ཚུགས་ཐུབ་ཀྱི་མི་གཤིས་དང་མཚར་སྡུག་གི་མི་ཚེ།
༧ དུས་རབས་ཀྱི་འགྲོས་སམ་རིན་ཐང་གི་ལྟ་ཚུལ་གང་ཞིག་གིས་དེང་སང་རྩོམ་ཡིག་ཅིག་འབྲི་ཤེས་མིན་དང་། མཁས་མདོག་ཅིག་སྟོན་ཐུབ་མིན་དེ་མི་རུ་འཇོག་པའི་འཇོག་བྱེད་དང་། ཆེ་རུ་རློམ་པའི་རང་རྟགས་ཤིག་ཏུ་གྲུབ་འདུག་པས། ང་དང་ངའི་ཁོར་ཡུག་གི་གྲྭ་གཞོན་མཁས་རློམ་པ་འགའ་ཞིག་གིས་རྣམ་དབྱེ་བརྒྱད་ཀྱི་གོ་རིམ་དང་ཕོ་མོ་མ་ནིང་གི་དབྱེ་བ་ཙམ་ཡང་མ་ཤེས་གོང་ནས་ཁ་ནས་སྙན་ངག་དང་། ལག་གིས་རྩོམ་ཡིག་འབྲི་ཁུལ་བྱེད་པ་ནི། ངོ་མ་སྲིད་པ་བོད་ཀྱི་གཏམ་དཔེ་ལ། རྐྱལ་མ་ཤེས་གོང་ནས་སྒྱུར་དང་།། འདོན་མ་ཤེས་གོང་ནས་དབྱངས་ཟེར་བའི་དཔེ་ལྟར། སྙན་རྩོམ་ཚིག་བཅད་གཅིག་ཙམ་ལ་ཡང་ཡིག་ནོར་ཞིག་མ་ཤོར་ན་འབྲི་མི་ཤེས་ཤིང་། དོན་ནོར་ཞིག་མ་བསྟན་ན་བློ་མི་བདེ་བ་ལྟ་བུར་གྱུར་འདུག་ཀྱང་། ད་དུང་ཁོ་བ་ཚོ་སྙན་ངག་པའི་གྲལ་དུ་ཚུད་སོང་ཁུལ་དང་ཤེས་ཡོན་པའི་སྡེ་རུ་འགྱིང་ཡོད་ཁུལ་སོགས་བྱེད་པ་ནི། ངན་པར་རང་བརྩིས་དང་བྱི་ལར་དྲོ་བརྩིས་ཀྱི་དཔེ་རུ་གྱུར་མི་འདུག་གམ།
ད་དུང་གཞུང་ལུགས་ག་གེ་མོ་རེའི་གོ་དོན་ལོན་ཞིང་། རྩོམ་ཡིག་ཡ་མ་ཟུང་རེ་འབྲི་ཤེས་པ་ཙམ་གྱིས་ཀྱང་གལ་ཡང་མི་ཕྱིན་ཏེ། དེང་སྐབས་སློབ་འབྲིང་གི་སྒོ་ཐེམ་དུ་སླེབས་པ་ཙམ་ནས་སྙན་ངག་གིས་ངག་སྒོ་ཕྱེས་ཤིང་། དགག་སྒྲུབ་ཀྱི་འཁོར་ལོ་བསྐོར་བཞིན། བློ་འབྱེད་ཀྱི་སྒྲོན་མེ་སྦར་ཁུལ་བྱེད་བཞིན་པ་དག་ལས་ང་ཚོས་གསལ་བོར་རྟོགས་མི་ཡོང་ངམ་སྟེ། ཁོ་ཚོས་སློབ་འབྲིང་གི་སྒོ་ཐེམ་དུ་སླེབས་པ་ནས་གཞུང་ལུགས་ལ་བློ་འདྲིས་ཡོད་ཁུལ་དང་། སྙན་ངག་གི་འཇེངས་སུ་སླེབས་ཡོད་ཁུལ་སོགས་ཁ་ནས་མཁས་གཏམ་ཉ་ཉོག་རེ་དང་ལག་ནས་རྩོམ་ཡིག་ཐན་ཐུན་རེ་འབྲུ་ཤེས་པ་ཙམ་ལས་ཅི་ཞིག་འཇོན་སོང་། སློབ་འབྲིང་དང་སློབ་ཆེན་གྱི་དུས་ཚོད་སྙན་ངག་དང་ཨ་རག་གིས་ཕུད་པའི་ཁོ་ཚོས་དྲིན་གྱིས་སྐྱངས་པའི་ཕ་མ་དང་སྙིང་ནས་བརྩེ་བའི་གཟའ་མི་ཚོས་དཀའ་བ་བརྒྱ་ཕྲག་གིས་བསགས་པའི་རྒྱུ་ནོར་དག་ལ་གྱོད་གུད་ཚབས་མི་ཆུང་བ་རེ་བཏང་ནས་ཚུར་སློབ་མཐར་ཕྱིན་ཏེ་འོངས་དུས་ཀྱང་། ད་དུང་བྱ་བའི་ལས་གནས་དེ་ལྟག་སྒོ་ནས་བཀོད་བསྒྲིགས་བྱེད་དགོས་པ་འདི་ཅི་ཞིག་གི་ལན་པ་རེད། དོན་དུ་ཁོ་བ་ཚོར་རྒྱུ་འབྲས་དྲང་སྙོམས་ཀྱི་བློ་མིག་དབེན་པ་དང་། ལྷད་མེད་ཚུགས་ཐུབ་ཀྱི་མི་གཞི་རྣལ་མ་ཞིག་མ་ཡོད་པས་ལན་པ་རེད་མ་གཏོགས། དེ་མིན་ན་ཁོ་ཚོར་①ར་པིར་ཀྲི་ལྟ་བའི་དཀའ་ཁག་གང་ལའང་མགོ་མི་སྒུར་ཞིང་། དམིགས་ཡུལ་གང་དེ་མ་འགྲུབ་པར་མཚམས་མི་འཇོག་པའི་ཆོད་སེམས་བརྟན་པོ་ཞིག་ཡོད་རྒྱུ་ན། ཁོ་ཚོས་ཀྱང་ཕོར་བ་ཕ་མ་ལ་བཟེད་དེ་འཚོ་བ་ཆང་ཁང་ནས་ཕུད་དོན་ག་ལ་ཡོད།
འོ་ན། ང་ཚོས་མི་ཚེའི་ལམ་ཁ་དེ་གང་ཞིག་ནས་འཚོལ་དགོས་ཤིང་། རེ་བའི་ཕུགས་འདུན་དེ་ཅི་ཞིག་ལ་གཏད་དགོས་ཟེར་ན། མཚར་སྡུག་འོད་སྟོང་གི་མི་ཚེའི་ལམ་བུ་དེ་སུ་ཞིག་གིས་ཀྱང་འཚོལ་ངེས་ཤིང་། གང་ཞིག་ནས་ཀྱང་འཚོལ་ན་ཆོག་མོད། དེ་ནི་སུ་ཞིག་གིས་ཀྱང་རྙེད་ངེས་ཤིང་། གང་ཞིག་ལ་ཡང་འཐོབ་ངེས་པ་ཞིག་གཏན་མ་ཡིན་ཏེ། དེ་ནི་རྩ་བའི་ཆ་རྐྱེན་ཚུགས་ཐུབ་ཀྱི་ལྟ་བ་གཤིས་སུ་མངའ་ཞིང་། དྲང་བདེན་གྱི་བློ་མིག་རང་ཆས་སུ་ཡོད་པ། དེ་མིན་གཞུང་ལུགས་ཀྱི་ལྟ་བ་རང་སྟེང་ལ་སྦྱོར་ནུས་པ་ཞིག་ཡིན་ཚེ་གཟོད་ཁོ་བོའི་མི་ཚེའི་མདུན་ལམ་ལ་འོད་སྟོང་འཕྲོ་ཞིང་། བྱ་བའི་མཇུག་འབྲས་ལ་ལོ་ལེགས་སྨིན་ངེས།
