སློབ་གྲོགས་ཚོ། བདེ་མོ་བྱོས།
དེ་རིང་། ངའི་སློབ་བུ་ཚོ་སློབ་ཆུང་གི་འཚོ་བ་དང་བྲལ་བའི་ཆེས་མཇུག་མཐའི་ཉིན་མོ་ཡིན་ལ། དེ་རིང་ངའི་སློབ་བུ་ཚོ། ཆེས་སྐྱིད་སྣང་ལྡན་པའི་ཉིན་མོ་ཞིག་དང་། ཆེས་རང་དབང་ལྡན་པའི་ཉིན་མོ་ཞིག དགེ་སློབ་གཉིས་འདྲ་མཉམ་ཡིན་པའི་ཉིན་མོ་ཞིག་དང་། མི་ཚེ་འདིའི་ཆེས་མཇུག་མཐའི་ལོ་ཆུང་བྱིས་པའི་ལྷན་འཛོམས་དང་། མི་ཚེ་འདིར་བརྗེད་པར་དཀའ་བའི་བྱིས་དུས་ཀྱི་ལོ་ཟླའི་ཉིན་མོ་ཞིག་ཡིན་པས། ངས་ཀྱང་མི་ལོ་བཞི་བཅུའི་ཐེམ་སྐས་ལ་འབུད་པའི་དེ་རིང་གི་དུས་འདིར་ལོ་ཆུང་བྱིས་པ་འདི་དག་དང་མཉམ་དུ་ཡང་བསྐྱར་བྱིས་དུས་ཀྱི་ལོ་ཟླ་ཞིག་ལ་ཕྱིར་དྲན་དང་བྱིས་དུས་ཀྱི་ལོ་ཟླ་མང་པོ་ཞིག་དྲན་ཡུལ་དུ་འཁོར།
དེ་རིང་། དབྱར་ཟླ་ཞིག་གི་དུས་ཚིགས་ལོངས་སུ་སྤྱད་དེ། སྙིང་ཉེ་བའི་སློབ་བུ་འདི་དག་དང་མཉམ་དུ། སེམས་གཏམ་དང་སྨྲེང་གཏམ་འདྲེས་མའི་ལབ་གླེང་གི་ཁྲོད་ནས། སློབ་བུ་ཚོ་སློབ་ཁང་ཕྱི་ནང་གི་བྱིས་པ་དེ་དག་དང་མི་འདྲ་བར། ཁོ་ཚོ་རང་རང་གི་རང་གཤིས་དང་བྱ་སྤྱོད། ཁོ་ཚོ་རང་རང་གི་ལྟ་ཚུལ་དང་སེམས་གཏམ་བརྗོད་རྒྱུ་ཡོད་པས། སློབ་བུ་ཚོར་ཁོ་ཚོའི་སེམས་ཁམས་དང་མཐུན་པའི་ཁོར་ཡུག་དང་རང་དབང་མཁོ་བ་ནི་ངའི་དེ་རིང་གཞི་ནས་རྟོགས་སོང་། སློབ་བུ་ཚོར་རང་རང་གི་འཇོན་ཐང་དང་རང་གཤིས་འགྱུར་མེད་ཅིག་ཡོད་པའང་ཤེས་སོང་།
སློབ་བུ་ཚོའི་སེམས་ཁམས་དང་ངང་རྒྱུད་གནའ་ནས་སྨིན་ཡོད་པས། ང་ཚོའི་སྒེར་གཅོད་དང་ཨུ་ཚུགས་ཀྱིས་སློབ་བུ་ཚོའི་སེམས་ཁམས་ལ་རྨ་ཁར་བཟོ་མི་ཉན་པ་རེད། སློབ་བུ་ཚོའི་ངང་རྒྱུད་དང་གཞུང་དྲང་གི་སེམས་པ་རི་ལས་བརྟན་པས། ང་ཚོའི་དམའ་འབེབས་དང་འཕྱ་དམོད་ཀྱི་གནམ་ལྕགས་ཐོག་མདས་སློབ་བུ་ཚོའི་གཞུང་བཟང་གི་གཤིས་རྒྱུད་ལ་བཅོམ་བརླག་གཏོང་མི་ཉན་པ་རེད། སློབ་བུ་ཚོ་དུས་དེ་རིང་ཁྱོད་ཚོར་གཤོག་རྩལ་རྒྱས་ཏེ། སློབ་ཆུང་གི་འཚོ་བའི་མཁའ་དབྱིངས་ནས་འཕུར་ལ་རན་པས། ངས་སྐྱོ་ལྷང་ལྷང་གི་ཡིད་འགྱུ་གང་མང་སེམས་ཁོང་དུ་སྦས་ཏེ། དལ་ཅག་ཅག་གིས་ཁྱོད་ཚོར་སྐྱེལ་མ་ཞུ་ན་འདོད། འདུས་མཐར་འབྲལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། ང་ཚོའང་ལས་དབང་དང་རེ་སྨོན་ཁྲི་ཕྲག་གི་རླུང་རྟའི་ཁྲོད་ནས། དུས་ཚིགས་ཤིག་གི་འགྱུར་ཚུལ་དང་བསྟུན་ནས། འཚོ་བ་ཞིག་གི་ཁ་དོག་ལ་ཚོན་མདོག་སྣ་ལྔའི་རི་མོ་བྲིས་ཏེ། ལག་གདེང་དམ་པོའི་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས། མ་འོངས་འབྱུང་འགྱུར་གྱི་ལམ་ཆེན་རིང་མོའི་འགྲུལ་བཞུད་སྟེང་དུ་གོམ་སྟབས་ཆེན་པོའི་སྤོ་མཁན་གྱི་དུས་རབས་གསར་བའི་དཔུང་སྡེ་གསར་བ་ཞིག་གི་འགན་ཁུར་དང་སྤོབས་པ་ཕྲག་ཏུ་བཞེས་ནས་བསྐྱོད་དགོས།
སློབ་བུ་ཚོ། བདེ་མོ་བྱོས། མི་ཚེ་གཅིག་གི་སློབ་ཆུང་འཚོ་བ་མཇུག་རྫོགས་ཟིན་པས། ཕྱིར་དྲན་དང་འདས་སོང་ལ་ཕྱིར་མིག་ལྟ་བཞིན། བྱིས་དུས་ཀྱི་ལོ་ཟླ་ནི་རྨི་ལམ་ཞིག་ཡིན་པ་འདྲ་བའི་རྟོག་བཏགས་ཀྱི་འདུ་འཛིའི་ཁྲོད་ནས། བྱིས་པའི་ལོ་ཟླ་ནི་སེམས་ཁུར་དང་སྡུག་ཡུས་མེད་པས་བརྗེད་པར་དཀའ་བའི་ཕྱིར་རྟོག་གི་དྲན་ཤིང་རིང་མོ་ཞིག་མ་ཡིན་ནམ། དེར་བརྟེན་བྱིས་དུས་ཀྱི་ལོ་ཟླ་རིང་མོའི་རྨི་ལམ་ལ་མཇུག་བྱང་འགོད་བཞིན་ན་ཆུང་གཞོན་ནུའི་ལོ་ཟླའི་གོ་རིམ་དུ་གོམ་བགྲོད་བྱས་ཏེ། འཚོ་བའི་ནང་སྙིང་གི་ཁ་དོག་ངོ་མ་བཙལ་བའི་སྡུག་བསྔལ་ཞིག་གི་ནང་སྙིང་སྔོག་འདོན་བྱེད་དགོས་པའི་སྟ་གོན་བྱས་ཟིན་པས། ཀྱག་ཀྱོག་དང་ཟང་ཟིང་གི་འཚོ་བའི་ཀློང་ནས། ཡིད་ཆད་དང་སེམས་ཕམ། བློ་འགྱོད་ཡེ་ནས་མི་སྐྱེ་བར་འཚོ་བའི་གདོང་གཏུགས་ལ་ཁ་གཏད་དེ། མུ་མཐུད་དུ་ལོ་ཟླ་ཞིག་གི་གཟུང་ཐག་ལ་དམ་པོར་འཇུས་ཏེ་འཚོ་བའི་འཇིངས་སུ་ཐིམ་དུ་འཇུག་འདོད་ཀྱི་བློ་སྤོབས་ཡང་ཡང་སྐྱེ་དགོས་སོ།།
རྩོམ་ཁུངས། ངེད་དྲ་བ།