༢༠༡༡ལོའི་ཟླ༡༡པའི་ཚེས༢༥ཉིན།
གནམ་ངོ་རབ་རིབ་ཏུ་མཐོང་ཞིང་སྨྲ་བསམ་བརྗོད་འདས་ཀྱི་གྲང་རླུང་ཞིག་གིས་ལུས་སེམས་གཉིས་ཀར་གཙེས་ཡོང་།
ངས་རང་ཉིད་ཀྱི་ཇ་ཕོར་ལོག་རིལ་དེ་དཔེ་ཁུག་གི་འགྲམ་ཁུག་ནང་ལ་བཙན་གྱིས་བརྫངས་ཤིང་། སྐེ་དཀྲིས་སྐྱ་སྐྱ་དེས་མགྲིན་པར་བསྐོར་བ་གཉིས་བསྐྱིས་ནས་མེ་ལོང་ནང་དུ་ཐེངས་འགར་བལྟས་རྗེས་ཕྱིར་བུད་པ་ཡིན། རྡོག་ལམ་དུ་ཁེ་ཉིན་གྱི་ལོ་མ་བརྩེགས་རིམ་དེ་རྣམས་མི་འདུག་པས་རྒྱུན་ལྡན་མ་ཡིན་པའི་ཚོར་འདུ་ཞིག་དང་ལྷན། ངས་མགོ་བོ་དབང་མེད་དུ་ཡར་དགྱེ་སྟེ་སྡོང་རྒན་དེ་ཚོར་མིག་འཁྱིལ་ཙམ་བྱེད་དགོས་བྱུང་བ་དང་། སྡོང་རྒན་དག་ནི་དཔྱིད་ཀར་ཤ་ཤེད་ཉམས་པའི་བ་སྐམ་ཞིག་དང་འདྲ་བར་ཧ་ཅང་ཉམས་ཐག་གི་མདངས་སུ་གནས་བ་རིག ཕལ་ཆེར་སྐབས་དེར་ངས་གཞི་ནས་གྲོང་ཁྱེར་འདིའི་ལམ་འགྲོ་བ་ཞིག་དང་མཚུངས་བའི་སྟོན་ཀ་དེ་དྲན་བྱུང་། སྟོན་ཀས་ངའི་དྲན་འཛིན་གྱི་ལྡེབས་ངོས་སུ་ལོ་མ་སེར་པོ་འགའ་ལྡང་སྐོར་བྱེད་པ་ལས་གཞན་ཅི་ཡང་བསྐྱུར་མི་འདུག་ལ། དེ་ལྟར་ངའི་མིག་ནང་དུ་འཆར་བའི་གྲོང་ཁྱེར་གྱི་སྟོན་ཀ་གཉིས་པ་འདི་ཡང་དེ་ལྟར་ཕར་འདས་ནས་དགུན་རྒྱ་སྟག་གི་རྔ་མར་འཇུས་འདུག སྤྱིར་ན་ངས་དེ་ལ་ཁ་ཡ་བྱེད་དགོས་དོན་མི་འདུག་མོད། ཁོ་ངའི་གྲོགས་པོ་ཡིན་པས། ཅིས་ཀྱང་རང་སེམས་བདེ་ལ་འབབ་ཕྱིར་དུ་ངས་ཁོ་ལ་རོགས་རམ་ཞིག་བྱ་དགོས། ཡིན་ཡང་ངས་དོན་དག་འདི་ལྟ་བུར་ཇི་ལྟར་རོགས་རམ་བྱའམ། དེ་རིང་ངའི་སེམས་པ་ནི་དེ་རིང་གི་སྡོང་རྒན་དང་འདྲ་བར་ཉམས་ཆགས་སུ་ཡོད་ཁོ་ཐག་རེད། སྐབས་འདིར་ངས་ཁོར་ཁ་པར་ཞིག་གཏོང་དགོས་བསམ་བྱུང་། ཁོ་གང་དུ་ཡོད་དམ།