རེད་དེ་བརྒྱ་ལོ་ཉི་ཤུ་བའི་སྟོད་དུ་འཁྲུངས་པའི་མཁས་དབང་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་མི་ཚེའི་བཞུད་ལམ་ལ་ང་ཚོས་ཐེངས་གཅིག་བལྟས་བས་ཀྱང་ཤེས་ཏེ། ཁོང་གིས་འགོ་ལྡུམ་གཞུག་ཆད་ཀྱི་སྙན་ངག་གང་མང་ཞིག་བྲིས་པ་ལས་རེ་བའི་ཕུགས་བསམ་བཙལ་བ་མ་ཡིན་ལ། གཞུང་ལུགས་ག་གེ་མོ་ཞིག་གི་དགོངས་འགྲེལ་དང་ཡང་འགྲེལ་བྲིས་པ་ལས་མི་ཚེའི་ཁ་ཕྱོགས་རྙེད་པ་ཞིག་གཏན་མ་ཡིན་ཏེ། ཁོང་གིས་མི་ལོ་བཅུ་དྲུག་གི་ན་ཚོད་སྨིན་པ་ནས་ལྷད་མེད་མི་གཤིས་ལ་རིག་གཞུང་སྣ་མང་གིས་ལྟ་བས་མ་ལྷད་པར། སྙིང་སྟོབས་དང་ཡིད་ཆེས་ཀྱི་འདུ་ཤེས་གཤིས་ལ་མངའ་ཞིང་། སྒེར་ཚུགས་དང་བློ་འབྱེད་ཀྱི་བློ་མིག་ལྷུན་གྱིས་གྲུབ་པས། ཁོ་བོའི་མི་ཚེའི་ཕུགས་བསམ་ལ་གསལ་ཁ་ཕྱེས་ཤིང་། རེ་བའི་རྨི་ལམ་ལ་རེ་དོགས་ཅི་ཡང་མེད་པར་རྒྱ་ནག་ཁྲོང་ཆིན་གྱི་གསར་ཤོག་ཁག་ཏུ་མི་སེར་རྒྱལ་ཁབ་ཀྱི་གདུག་རྩུབ་དྲག་གཅོད་ལ་རྒོལ་ལན་སྤྲད་ཅིང་། གསར་བརྗེ་དམར་ཕྱོགས་ཀྱི་འཕྲིན་ལས་དག་གོང་དུ་སྤེལ་བ་མ་ཡིན་ནམ། ཁོང་ལ་སྒེར་ཚུགས་རང་བཞིན་གྱི་མི་གཞི་དང་། བདེན་དོན་འཚོལ་སྙེག་གི་འདུ་ཤེས་དག་གཤིས་སུ་གྲུབ་པས་མིན་ན། གོང་ན་འཐེན་དང་འདབ་ན་སྐྱོར་གང་ཡང་མེད་པའི་ན་གཞོན་འཁྱལ་བོ་ཞིག་ལ་ཕ་ཡུལ་འགོག་སྲུང་དང་། མེས་རྒྱལ་གསར་འཛུགས་ཀྱི་བསམ་བློ་འདི་འདྲ་ཞིག་གང་ནས་འཁྲུངས་ཏེ། དོན་དུ་གཞོན་ནུ་ཁོང་གི་རེ་བའི་རྨི་ལམ་དེ་དེང་སྐབས་ཀྱི་ཤེས་ཡོན་པའམ་དམ་པ་རུ་རློམ་པ་འགའ་ཞིག་གི་ཚེ་གང་བོར་ཡང་སྨྱུག་རྩེ་ཙམ་དུ་ཡང་ག་ལ་འཁོར། མདོར་ན་ཁོང