས་ཏེ་ཐོན་པའི་ཆེད་མཁས་པ་ཞིག་འབྱུང་བར་ཧུར་བརྩོན་བྱེད་དགོས་པ་དང་།བླ་མ་མེད་པའི་གདམས་ངག་སྐམ་པོས་གཞན་རྒྱུད་འདུལ་བ་ཕར་ཞོག  རང་རྒྱུད་སྐམ་པོ་ཡང་འདུལ་བར་མི་ནུས་པས་གང་ལ་ཡང་ཞིབ་ཚགས་ཁུངས་
ཐུབ་ཅིག་སྦྱོང་བ་ནི་ཤིན་ཏུ་གལ་ཆེ།

            བཞི།
  མི་ཞིག་གི་རིན་ཐང་ནི་མི་དེའི་ལས་རིགས་བདམ་གསེས་ལ་རག་ལས་མེད་པར་གཙོ་བོ་སྤྱི་ཚོགས་དང་མི་རིགས་ལ་ཕན་བདེ་སྟེར་ཐུབ་མིན་ལ་ལྟོས་ནས་འཇོག་པ་རེད།  རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མ་ཐམས་ཅད་དུག་ཡིན་ཞིང་།  རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མ་ཐམས་ཅད་སྨན་ཡིན་པ་བཞིན།  མི་ཞིག་གི་ཀུན་སྤྱོད་དང་མི་གཞི།  བསམ་བློ།  ཤེས་ཡོན།  གཞན་ཕན་སོགས་རྩ་བར་བྱས་པའི་ཡོན་ཏན་ལྡན་ཚེ་ལས་རིགས་གང་ཞིག་གཉེར་ཡང་དེ་མཚུངས་ཀྱིས་ཀུན་ལ་ཕན་ཐོགས་འབྱུང་བ་དང་  །ལྷག་པར་སྲིད་འཛིན་པ་དང་ཉེན་རྟོག་སོགས་ཀྱིས་མཚོན་ལས་རིགས་མང་པོའི་ནང་དུ་རང་རེའི་སྤུན་ཟླ་མང་པོ་ཞིག་ཐོན་ཚེ་རང་རེའི་མི་རིགས་སྤྱི་ལ་ཕན་ཐོགས་ཆེན་པོ་འབྱུང་བ་རེད། དེ་མིན་བོད་རིགས་གཞོན་ནུ་ཐམས་ཅད་རང་བློ་སྟབས་བསྟུན་ཡོང་ས་དང་བབ་ཆགས་སྟབས་བདེའི་འཚོ་བ།ལས་རིགས་སྣ་གཅིག་ཙམ་ལ་ཁ་ཕྱོགས་ནས་བསྡད་ཚེ་གནད་དོན་ཆེན་པོ་མང་པོའི་མདུན་སར་དོན་མེད་གྱོང་ཆེན་པོ་རེག་ཡོང་གི་ཡོད་པ་རེད།  གསེར་གྱི་རང་བཞིན་ནི་བཅད་གཏུབ་བསྲེག་གསུམ་གྱི་བཙོ་སྦྱོང་བྱས་རྗེས་གཞི་ནས་མ་བཅོས་རང་བཞིན་རྗེན་པོར་མངོན་ནས་བཀོལ་ཏུ་བཏུབ་པ་དང་།དུས་དང་གནས་སྐབས་གང་ལ་ནམ་ཡང་འགྱུར་མེད་པའི་དཔེ་བཞིན་ན་གཞོན་ཚོ་ལས་རིགས་མང་པོར་ཞུགས་ནས་སྦྱོང་བརྡར་དང་ཉམས་མྱོང་མང་པོ་བསག་ན་མ་འོངས་པར་ང་ཚོའི་མི་རིགས་སྤྱི་ལ་ཕན་པ་ཆེན་པོ་ཡོད།  ལས་རིགས་འདིའི་སྟེང་དོན་ཆེན་ཞིག་མ་འགྲུབ་ཀྱང་ཐ་ན་རྐུབ་སྟེགས་ཞིག་འཛིན་ཐུབ་ན་ཡང་ཆོག་པ་དང་།སྔོན་ང་ཚོས་རྐུབ་སྟེགས་འཛིན་དགོས་སར་མ་བཟུང་བས་གྱོང་ཆེན་པོ་ཁུར་ཡོད་པ་རེད།  

              ལྔ།
   སྤྱི་ཚོགས་འདིའི་ནང་ལས་རིགས་འདྲ་མིན་སྣ་མང་ཡོད་པ་དང་།ལས་རིགས་གང་ལ་ཡང་འདྲ་མཉམ་གྱི་འདུ་ཤེས་འཛིན་དགོས།  ལས་རིགས་གང་ཞིག་དོན་དུ་གཉེར་ན་ཡང་རྩ་བ་རང་རེའི་མི་རིགས་དང་སྤུན་ཟླ།  ཤེས་ཡོན།  གཞན་ཕན་གྱི་བསམ་བློ་མ་བོར་བ་བྱས་ཏེ་ལས་ཀ་བསྒྲུབ་རྒྱུ་ནི་ཤིན་ཏུ་རྩ་ཆེན་པོར་མཐོང་།  
   ལས་རིགས་གང་ཞིག་གཉེར་ན་ཡང་སོ་སོས་རང་གི་ལས་རིགས་དེར་འགན་ཁུར་གྱི་འདུ་ཤེས་དྲག་པོ་ཞིག་དགོས་པ་དང་རྣམ་འགྱུར་དྲང་པོ་ཞིག་བཟུང་ནས་ལས་ཀ་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་པོར་མཐོང་ཞིང་།འདི་ལྟར་བྱས་ན་ད་གཟོད་ང་ཚོའི་
མི་རིགས་འདི་གྲ་བཞི་གྲུ་བཞི་མ་ཉམས་པར་ཡར་རྒྱས་ཀྱི་ལམ་ཁར་བསྐྱོད་ངེས་པ་དང་གང་ལ་ཡང་སྟོབས་དང་ནུས་པ་ཡོད་མཁན་ཞིག་ཆགས་ངེས་སོ།།   དེས་ན་ཁོ་བོས་འདིར་བོད་རིགས་གཞོན་ནུ་རྣམས་ལས་རིགས་སྣ་གཅིག་ཙམ་ལ་མགོ་མི་འཁོར་བར་ལས་རིགས་སྣ་མང་ལ་ཞུགས་པར་འབོད་སྐུལ་ཞུ་རྒྱུ་ཡིན།  
      ཞེས་ཨ་འབུམ་བློ་བཟང་དམ་ཆོས་སུ་འབོད་པས་སྤྱི་ལོ་༢༠༡༣ལོའི་ཟླ༡༡ཚེས་༦ཉིན་ཡུལ་སྤོས་ལྡན་དུ་མདོར་བསྡུས་ཏེ་བྲིས་འདིས་ཀུན་ལ་ཕན་ཐོགས་པར་གྱུར་ཅིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་རིགས་ཚང་མ་འདྲ་མཉམ་ཡིན།

2013-12-28 ཨ་འབུམ་བློ་བཟང་དམ་ཆོས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།