ཁོས་ནོར་འཁྲུལ་གྱི་ལམ་བུ་འདི་འདྲ་ཞིག་བདམས་བྱུང་བ་ང་ཚོ་སུའི་ཡིད་ལའང་དྲན་མ་མྱོང་། ཁོ་ནི་མི་སྐྱིད་པོ་ཞིག་ཡིན། སྔོན་ཆད་གྲོགས་པོ་ཚང་མས་ནམ་རྒྱུན་ཁོ་གླེང་ཡོང་དུས་ཀྱི་དབུ་འཁྱུད་ལྟ་བུར་གྱུར་བའི་ཚིག་རྐང་འདི་ངའི་རྣ་ལམ་ན་བེར་བེར་བྱེད་ཀྱིན་འདུག ཁོ་ངོ་མ་མི་སྐྱིད་པོ་ཞིག་ཡིན། ངག་ནས་རྒྱུན་པར་གླུ་ཆུང་རེ་དབྱངས་ལ་འགུགས་བཞིན། མིག་ཟུང་འཛུམ་གྱིས་ཁེངས་ཤིང་དེ་རིང་གི་ང་དང་འདྲ་བར་སྐེ་དཀྲིས་ཤིག་བསྐྱིས་ནས་ཡོད། རེད་དེ། ད་ཐེངས་ཁོར་སྐྱིད་པོ་ཞིག་ཡོང་མི་སྲིད། དེ་ནི་ང་ཚོའི་བསམ་ཚུལ་ཡིན་པ་ལས་ཁོས་ཇི་ལྟར་འདོད་པ་སུས་ཤེས། ཨ་ལ། དོན་དག་ཞིག་ངས་བརྗེད་འདུག དེ་རིང་ངས་བསྐྱིས་ཡོད་པའི་སྐེ་དཀྲིས་འདི་ཁོས་ང་ལ་བྱིན་པ་ཡིན། ལོ་སར་མཇུག་རྫོགས་ཏེ་ཕྱིར་སློབ་གྲྭར་ལོག་དུས། ཟི་ལིང་དུ་ཞག་འདུག་ཐེངས་ཤིག་བྱེད་དགོས་བྱུང་བ་དང་། སྟབས་ལེགས་པར་ཁོ་དང་ལམ་འཕྲད་བྱུང་བས་། མགྲོན་ཁང་གཅིག་དང་ཁང་པ་ཡང་གཅིག་ནས་ཕྱིར་དྲན་གྱི་སེམས་ཁ་ཞིག་གླེང་རྩིས་བྱེད་སྐབས། ལས་དབང་ཟེར་བ་ངོ་མ་བཤད་དཀའ་བ་ཞིག་རེད། དོན་དག་ལ་ལས་ཁྱོད་ལ་གྲ་སྒྲིག་ཙམ་ཡང་བྱེད་དུ་མི་འཇུག་པར་ཁྱོད་ཀྱི་མགོ་སྟེང་དུ་ཐོད་ཀྱིས་བབས་ཡོང་ངེས། དེ་དུས་སུས་ཀྱང་དེ་ལ་བཀག་འགོག་བྱེད་མི་ཐུབ་ལ་བྱེད་ཀྱང་མི་སྲིད། དེ་ནས་ང་ལ་གནའ་འགྲོགས་ཤིག་གིས་ཁ་པར་ཞིག་འབྱོར་ཡོང་སྟེ། ཐུག་འདོད་ཀྱི་སྙིང་གཏམ་མང་པོ་ཞིག་གསུང་བྱུང་བ་དང་ད་ལྟ་གྲོང་ཁྱེར་འདི་གར་ཞག་འདུག་བྱས་ཡོད་ཚུལ་ཧ་གོ་བས། ང་ལའང་ཅི་ཞིག་གི་སྟོབས་ཤུགས་ཀྱིས་འདེད་ཀྱིན་ཡོད་པ་མི་ཤེས་མོད། གང་ལྟར་གྲོགས་པོ་ཤུལ་དུ་བཞག་ནས་ཁོ་མོ་འཚོལ་དུ་འགྲོ་བའི་འདུན་པ་འགོག་མེད་ཅིག་སྐྱེས་བ་དང་། དང་དོད་ཐེ་གེ་ཙམ་ཡང་མེད་པར་ཡར་ལ་ལངས་བ་ཡིན། ཁོས་ཀྱང་ངའི་བསམ་ཚུལ་རྟོགས་ཡོད་པ་འདྲ་བར་རང་གི་སྐེ་དཀྲིས་གསར་པ་དེ་ངའི་སྐེ་ལ་འཕངས་སོང་། སྐབས་དེར་ངས་ཀྱང་སྐེ་དཀྲིས་ཀྱིས་རང་ཉིད་ལ་གཟི་ཉམས་གསར་བ་ཞིག་བསྣན་འདུག་སྙམ་གྱིན། ཁོར་ཡིད་ཚིམ་པའི་བརྡ་རུ་འཛུམ་མདངས་ཤིག་བསྟན་ནས་ཅི་ཡང་མ་བཤད་ལ། ཁོས་ཀྱང་ཅི་ཡང་བཤད་མ་སོང་། དེ་ལྟར་དགོང་མོ་དེར་ཁོས་ང་ལ་སྐེ་དཀྲིས་འདི་བྱིན་པ་ཡིན། ད་ཐེངས་དོན་དག་འདྲི་འདྲ་ཞིག་བྱུང་སོང་བར་ངའི་ཀླད་པའི་དགུ་ན་གྲ་སྒྲིག་སྤུ་ཙམ་ཡང་མེད་ལ། ང་ལའང་ཁེག་མེད། ད་རག་ཏུ་ལོ་དྲུག་ལ་ཕུ་ནུ་ལྟར་འགྲོགས་ཡོང་བས། དྲང་མོར་བཤད་ན་ཁོས་བྱ་སྤྱོད་འདི་ངས་ཀྱང་དང་ལེན་བྱེད་མི་ཐུབ་མོད། ཡིན་ཡང་གྲོགས་པོ་ཞིག་གི་ཆ་ནས། ཁོ་རང་ཁེར་རྐྱང་འུ་ཐུག་གི་གནས་སྐབས་འདི་འདྲར་དེ་ལྟར་བཞག་ན་ཁོ་དངོས་གནས་ཐར་ཐབས་ཡོད་མི་སྲིད།
རླུང་བུ་ཞིག་ག་འདི་ནས་སླེབས་མིན་མི་ཤེས་བར་གློ་བུར་དུ་ལྡང་ཡོང་སྟེ་ངའི་གདོང་ལ་ལོ་མ་སྐམ་པོ་ཞིག་ལྷན་བྱུང་བས། ངས་ད་གཟོད་རང་ཉིད་ཀྱིས་མིག་སྟོན་བྱས་སོང་བ་ཧ་གོ་ནས། གདོང་ཧྲིལ་བོ་ཚ་ལམ་ལམ་དུ་གྱུར་སོང་བ་དང་གོམ་པ་སྔུན་ཕྱོགས་སུ་སྤོས་བ་ཡིན། སྐབས་དེར་ངས་ཡིད་དུ་ཉིན་འགའི་སྔོན་དེར་སློབ་གྲོགས་ཤིག་གིས་བཤད་པའི་སྐད་ཆ་དེ་དྲན་ཡོང་བ་དང་། སྔར་གྱི་ངོ་ཚ་དེ་རེ་ཞིག་མ་ཡལ་སོང་ལ། སེམས་པ་བདེ་ལ་བབས་སོང་བ་མ་ཟད་དགོད་རྒྱུ་ཞིག་ཀྱང་དབང་མེད་དུ་ཐོན་ཡོང་། ངོ་མ་བདེན་འདུག ས་ཕྱོགས་ཆ་མེད་འདི་འདྲ་ཞིག་ནས་སུ་ཞིག་གིས་ང་ཚོར་མཉམ་འཇོག་བྱེད་སྲིད། གནས་འདི་ནས་ང་ཚོས་ཀི་འདོད་ན་ཀི་བཏབ་ཆོག་པ་རེད། མི་ཆ་མེད་འདི་ཚོས་འུ་ཅག་གི་ཀི་འདེབས་པ་དེའང་ཕལ་ཆེར་རིག་གནས་ཤིག་ཡིན་སྲིད་སྙམ་ནས་ཞིབ་འཇུག་ཁང་ཞིག་འཛུགས་ཀྱང་སྲིད། དངོས་གནས་ངོ་ཤེས་ཟེར་བ་ཞིག་མེད་ཚེ་ང་ཚོས་ངོ་ཚ་ཟེར་བ་དེའང་དོར་ཆོག་པ་འདྲ། ནམ་རྒྱུན་དོན་དག་ཞིག་གིས་མི་ཚོགས་ཀྱི་ཁྲོད་དུ་དོགས་མི་བདེ་བ་བྱུང་ཚེ། ཡར་བལྟ་མར་བལྟ་ཞིག་བྱེད་དུས་ངོ་གདོང་ཆ་ཡོད་རེ་མིག་ལམ་དུ་མ་ཐོན་ན་སེམས་ཡང་ཅུང་བདེ་ལ་བབས་འགྲོ འདི་ལྟར་འཚོ་བ་འདིས་ང་ལ་ད་དུང་ཅི་ཞིག་གི་སློང་མོ་བྱེད་པ་ཇི་བཞིན། ངས་སྔས་འགྲམ་གྱི་དུ་རྐང་དེ་དག་ཇེ་ཉུང་དུ་འགྲོ་བཞིན་པ་དང་འདྲ་བར། ང་ལ་སྔོན་ཆད་ཡོད་པ་དེ་དག་འཛུམ་དམུལ་ཙམ་དམུལ་ཙམ་གྱིས་འཁྱེར་གྱིན་འདུག ང་ནི་སྟོང་བར་ལུས་ཀྱང་གྲུ་བཞི་གླིང་བཞིར་ཡོད་པའི་དུ་སྒམ་དེ་དང་གཅིག་མཚུངས་སུ་གནས་བ་མ་འོངས་ཤིག་ལ་ཁྱོད་ཀྱིས་མཐོང་ངེས། ད་དེ་བསྐྱུར་ཞོག གྲོང་ཁྱེར་འདིར་སླེབས་པ་ནས་བཟུང་ང་བྲེལ་ཟིང་ཇེ་ཆེ་ནས་ཇེ་ཆེ་རེད། ནམ་ཡང་བསམ་གཞིགས་འདི་འདྲ་ཞིག་གི་རྒྱུན་བཏང་མ་མྱོང་། འདི་སེམས་ཚེགས་ཡིན་ཡང་ཆོག་ལ་བསམ་གཞིགས་ཟེར་ཡང་ཆོག་པར་སྣང་། རྒྱུ་མཚན་ནི་ངས་བསམ་པར་དེ་གཉིས་ཀྱི་ཆ་ཡོད་པར་འདོད། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དང་བསྡུར་ཐབས་མེད་ན་ཡང་ང་རང་ཉིད་ལ་མཚོན་ན་འདང་རྒྱག་འདི་རིགས་ནི་ཉི་མ་རེ་རེའི་ལས་བྱ་ལྟ་བུ་ཞིག་ཏུ་གྱུར་ཡོད། ད་ལྟ་མཚམས་བཞག་མེད་ལ་རྗེས་སོར་ཡང་རྒྱུན་འཁྱོངས་བྱེད་སྲིད་པ་འདྲ།
ཁོ་རྗེས་མར་འགྱོད་པ་སྐྱེས་ཐག་ཆོད་ཡིན། མ་མཐའ་ཡང་དགོངས་དག་ཐེངས་འགའ་མ་ཞུས་ན་ངས་ཁོ་བོ་གུ་ཡང་དུ་གཏོང་མི་སྲིད། འོན་ཀྱང་། དེ་རིང་ངས་ཁོ་ལ་ཁ་པར་ཞིག་བཏང་ནས་ངའི་སེམས་ཚེགས་དེ་དག་དང་མིག་སྔའི་ཁོའི་གནས་སྟངས་བཤད་དགོས། གལ་ཏེ་ཁ་པར་ལས་ངེད་གཉིས་ཀྱིས་ཁ་འཛིང་ཞིག་བྱེད་དགོས་ཚེ། ད་མ་འགྲིག་ནི་རེད། དེ་དུས་ངས་རང་གི་ཁོང་ཁྲོ་གནོན་ཐུབ་མི་སྲིད་ལ། ངེད་གཉིས་ཁ་བསྲེ་མེད་པའི་གནས་སུ་གྱར་ཡང་སྲིད། ད་ཅི་འབྱུང་ན་འབྱུང་དུ་ཆུག ངས་དོ་དགོང་ཁོར་ཁ་པར་ཞིག་ངེས་པར་དུ་གཏོང་རྒྱུ་ཡིན། འོ། ང་ཚོམས་ཁང་གི་རྩར་སླེབས་འདུག
རླུང་བུ་ཞིག་སླར་ཡང་ལྡང་ཡོང་བ་དང་། ད་ཐེངས་ལོ་མ་ཞིག་ངའི་ཁ་ངོར་སྦྱར་མ་སོང་ལ། མིག་མདུན་གྱི་སྡོང་བོ་འདི་ནི་ཕལ་ཆེར་སྲུང་སྐྱོབ་བྱེད་དགོས་པའི་ཤིང་རིགས་ཤིག་ཡིན་པ་འདྲ། ལྕགས་ཀྱི་ར་བསྐོར་དེའི་ནང་དུ་སྟེང་ལ་བཀལ་བྱང་ལེབ་མོ་དམར་པོ་ཞིག་བཏགས་འདུག འདི་མཐོང་དུས་ངའི་ཡིད་ལ་ཕ་ཡུལ་གྱི་རང་ཁྱིམ་ན་བཞག་ཡོད་པའི་དུམ་པ་དེ་འཁོར་བྱུང་། དེ་ཤེལ་སྒམ་ཕྱི་གསལ་ནང་གསལ་ཞིག་གི་ནང་དུ་བཀུར་ཡོད་པ་དང་། ངེད་ཕུ་ནུ་དག་ལས་སུས་ཀྱང་དེའི་ནང་གི་དངོས་ཟོག་གྲུ་བཞི་དེའི་གདོང་དངོས་མཐོང་མྱོང་མེད་ལ། ཨ་ཕ་ཁོ་ནས་མཐོང་ཡོད་ཀྱང་སྲིད་མོད། དེ་ཇི་ཡིན་ང་ཚོར་ཞིབ་ཏུ་བཤད་མ་མྱོང་། ད་དེ་ན་ཅི་ཡོད་ན་ཡོད་དུ་ཆུག གང་ལྟར་སྡོང་རྒན་འདི་དང་འདྲ་བར་དུམ་པ་དེ་ཡང་སྲུང་སྐྱོབ་དངོས་པོ་ཞིག་ཡིན་པ་གཅིག་མཚུངས་རེད་མོད། མི་འདྲ་ས་ཞིག་ཡོད་པ་ནི་ངེད་ཚང་གི་དུམ་པ་དེར་བཀལ་བྱང་ལེབ་མོ་དམར་པོ་ཞིག་གིས་མི་འདང་པ་དེ་ཙམ་མོ། རླུང་གཡུགས་ཀྱིན་གཡུགས་ཀྱིན་ངའི་ལྡང་སེམས་དེའང་རིམ་བཞིན་ཞུ་སོང་བ་དང་། དོ་དགོང་ངས་ཁོར་ཇི་ལྟར་བཤད། ཐད་ཀར་དུ་རང་ཉིད་ཀྱིས་ཁོའི་དོན་དག་འདིར་བཟུང་བའི་ལངས་ཕྱོགས་བསྟན་པ་ཡིན་ན་ཁོས་རྣམ་འགྱུར་ཇི་ལྟ་བུ་ཞིག་སྟོན་ནམ། སྔོན་ཆད་ཡིན་ན་ཁོས་ངས་བཤད་པ་ཞིག་ཡིན་ཕྱིན་དང་ལེན་བྱེད་ཁོ་ཐག་ཡིན་མོད། ད་སོ་སོར་ཁ་གྱེས་ནས་ལོ་གཅིག་ལྷག་འགོར་སོང་བས་ཁོ་འགྱུར་ཡོད་དམ། ཇི་ལྟ་བུ་ཞིག་ཏུ་འགྱུར་ཡོད་དམ། དོན་དག་འདིར་བལྟས་ན་ཁོའི་འགྱུར་ལྡོག་སྤྱིར་བཏང་བ་ཞིག་མ་རེད། ཕལ་ཆེར་ངེད་གཉིས་ལ་ཐུན་མོང་གི་ལབ་གླེང་ཞིག་ཡོད་རྒྱུ་མ་རེད། གལ་ཏེ་དགོང་མོ་དེར་ང་གང་ལའང་སོང་མེད་པར་ཁོ་དང་མཉམ་པོར་ཁ་བརྡ་ཞིག་བྱས་ཡོད་ན། དོན་དག་འདིའི་ཚད་དུ་འགྲོ་མི་སྲིད། མ་རེད། དེ་ངའི་འགན་འཁུར་མིན། དེ་ང་དང་འབྲལ་བ་མེད། འདི་ཚང་མ་ཁོའི་ལས་དབང་རེད།
ང་ད་དུང་ཚོམས་ཁང་གི་མདུན་ན་ཅི་བྱ་གཏོལ་བྲལ་དུ་ལུས་ཡོད་པ་དང་། ད་དུང་དཔེ་མཛོད་ཁང་དུ་སླེབས་པར་ལམ་ཐག་ཕྱེད་ཀ་ཙམ་ཞིག་ལྷག་འདུག