ཨ་མའི་མར་སྒམ་ནང་གི་ཀ་ར།

  དེ་སྔོན་ཕྱིར་དྲན་གྱི་སྒོ་མོ་རྨི་ལམ་དུ་འབྱེད་ཉིན་ནས།དྲེའུ་ཆད་ལུང་བའི་མངལ་ཁས་བཙས་ཏེ་གངས་ཁྱིམ་ལ་གོམ་པ་སྤོ་བའི་ཚུལ་ཙམ་གླེང་ན་འདོད།
  རྦབ་ཆུ་བཞིན་བརྡོལ་བའི་ཆུ་ཚོད་ཀྱི་བཞུར་རྒྱུན་དང་བསྡོངས་ནས་ཁོ་བོའང་སྤང་གི་མེ་ཏོག་འཐུ་ཞོར་དང་དགོ་དགོ་འབྲི་མོའི་འོ་མ་འཐུང་ཞོར་དུ་དཔལ་སྡེ་རིང་མོའི་མཚར་སྡུག་གི་གནས་མཆོག་རེ་རེ་ནས་རིམ་གྱིས་ལང་ཚོའི་མྱུ་གུ་འབུས། འཚར་ལོངས་འབྱུང་བ་ནི་མི་ཚེ་ཡི་གོ་རིམ་ཞིག་སྟེ། སྲོག་ཐོགས་པ་ཞིག་གི་བརྒྱུད་རིམ་རེད་ཅེས་བཤད་ཀྱང་མི་ཆོག་པ་མི་འདུག གང་ལྟར་འདིར་ཆེས་བརྗོད་ན་འདོད་པ་ནི་ཡངས་བའི་སྤང་ལྗོངས་དང་། འབྲོག་སྡེ་ཕྱུགས་མོ། རུ་སྡེ་ཁྲ་མོ་སོགས་གང་ཡང་མིན་ལ། དེ་ནི་ཕྱིར་དྲན་གྱི་རྨི་ལམ་རིང་མོ་ཞིག་སྟེ། ང་དང་ཨ་མའི་འཚོ་གཞིས་དྭངས་མོའི་དྲོད་ཁོལ་ཡིན།
  རང་ལོ་ལྔ་དྲུག་ཙམ་གྱི་ཡས་མས་སུ་ཁོ་བོ་ནི་གཤིས་རྒྱུད་གྱོང་བོ་ཅན་གྱི་བྱིས་པ་ཞིག་ཡིན་པས། ནམ་རྒྱུན་ཨ་མའི་བེའུ་རྫི་དང་མ་རྫི། ད་དུང་ཁྱིམ་མཚེས་ཚང་ལ་ཅ་ལག་རེ་ལེན་དུ་མངགས་ཚེ། མ་མི་འགྲོ་ངས་དཀའ་ང་སྡུག་གི་གཅེས་ལངས་དུ་ཤོར་བའི་གཏམ་སྣ་ཚོགས་བཤད་ནས་མི་འགྲོ་བས། དུས་རྒྱུན་ཕུ་བོ་འགྲོ་རུ་བཅུག དོན་དངོས་སུ་ཕུ་བོའང་རང་ལས་ལོ་གཅིག་ཙམ་ལས་མི་ཆེ་བ་མ་ཟད། ཆུང་དུས་སུ་བཤགས་བཅོས་ཐེངས་ཅིག་བྱས་སོང་བས། ལུས་ཟུངས་ཀྱང་ཧ་ཅང་ཞན། ཡིན་ནའང་དེ་དག་ལ་འདང་ཞིག་རྒྱག་ག་ལ་ཤེས། ནམ་རྒྱུན་རང་བློ་མི་འབབ་པའི་དོན་ཅིག་བྱུང་ཚེ་རྐང་བས་ས་ལ་རྒྱབ་ནས་ངུ་འབོད་བྱས་པ་མ་ཟད། ཨ་ཕ་ལ་ཨ་མའི་ང་ལ་གཤེ་གཤེ་གཏང་སོང་དང་ཕུ་བོས་གཅར་རྡུང་བྱས་སོང་ཞེས་བཤད། འདི་ནི་བྱིས་པ་ལངས་ཤོར་ཞིག་གི་འགྲོ་འདུག་ལས་གཞན་ཅི།
  ཉིན་ཞིག་ཉི་མ་ནུབ་ཕྱོགས་ནས་ཤར་ཏེ་བེའུ་རྫི་ལ་ཐེངས་ཅིག་སོང་བས་ཨ་མའི་ང་ལ་ཀ་ར་ཞིག་གླ་ལ་བྱིན། དེ་ནས་བཟུང་ང་རང་གང་ལ་མངགས་ན་དེ་ལ་སོང་ཚེ། ཨ་མའི་ང་ལ་ཀ་ར་ཞིག་གླ་ལ་སྟེར་ངེས། འབྲོག་ཁུལ་གྱི་བྱིས་པ་ཚོའི་གྲལ་ན་ཀ་ར་ལ་མི་དགའ་བ་ཞིག་གང་ན་ཡོད་དེ། ངའང་དེ་ལས་མ་འདས། དེ་ལྟར་ཀ་ར་བཟའ་ཕྱིར་ཨ་མའི་ཁའང་ལེན་ཐུབ་སོང་མོད། འོན་ཏེ་ཨ་མའི་སྦྱིན་པའི་ཀ་ར་དེ་གང་དུ་སྦས་ཡོད་པ་ངས་ཡུན་རིང་ཞིག་ལ་མ་ཚོར། ཉིན་ཞིག་ང་ལ་ཀ་ར་སྟེར་སྐབས་མར་སྒམ་ནས་ལེན་བཞིན་པ་དངོས་སུ་མཐོང་བས། ད་བཟོད་ཀ་ར་དེ་གང་ན་ཡོད་པ་གཞི་ནས་ཤེས། མར་སྒམ་དུ་ཡོད་པ་ཤེས་ཉིན་ནས། ཐེངས་འགར་ཨ་མ་མེད་ཤུལ་ནས་རང་གིས་ལངས་དེ་ངའི་ལག་ལ་ཀ་ར་ཞིག་རྙེད་བྱུང་ཞེས་བཤད་ཚེ། ཨ་མ་དགོད་ཞོར་དུ་གང་ནས་རྙེད་བྱུང་ཞེས་འདྲི་ངེས། ངས་འུ་ཚང་གི་ཐབས་ཁུང་དུ་རྙེད་ཅེས་ལན་བཏབ་པས་ཨ་མ་དགོད་ཞོར་དུ་ང་ལ་འོ་རེ་བྱེད་པ་ཀ་ར་ལས་ཞིམ་ལ་ངས་ད་དུང་ཡང་བརྗེད་ཐབས་དབེན། ཀ་ར་དེ་ཁ་ལ་ཞིམ་པ་ཙམ་དུ་མ་ཟད་ངའི་མི་གཤིས་ཀྱང་ཡ་རབས་ཚུལ་ལྡན་ཞིག་ཏུ་བསྐྲུན། མཚམས་ལན་རེར་གླ་མེད་ནའང་རྫི་ལ་འགྲོ་ཐུབ་པ་བྱུང་བས། དེ་ནས་རིམ་གྱིས་ང་རང་ཀ་ར་མི་དགོས་པའི་བེའུ་རྫི་ཆུང་ཆུང་ཞིག་ཏུ་འགྱུར་ཐུབ་སོང་།
  འདི་ནི་ང་ལ་མཚོན་ན་མི་ཚེ་ཡི་ཁྲོད་དུ་བརྗེད་ཐབས་དབེན་པའི་བྱ་བཞག་ཅིག་སྟེ། ཕྱིར་དྲན་གྱི་སྒོ་མོ་འབྱེད་ཐེངས་རེར་རང་སེམས་སྐྱ་རེངས་དང་བསྡོངས་ནས་མཁའ་དབྱིངས་སུ་འཐིམ་འགྲོ། བྱིས་དུས་ཀྱི་ལང་ཚོ་ནི་གསར་དུ་འབུས་པའི་མྱུ་གུ་ཞིག་སྟེ། ཆེས་མཛེས་མཉམ་དོད་སའི་བར་མཚམས་ཤིག་ཡིན་པ་མ་ཟད། ཆེས་རང་སྣང་སྐྱིད་པའི་དུས་ཤིག་ཀྱང་རེད། ང་རང་བྱིས་དུས་ཀྱི་ལང་ཚོ་ལ་དགའ་དོན་འདང་རྒྱག་ཅི་ཡང་མེད་པས་ཡིད་སེམས་སྤྲོ་བ་རྐྱང་རྐྱང་ཙམ་གྱི་དོན་དུ་མ་ཡིན་པར། བདེ་ཐང་གི་རྣམ་ཤེས་དང་ལྷད་མེད་ཀྱི་བརྩེ་སེམས། བརྗེད་བྲལ་གྱི་རྨི་ལམ་རིང་མོ་ཞིག་བྱིས་པའི་དུས་ཀྱི་ཚེ་སྲོག་གི་དབུགས་རྒྱུན་ན་བཀྲ་བས་ང་རང་བྱིས་དུས་ལ་དགའ་ཞིང་བྱིས་དུས་ལ་དུངས་སོ།།

  ས་གནས།ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་།  ༢༠༡༤ལོའི་ཟླ༥བའི་ཚེས་༩ཉིན་དཔེ་ཁང་དུ་ཕྱིར་དྲན་གྱི་སྒོ་མོ་ཕྱེ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མའི་མར་སྒམ་ནང་གི་ཀ་ར།

2015-04-06 གཙང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།