་གི་མི་ཚེའི་རེ་བའི་ཕུགས་བསམ་དེ། ཐོག་མར་རང་གི་གཤིས་ལ་མངའ་བའི་དཔའ་ངར་ཞུམ་མེད་ཀྱི་བློ་སྤོབས་དང་དྲང་བདེན་ཚོར་སྣང་གིས་སྟ་གོན་བྱས་ཤིང་། བར་དུ་མཱ་ལེ་རང་ལུགས་དང་གསར་བརྗེ་བཅོས་བསྒྱུར་གྱི་འདུ་ཤེས་དྲག་ཏུ་འཕྱུར་བ་ལས་ཁོང་གི་མི་ཚེའི་བཞུད་ལམ་ལ་མཚར་སྡུག་ལྡན་པ་མ་ཡིན་ནམ། གང་ལྟར་ང་ཚོས་ཁོང་དང་ཁོང་ལྟ་བའི་མི་བུ་དག་གི་མི་ཚེའི་བཞུད་ལམ་དང་། མི་གཤིས་ལྷད་མེད་ལ་གོང་བཀུར་དང་བསྔགས་བརྗོད་ཕུལ་ཏེ་རང་ལམ་རྣལ་མ་ཞིག་རང་གིས་ཟིན་པར་འབད་བརྩོན་བྱེད་རྒྱུ་དེ་མི་ཚེ་འདིའི་གནད་འགག་ཅིག་ཏུ་ཆགས་སོང་བས་སོ། །
①ར་པིར་ཀྲི་ཡི་གྲོས་དོན་བགྲོ་བའི་སྒྲིག་ལམ་གྱི་རྩོམ་པ་བོ། 1876ལོའི་ཟླ2ཚེས19ཉིན་ལ། ཧན་རོས་མར་ཀྲིན་ར་པིར་ཀྲི་གྲོས་དོན་བགྲོ་བའི་སྒྲིག་ལམ་གྱི་དེབ་ཆུང་དེ་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཡོངས་ལ་ཧ་ཅང་བྲིན་པར་གྱུར། 1915ལོར་སླར་ཡང་རྗེ་ནེ་རལ་གོ་ཐོབ་༼རྗེ་ནེ་རལ་ཞེས་པ་ནི་དམག་གི་གོ་ཐོབ་ཅིག་སྟེ་རྒྱ་ནག་སྐད་དུ将军ཟེར། ཐ་སྙད་འདི་བོད་སྐད་དུ་ཡག་པོ་བསྒྱུར་མ་ཤེས་པས་ཐབས་ཟད་ནས་དབྱིན་སྐད་ལས་སྒྲ་སྒྱུར་བྱས།༽རེག་འདུག་པའི་ར་པིར་ཀྲི་ཡིས་བཟོ་བཅོས་བརྒྱབ་ཟིན་པའི་པར་གཞི་དེ་དཔེ་སྐྲུན་བྱས། དེབ་མིང་ཡང་ར་པིར་ཀྲི་ཡི་གྲོས་དོན་བགྲོ་བའི་སྒྲིག་ལམ་དུ་བཏགས། དུས་སྐབས་དེར། གཞན་གྱིས་མཚར་མཚར་དུ་འཛིན་པའི་ན་གཞོན་དམག་དཔོན་གྱི་ཚོགས་འདུའི་སྒྲིག་ལམ་གྱི་དེབ་དེ་ས་ཡ་གཉིས་བཙོངས་པ་མ་ཟད། དེར་འཁོད་ཚང་མ་ཨ་རིའི་མི་མང་གི་ཚོགས་འདུའི་སྒྲིག་ལམ་ཚད་ལྡན་དུ་གྱུར་སོང་།
རྩོམ་ཁུངས། ངེད་དྲ་བ།