གྲོང་ཁྱེར་འདིའི་སྟོན་ཀ་ངོ་མ་སྐྱིད་པོ་ཞིག་མ་རེད། ངས་འབྲས་དུས་སུ་བརྗོད་པའི་དུས་ཚིགས་འདིས་ཅི་ཞིག་གི་འབྲས་བཟང་ཁྱེར་ཡོང་བའང་མ་ཚོར་ལ། དབྱར་ཁ་དང་དགུན་ཁའི་བར་དུ་སྡོང་ལོ་དེ་དག་ས་ལ་ལྷུང་བ་མིན་ན། དུས་ཚིགས་འདི་འདྲ་ཞིག་ཡོད་པའང་གཏིང་ཚོར་མ་ཐུབ། གང་ལྟར། སྟོན་ཀ་སླེབས་ནས་བུད་སོང་ལ། ཁོ་ཡང་དེ་ལྟར་ཡོང་ནས་དེ་ལྟར་གྱུར་སོང་། མི་ཞིག་གི་མི་ཚེ་ནི་རིང་བསམ་ན་ཆུ་རྒྱུན་ཞིག་དང་འདྲ་ལ། ཐུང་ཟེར་ན་གཅིན་པ་ས་ལ་འཐིམས་པའི་བར་སྐབས་དེ་ཙམ་ལས་མ་འདས། དེའི་ཁ་དོག་དང་མང་ཉུང་། སྟུག་ཚད་སོགས་ནི་དེ་ལྟ་བུ་ཞིག་ལས་མི་འདའ་བ་དང་། མཐོ་དམན་གྱི་ཁྱད་དབང་གཅིག་ཀྱང་མེད་པར། ནམ་ཞིག་འབབ་རྒྱུན་ཆད་འགྲོ་ལ་ནམ་ཞིག་འབབ་རྒྱུན་སླར་ཡང་མཐུད་ཡོང་ངེས། བཀལ་བྱང་ལེབ་མོའི་རྣ་རྒྱན་ཅན་གྱི་སྡོང་རྒན་དེ་རླུང་ལྡོམ་གྱི་མདུན་ན་བརྗིད་ཆགས་གེར་འདུག་པ་ལ་བལྟས་ན། རང་ཉིད་ཀྱང་གང་ཞིག་ནས་དེ་ལྟར་ལངས་དགོས་པའི་བསམ་རྒྱུ་ཞིག་ཡང་ཡང་འཁོར་བྱུང་ལ། རླུང་བུ་མུ་མཐུད་དུ་ལྡང་།
དོན་དུ་ཁོས་འདི་ལྟར་སྒྲུབ་པ་ལ་ཁེག་མེད་པ་ཡང་འདྲ་མོད། ཞིབ་དུ་བསམ་མནོ་ཞིག་བཏང་ན་དེ་ཡང་ཁ་གཡར་ས་ཙམ་ལས་མ་འདས། ཁོས་བཤད་པ་དེ་ལྟར་སུས་ཀྱང་འདོད་མི་སྲིད་པ་དང་། ཐ་ན་ངས་ཀྱང་གུ་ཡང་གཏོང་ཐབས་བྲལ་བས། ཁོ་དངོས་གནས་ཁེར་རྐྱང་དུ་ལྷག་འདུག
སྡོང་རྒན་དེའི་ཡལ་གའི་སྟེང་དུ་གར་ཡོང་མི་ཤེས་པའི་བྱེའུ་ཆུང་ཞིག་བབས་འདུག་ལ། མཐའ་སྐོར་གྱི་ཡུལ་ལྗོངས་ལས་དེ་ཁོ་ནར་ཚེ་སྲོག་གིས་གསོན་ཡོད་པའི་སྣང་བ་ཞིག་ཤར་ཡོང་བ་དང་། ངས་ཀྱང་ཡོད་ཚད་ལ་རེ་ཞིག་མཚམས་བཞག་ནས། རྒྱུགས་མ་འདུར་གྱིས་དཔེ་མཛོད་ཁང་གི་ཕྱོགས་སུ་སོང་བ་ཡིན། ( དཔེ་དེབ་ནི་མིའི་རིགས་ཀྱི་རིག་གནས་ཀྱི་ཉིང་བཅུད་ཡིན་པས་ན་དཔེ་དེབ་ཀྱིས་ང་ལ་ལྷིང་འཇགས་རིགས་ཤིག་བསྩོལ་བར་མཁྱེན། )
གནམ་ངོ་རབ་རིབ་ཏུ་མཐོང་ཞིང་སྨྲ་བསམ་བརྗོད་འདས་ཀྱི་གྲང་རླུང་ཞིག་གིས་ལུས་སེམས་གཉིས་ཀར་གཙེས་ཡོང་།
རྩོམ་ཁུངས། ངེད་དྲ་བ།